གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་དུ་བོད་ཀྱི་གསོ་རིག་དང་འབྲེལ་བའི་བསྐུ་མཉེ་དང་མཛེས་བཟོ། ཆུ་རྡོ་དང་ཆུ་ཚན་གྱི་རླངས་ཁྲུས་ཁང་སོགས་མིའི་གཟུགས་ཁམས་བདེ་ཐང་གསོ་ཐབས་ཀྱི་ཞབས་ཞུ་སྣ་ཚོགས་ཡོད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་དྷ་ས་མེག་གྷན་པོ་ཏཱ་ལ་གཞུང་ལམ་འགྲམ་རྒྱུད་དུ“གངས་ལྗོངས་བདེ་ཐང་ལྟེ་གནས་ཁང”ཞེས་པ་ཞིག་གསར་འཛུགས་དབུ་འབྱེད་གནས་སོང་ལ། སྐུ་མགྲོན་གཙོ་བོར་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་གཉིས་གཙོས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་ཕེབས་འདུག
མཛད་སྒོའི་ཐོག་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས། གཅིག་ནས་ད་ལྟ་ང་ཚོར་ལས་རིགས་ལྟེ་གནས་ཁང་དེ་འདྲ་མང་པོ་དགོས་མཁོར་གྱུར་ཡོད་པ་དང་། ང་ཚོས་ལས་རིགས་ལྟེ་གནས་ཁང་དེ་འདྲ་མང་པོ་གསར་འཛུགས་ཐུབ་པ་ཡིན་ན། བཙན་བྱོལ་བོད་མི་མང་པོར་ལས་ཀ་རག་ཐུབ་པ་མ་ཟད། ལས་རིགས་ལྟེ་གནས་ཁང་དེ་དག་ཡར་རྒྱས་གོང་འཕེལ་ཕྱིན་པ་དང་། བཙན་བྱོལ་བོད་མིའི་འཚོ་གནས་དང་འཕྲོད་བསྟེན་ལ་ཕན་ཐོགས་ཡོང་བ་དང་། དེ་བཞིན་ལས་རིགས་ལྟེ་གནས་ཁང་དེ་དག་ནང་ལག་ཤེས་སློབ་སྦྱོང་གི་གོ་སྐབས་སྤྲད་དེ། ལག་ཤེས་པ་མང་པོ་སྐྱེད་སྲིང་ཐུབ་པ་ཡིན་ན། མ་འོངས་པར་བཙན་བྱོལ་མིའི་ལག་ཤེས་པ་ཚོ་ས་གནས་ས་ཕྱོགས་གང་དུ་ཕྱིན་ཡང་། སྤྱི་ཚོགས་དེའི་ལས་སྒོར་ཞུགས་ཏེ་ཞབས་ཞུ་བསྒྲུབ་ཆོག་པ་དང་། གཉིས་ནས་གལ་འགངས་ཆེས་ཤོས་དེ་ང་ཚོས་ལས་རིགས་ལྟེ་གནས་ཁང་དེ་འདྲ་བཙུགས་རྗེས། ལྟེ་གནས་ཁང་དེ་རྒྱུན་འཁྱོངས་ཡོང་བར་བསམ་བློ་གཏོང་དགོས་པ་དང་། དེ་ལྟར་རྒྱུན་འཁྱོངས་ཡོང་ཐབས་སུ། ཚོང་པའི་མིང་དང་ངོ་ཐོག་ནས་མ་ཡིན་པར། ལས་རིགས་ལྟེ་གནས་ཁང་དེའི་མིང་བྱང་གི་ཐོག་ནས་ཁྲོམ་ར་བཟོས་ཏེ་ཁེ་ལས་གཉེར་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གལ་ཏེ་ལས་རིགས་ལྟེ་གནས་ཁང་གི་མིང་བྱང་གི་ཐོག་ནས་ཁེ་ལས་གཉེར་བ་དང་ཁྲོམ་ར་བཟོ་ཐུབ་པ་ཡིན་ན། ང་ཚོའི་ལས་རིགས་ལྟེ་གནས་ཁང་དེ་འཛིན་སྐྱོང་དོ་དམ་བྱེད་མཁན་སུ་ཡིན་ནའང་། ལྟེ་གནས་ཁང་དེ་མ་འོངས་པར་མུ་མཐུད་རྒྱུན་སྐྱོང་ཚགས་ཚུད་ཡོང་གི་ཡོད་སྐོར་བརྗོད་སོང་།
མཇུག་ཏུ་གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཚང་དབྱངས་རྒྱ་མཚོ་ལགས་ཀྱིས། གསར་འགོད་པར་གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་གི་ལས་རིགས་དང་ལས་མི་སོགས་ངོ་སྤྲོད་གནང་དོན། གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་ནི་བསྐུ་མཉེ་དང་མཛེས་སྤྲས། རླངས་ཁྲུས་བྱེད་ས་བཅས་མིའི་འཕྲོད་བསྟེན་དང་འབྲེལ་ཡོད་ཁེ་ལས་ལས་གཉེར་ཁང་ཞིག་ཡིན་ལ། ལས་གཉེར་ཁང་འདིར་ད་སྔ་ལས་བཟོ་བ་ཁྱོན་ ༨ ཡོད་པ་ཚང་མ་བོད་རིགས་ཡིན་ཞིང་། ཉེ་ལམ་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བོད་རིགས་གཞོན་སྐྱེས་ཚོར་ལག་ཤེས་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་མ་ཟད། དྷ་སྟེང་བོད་ཁྱིམ་སློབ་གྲྭས་ཀྱང་སློབ་ཕྲུག་ཚོར་འཕུར་མཉེ་དང་མཛེས་བཟོ་སོགས་ཀྱི་ལག་ཤེས་སྦྱོང་བརྡར་སྤྲོད་བཞིན་ཡོད་ནའང་། སློབ་མ་དེ་དག་སློབ་མཐར་ཕྱིན་རྗེས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁོ་ཚོའི་ལག་རྩལ་བཀོལ་སྤྱོད་བྱ་སའི་ལས་གནས་མཐུན་རྐྱེན་ཆ་ཚང་ཞིག་མེད་པས། ཁོ་ཚོས་སྦྱངས་ཟིན་པའི་ལག་ཤེས་དེ་དག་བེད་མེད་དུ་འགྱུར་བཞིན་པར་གཞིགས་ཏེ། གུས་པས་གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་འདི་གསར་འཛུགས་བྱས་ཏེ། ལས་གནས་ཆ་ཚང་ལ་བོད་རིགས་གཞོན་སྐྱེས་ཚོ་བསྡུ་ལེན་བྱས་ཡོད། ཅེས་བརྗོད་སོང་།
གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་དུ་ཁྱོན་ལས་རིགས་མི་འདྲ་བ་ ༤ ལྷག་ཡོད་པའི་དང་པོ། བོད་ཀྱི་གསོ་རིག་དང་འབྲེལ་བའི་བསྐུ་མཉེ་ཁང་གཉིས་དང་། དེང་དུས་ཀྱི་སྐྱེས་མའི་དར་སྲོལ་ཆེ་བའི་མཛེས་སྤྲས་ཁང་གཅིག དེ་བཞིན་སྐྱེས་པའི་སྐྲ་བཟོ་དང་འཕུར་མཉེ། གཞན་ཡང་ཆུ་རྡོ་དང་ཆུ་ཚན་སོགས་རྣམ་གྲངས་མི་འདྲ་བའི་རླངས་ཁྲུས་ཁང་བཅས་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།