རྩོམ་པ་པོ། ཀཱ་མེན་ཤམྦྷ་ལ།
སྒྱུར་བ་པོ། ཚེ་རིང་དོན་གྲུབ།
༡༩༦༢ ལོའི་རྒྱ་དཀར་ནག་བར་གྱི་དམག་འཁྲུག་སྐོར་གྱི་དོན་དངོས་ནི་ཆབ་སྲིད་ཀྱི་རིང་ལུགས་འཛིན་པ་དང་། གུ་ཡངས་རིང་ལུགས་པ། ནེའུ་རུའི་རིང་ལུགས་པ། སྤྱི་ཚོགས་རིང་ལུགས་པ། གཡོན་ཕྱོགས་པ། ཀོང་རི་སི་ཚོགས་པའི་དག་ཕུད་པ་བཅས་ཀྱིས་ང་ཚོའི་མདུན་དུ་སྦས་བསྐུངས་བྱས་ཡོད།
༡༩༦༢ ལོའི་རྒྱ་དཀར་ནག་བར་གྱི་དམག་འཁྲུག་ལ་འགན་འཁུར་ཡོད་མཁན་རྣམས་ནི་རྒྱ་གར་མི་དམངས་དང་། དམིགས་བསལ་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ལ། གཅིག་བྱས་ན་ཁོང་ཚོར་བཟོད་སྒོམ་ཡང་བྱེད་མི་སྲིད། དམག་འཁྲུག་དེ་ནི་རྒྱ་གར་ལ་ཕྱོགས་ཡོངས་ནས་ཕམ་ཉེས་ཤིག་ཆགས་ཡོད་ལ། ཕམ་ཉེས་དེ་ལ་དེང་གི་དུས་སུའང་རྒྱལ་ཞེན་ཅན་རྣམས་ཀྱིས་སྨྲེ་སྔགས་འདོན་བཞིན་ཡོད།
ཡང་སྐོར་བསྐྱར་སྐོར་དུ་གླེང་སློང་བྱེད་བཞིན་པའི་རང་དབང་འཐབ་རྩོད་ནང་གི་ནེའུ་རུ་དང་གྷན་དྷིའི་མཛད་རྗེས་སམ། ཡང་ན་ཡུ་རོབ་གླིང་གི་དམག་འཁྲུག་དང་བཙན་རྒྱལ་རིང་ལུགས་སྐོར་གྱི་ལེ་ཚན་ལས་གྲུབ་པའི་ཤིན་ཏུ་ནས་ཉོབ་སྣང་ཆེ་བའི་ལོ་རྒྱུས་ལ་སློབ་གཉེར་བྱས་ཏེ་འཚར་ལོངས་བྱུང་བའི་ང་ཚོ་ཕལ་ཆེ་བ་ནི་ད་ཆ་སྤྱི་ཚོགས་ཚན་རིག་གི་མིང་སྨོས་པ་ཙམ་གྱིས་སྤྲོ་སྣང་མེད་རྣམ་པ་ཞིག་ཏུ་འགྱུར་བཞིན་ཡོད། དེ་ནི་དོན་དངོས་ཐོག་རྒྱ་གར་ནང་ཐེངས་སྔ་རྗེས་སུ་བྱུང་བའི་ཀཱོང་རི་སི་སྲིད་གཞུང་གིས་མང་ཚོགས་ནས་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་དོགས་འདྲི་བྱེད་པ་འགོག་རྒྱུ་དང་། ལོ་རྒྱུས་དང་དེའི་ལེའུ་རྣམས་རང་ཉིད་ཀྱི་འདོད་མོས་ལྟར་བཅོས་སྒྲིག་དང་འཁྱོག་བཤད་བྱེད་པར་ཆེད་དུ་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད།
རྒྱ་གར་གྱི་ལོ་རྒྱུས་ལ་གཏོར་བཤིག་ཚབས་ཆེན་ནི་ཁ་ཆེ་དང་ཨིན་ཇིས་བཏང་བ་ཙམ་མ་ཡིན་པར། ད་དུང་གཡོ་ཟོལ་ཅན་གྱི་རང་དབང་གི་བསམ་བློ་བ་དང་། བཅོས་མའི་གུ་ཡངས་རིང་ལུགས་པ། དམར་ཤོག་རིང་ལུགས་པ་བཅས་ཀྱིས་གདུག་རྩུབ་ཅན་གྱི་དབང་སྒྱུར་བ་ཨ་རབ་དང་། ཨབ་གྷན། ཊར་ཀི་སོགས་ལ་གཟི་བརྗིད་མཚན་སྙན་གཏོད་དེ་ཆོས་འབྱུང་ལོ་རྒྱུས་ནག་གསུབ་བཏང་བའམ། ཡང་ན། འདས་པའི་བྱུང་བ་རྣམས་འགལ་འཛོལ་གྱི་སྒོ་ནས་གསལ་སྟོན་བྱེད་པ། ཡང་ན། དེ་ལས་ཚབས་ཆེ་བ་ནི་དེ་དག་ཅི་ཡང་གསལ་སྟོན་མ་བྱས་པ་བཅས་ཀྱི་སྒོ་ནས་ལོ་རྒྱུས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད།
༡༩༦༢ ལོའི་རྒྱ་དཀར་ནག་བར་གྱི་དམག་འཁྲུག་དེ་གསར་ཤོག་དང་བརྙན་འཕྲིན་གྱི་བརྒྱུད་ལམ་གཙོ་གྲས་དག་གིས་གླེང་སློང་བྱེད་པ་དཀོན་ཞིང་། ད་དུང་ཡང་ཤེས་ཡོན་སློབ་གསོའི་ཆ་ཤས་སུ་གྱུར་མེད་པའི་བྱུང་རབས་གལ་ཆེན་མང་དག་ཅིག་ཡོད་པའི་ནང་གི་གཅིག་ཆགས་ཡོད།
༡༩༦༢ ལོའི་དམག་འཁྲུག་གིས་བོད་རང་བཙན་གྱི་གོ་སྐབས་རྩ་གཏོར་བཏང་ཡོད་ལ། ཨེ་ཤ་ཡའི་ནང་གི་སྲིད་པའི་དཔལ་ཡོན་ཆེས་རྙིང་ཤོས་ལྡན་པའི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་དགྲ་བོ་བཟོས་ཡོད། དེ་བཞིན། རྒྱ་ནག་ནི་ཁ་ཆེའི་རྒྱལ་ཁབ་པ་ཀི་སི་ཐན་དང་འབྲེལ་ཐག་ཇེ་ཉེར་བཏང་སྟེ། རྒྱ་གར་ནང་དུ་སྲིད་བློན་ནེའུ་རུ་དང་དམར་ཤོག་ཚོགས་པའི་མདུན་ལམ་ལ་མཇུག་བསྡོམས་བརྒྱབ་ཡོད།
ང་ཚོ་རྒྱ་གར་བ་རྣམས་ནི་རྒྱ་ནག་གིས་ང་ཚོའི་སྟེང་དུ་ ༡༩༦༢ ལོའི་དམག་འཁྲུག་འགན་འཁུར་བསྐྱོན་མགྱོགས་ནའང་། ང་ཚོ་མང་དག་ཅིག་གིས་གཤམ་གསལ་གྱི་དྲི་བ་རྣམས་འདོན་མི་ཐུབ་པར་གནས་ཡོད།
ཐོག་མ་རྒྱ་ནག་དེ་རྒྱ་གར་ལ་དམག་འཁྲུག་རྒྱག་མཁན་གྱི་རྣམ་པ་ཅན་ཞིག་ཇི་ལྟར་ཆགས་པ་ཡིན་ནམ།
འབྲུག་རྒྱལ་ཁབ་དང་འདྲ་བར་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་བོད་དེ་ང་ཚོས་ཇི་ལྟར་དོར་བ་ཡིན་ནམ།
ང་ཚོའི་དམག་དཔུང་གིས་དཔའ་མཛངས་སྙིང་སྟོབས་ཆེན་པོས་འཐབ་འཛིང་བྱས་ནའང་རྒྱ་ནག་གི་ལག་ནས་ང་ཚོར་ཕམ་ཉེས་བྱུང་དགོས་དོན་གང་ཡིན་ནམ།
སྲིད་བློན་ནེའུ་རུའི་སྲིད་གཞུང་གིས་རྒྱ་ནག་བཙན་འཛུལ་བའི་ཤོག་ཁག་རྣམས་ཕྱིར་འཕུད་དང་དགྲ་ལན་སློག་ཐབས་གང་བྱས་ཡོད་དམ།
༡༩༦༢ ལོའི་དམག་འཁྲུག་སྐབས་རྒྱ་གར་གྱི་སྲིད་བློན་ཡིན་པའི་ཆ་ནས་ནེའུ་རུའི་འགན་འཁྲི་གང་ཡིན་པ་དང། ཁོང་གི་སློབ་སྟོན་པ་རྣམས་སུ་ཡིན་ནམ།
ཅིའི་ཕྱིར་རྒྱ་གར་ནི་ཀྱལ་ཀའི་རྒྱུ་ཞིག་ཏུ་གྱུར་ཏེ་རིམ་པ་གསུམ་པའི་རྒྱལ་ཁབ་པ་ཀི་སི་ཐན་ལྟ་བུ་དང་མཚུངས་བསྡུར་བྱེད་དགོས་པ་ཞིག་ཆགས་སམ།
གཤམ་གྱི་བརྩམས་ཆོས་འདིས་ ༡༩༦༢ ལོའི་ཕམ་ཉེས་ཀྱི་ཕྱོགས་སུ་སྣེ་འཁྲིད་པའི་ནེའུ་རུ་དང་ནེའུ་རུའི་མཐའ་སྐོར་གྱི་མི་སྣ་ཚོས་བརྩམས་པའི་ནོར་འཁྲུལ་རྣམས་གསལ་སྟོན་བྱ་རྒྱུ་དང་། བརྩམས་ཆོས་འདིས་དམག་འཁྲུག་དེ་དང་འབྲེལ་བའི་དྲི་བ་རྣམས་ལ་ལན་འདེབས་དང་སྔར་ལས་ལྷག་པའི་ཞིབ་འཇུག་དང་འདྲི་རྩད་ཡོང་རྒྱུར་ང་ཚོའི་བློ་ཁ་འབྱེད་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
༡༩༥༠ ལོའི་ནང་གལ་འགངས་ཆེ་བའི་དོན་རྐྱེན་གཉིས་ཀྱིས་འཛམ་གླིང་སྤྱི་དང་ལྷག་པར་དུ་ཨེ་ཤ་ཡ་ཁྱོན་ཡོངས་སུ་གཡོ་འཁྱོམ་ཆེན་པོ་ཞིག་བརྒྱབ་ཡོད། དོན་རྐྱེན་གཅིག་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་། གཞན་དེ་ནི་ཀོ་རི་ཡའི་དམག་འཁྲུག་ནང་རྒྱ་ནག་གིས་ཐེ་ཇུས་བྱས་པ་དེ་རེད།
དོན་རྐྱེན་དང་པོ་དེ་རྒྱ་གར་ས་མཚམས་ཉེ་འགྲམ་དུ་བྱུང་བ་ཞིག་ཡིན་ཞིང་། གཞན་དེ་ནི་ས་ཐག་རིང་བའི་ཀོ་རི་ཡའི་མཚོ་གླིང་དུ་བྱུང་སྟབས། ཕྱི་མ་དེ་ལ་རྒྱ་གར་ལ་ཕན་གནོད་ཀྱི་ཁྱད་པར་དེ་ཙམ་མེད། རིགས་པའི་སྒྲུབ་བྱེད་གང་ལ་ལྟོས་ཀྱང་། རྒྱ་གར་གྱིས་དེ་མ་ཐག་བོད་ནང་འབྱུང་བཞིན་པའི་གནས་སྟངས་ལ་བློ་རྩེ་གཅིག་ཏུ་གཏད་དེ། ཀོ་རི་ཡའི་ནང་ཨ་རི་དང་རྒྱ་ནག་གཉིས་པོར་རང་རང་གི་ཁེ་ཕན་རྣམས་དབྱེ་བསྲེས་བྱེད་དུ་འཇུག་དགོས་མོད། འོན་ཀྱང་། རྒྱ་གར་སྲིད་བློན་ནེའུ་རུས་ཏག་ཏག་ལྡོག་ཕྱོགས་ནས་བྱ་བ་བརྩམས་ཡོད། ཁོང་གིས་ཀོ་རི་ཡའི་གནད་དོན་ནང་ཐེ་བྱུས་ཤུགས་ཆེན་བྱས་ཀྱང་། བོད་ཀྱི་གཉན་འཕྲང་ཅན་གྱི་གནས་སྟངས་ལ་ཐེ་བྱུས་བྱ་རྒྱུར་འཆར་གཞི་གང་ཡང་མེད་པའི་རྣམ་པ་ཞིག་བསྟན་ཡོད། ནོར་འཁྲུལ་དེས་རྐྱེན་གྱིས་དེང་སྐབས་རྒྱ་གར་དེ་འཛམ་གླིང་ནང་། རང་གི་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེན་ཞིག་དང་ལྷན་དུ་གཞུང་འབྲེལ་གྱི་ས་མཚམས་མེད་པར་གནས་པའི་ས་ཁྱོན་ཆེ་བའི་རྒྱལ་ཁབ་གཅིག་པུ་དེ་ཆགས་ཡོད།
དེའི་རྗེས་སུ་རིམ་པས་བོད་ནི་འཛམ་གླིང་གི་ས་ཁྲའི་ནང་ནས་མི་སྣང་བར་གྱུར། ཀསྨིར་ལ་མཚོན་ན་ནེའུ་རུས་ཕྱི་ཕྱོགས་སུ་རྒྱལ་སྤྱིའི་ཆེ་བསྟོད་འཚོལ་སྙེགས་ཀྱི་ཆེད་དུ་རྒྱལ་ནང་གི་ཁེ་ཕན་བློས་གཏོང་བྱས་ཡོད།
སྐབས་འདིར་རྒྱ་གར་གྱིས་ལྷ་ས་དང་རྒྱང་རྩེ་སོགས་སུ་སྐུ་ཚབ་དོན་གཅོད་རྒྱུན་སྐྱོང་བཞིན་ཡོད། དུས་རབས་མང་པོའི་གོང་ནས་གནས་པའི་རྒྱ་གར་དང་བོད་བར་གྱི་འབྲེལ་བ་ཟབ་མོ་དེ་དང་། དེའི་སྟེང་རྒྱ་ནག་ནང་གི་ལྷིང་འཇགས་མེད་པའི་གནས་སྟངས་འོག བོད་པས་འཛམ་གླིང་ཕྱི་འབྲེལ་ཚོང་རྣམས་རྒྱ་གར་བརྒྱུད་དེ་སྤེལ་བཞིན་ཡོད། ༡༩༥༠ ལོར་ཡང་རྒྱ་གར་སྲིད་གཞུང་གིས་བོད་ནི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད།
༡༩༥༠ ཟླ་ ༡༠ ཚེས་ ༢༥ ཉིན། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་གསལ་བསྒྲགས་སྤེལ། རྒྱ་ནག་གིས་བརྗོད་གསལ་ལྟར་ན་དེ་ནི་ “བཙན་རྒྱལ་རིང་ལུགས་ཀྱི་དབང་ཤུགས་ལས་བོད་དེ་སྐྱོབ་རྒྱུ་ཡིན” ཞེས་པ་དང་། བོད་དང་རྒྱ་གར་གྱི་ས་མཚམས་གཏན་འཇགས་བཟོ་ཆེད་དུ་ཡིན་པ་རེད། དེ་ལ་ནེའུ་རུས་ཁོང་དང་རྒྱ་གར་གྱི་སྲིད་གཞུང་ལ་ “རྒྱ་ནག་གི་བྱ་སྤྱོད་དེ་ལ་བློ་ཕམ་ཚད་མེད” བྱུང་བ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད། ནེའུ་རུས་ད་དུང་ཁོང་ལ་ “རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གིས་བོད་ཀྱི་སྐུ་ཚབ་རྣམས་དང་ཐད་ཀར་གྲོས་མོལ་བྱས་ཏེ་ཞི་བའི་རྣམ་པ་ཞིག་གི་སྒོ་ནས་བོད་ཀྱི་མ་འོངས་པ་འགྲིག་འཇགས་བྱ་རྒྱུ་ཡིན་པར་ཡིད་ཆེས་སུ་བཅུག་པ” ཡིན་སྐོར་བརྗོད་ཡོད། འདི་ནི་བདེན་པ་མ་རེད། གང་ཡིན་ཟེར་ན། རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་གི་ལོ་གཅིག་གི་སྔོན་ཏེ། ༡༩༤༩ ཟླ་ ༩ ནང་ནེའུ་རུ་ཁོང་རང་ཉིད་ཀྱིས” རྒྱ་ནག་དམར་ཤོག་གིས་བོད་ལ་བཙན་འཛུལ་བྱ་སྲིད” ཅེས་བྲིས་ཡོད།
སེམས་ལ་ངེས་དགོས་པའི་དོན་གནད་ཅིག་ནི། ནེའུ་རུས་བོད་ལས་ཀོ་རི་ཡའི་ནང་དུ་དོ་ཁུར་ཆེ་བ་ཡོད་པའི་རྣམ་འགྱུར་བསྟན་ཏེ། རྒྱ་ནག་གི་བཙན་འཛུལ་ལ་རེ་བ་དང་བློ་སྟོབས་སྦྱིན་ཡོད། རྒྱ་ནག་གིས་བོད་བཙན་འཛུལ་བྱ་རྒྱུའི་རང་ཉིད་ཀྱི་རེ་འདོད་ལ་གསང་བ་གང་ཡང་བྱས་མེད། དེ་ལྟར་ཡང་ནེའུ་རུའི་དོ་འཁུར་གཙོ་བོ་བོད་ནང་དུ་ཡོད་པའི་རྒྱ་གར་གྱི་ཁེ་ཕན་རྣམས་སྲུང་སྐྱོབ་བྱ་རྒྱུ་དེ་མ་ཡིན་པར། རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཆགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་པ་རེད།
དེས་རྐྱེན་ཀྱིས་རྒྱ་ནག་གི་དམག་དཔུང་རྣམས་བོད་དུ་བསྐྱོད་སྐབས། རྒྱ་གར་གཞུང་གི་ལས་བྱེད་པའི་ཁྲོད་དུ་དེ་ལ་དོ་སྣང་བྱེད་མཁན་རེ་ཟུང་ལས་མེད། དེར་མ་ཟད་པེ་ཅིན་དུ་བཅའ་སྡོད་རྒྱ་གར་གཞུང་ཚབ་པ་པཱ་ནིག་ཀར་གྱིས་ཀྱང་། བོད་ནང་དུ་རྒྱ་ནག་གི་དམག་དཔུང་བསླེབས་ཡོད་པའི་ “ཁུངས་སྐྱེལ་གང་ཡང་མེད་” ཚུལ་གྱི་རྫུན་བཤད་ཡོད་ལ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་ངོ་རྒོལ་བྱས་ཚེ་” མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གི་ཆེད་དུ་འབུངས་བའི་རྒྱ་གར་གྱི་འབད་བརྩོན་ལ་འགོག་རྐྱེན་” ཆགས་རྒྱུ་ཡིན་པར་ཁག་འདོགས་ཀྱང་བྱས་ཡོད།
དེར་བརྟེན། པཱར་ནིག་ཀར་ནི་བོད་ཀྱི་ས་མཚམས་ཀྱི་རྒྱ་གར་རང་གི་ཁེ་ཕན་ལས་མཉམ་འབྲེལ་རྒྱལ་ཚོགས་ནང་གི་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་ཞིག་ཆགས་ཡོད། ཁོང་གིས་ “ང་ཚོའི་གཞི་རྩའི་བསམ་བློ་ནི་འཛམ་གླིང་ནང་ཞི་བདེ་རྒྱུན་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་། ཉེ་ཆར་ཀོ་རི་ཡའི་ནང་བྱུང་བའི་དོན་རྐྱེན་རྣམས་ཀྱིས་རྒྱ་ནག་གི་གནས་བབས་སྲ་བརྟན་དུ་གཏོང་ཐུབ་མེད་ཁར། ད་དུང་བོད་ནང་དུ་(རྒྱ་གར་གྱིས་)དྲག་པོའི་བྱ་སྤྱོད་གང་རུང་ཞིག་སྤེལ་ཚེ་གནས་བབས་དེ་ཇེ་སྡུག་ཏུ་གཏོང་ངེས་” ཞེས་བྲིས་ཡོད། དེ་ལྟར་ནེའུ་རུ་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གི་གནས་བབས་ཇེ་ཞན་མི་འགྲོ་བའི་ཆེད་དུ་བོད་ནང་དུ་ཡོད་པའི་རྒྱ་གར་བདེ་འཇགས་ཀྱི་ཁེ་ཕན་བློས་གཏོང་བྱ་རྒྱུར་གྲ་སྒྲིག་ཡོད་མཁན་དེ་རེད།
ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་དེར། ནེའུ་རུའི་སྟེང་དུ་ཤུགས་རྐྱེན་ཟབ་ཤོས་ཀྱི་མི་སྣ་གཉིས་ནི། ཀིར་ཤི་ནཱ་མེ་ནོན་དང་ཀེ་ཨེམ་པཱ་ནིག་ཀར་གཉིས་ཡིན་ཞིང་། ཁོང་གཉིས་ནི་དམར་ཤོག་རིང་ལུགས་པ་ཡིན་པ་དང་། པཱ་ནིག་ཀར་གྱི་ངོ་གདོང་དུ་རྒྱ་ནག་ནང་རྒྱ་གར་གཞུང་ཚབ་པའི་སྲི་ཞུ་སྒྲུབ་བཞིན་ཡོད་ཀྱང་། ལག་ལེན་ངོ་མའི་ཐོག་ལ་བོད་ནང་དུ་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་གྱི་མགྲིན་ཚབ་པ་ཞིག་ཆགས་ཡོད་པ་དེ་ནི་ཧ་ཅང་ཡིད་སྐྱོའི་གནས་ཚུལ་ཞིག་ཆགས་ཡོད། སཱར་དྷར་པཱ་ཊལ་གྱིས་པཱ་ནིག་ཀར་ནི་ “རྒྱ་ནག་གི་སྲིད་བྱུས་དང་བྱ་སྤྱོད་ལ་དག་སེལ་ལམ། འགྲེལ་བརྗོད་ཅིག་བྱ་ཐུབ་རྒྱུར་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་” ཅེས་སོགས་བརྗོད་ཡོད།
སྐབས་དེར་ལྷ་སར་ཡོད་པའི་རྒྱ་གར་སྐུ་ཚབ་དོན་གཅོད་དེ་ནི་ “བཙན་རྒྱལ་རིང་ལུགས་པའི་རྗེས་ཤུལ་” ཞིག་ཡིན་པའི་རྒྱུ་མཚན་དྲངས་བར་བརྟེན་ཏེ་མཐར་རྒྱ་གར་གྱིས་སྐུ་ཚབ་དོན་གཅོད་ཀྱི་ཐོབ་ཐང་དོར་ཡོད་པ་རེད། འདིས་ནེའུ་རུ་ཡི་མིང་ཆད་བཟོ་བའི་ “རྒྱ་གར་དང་རྒྱ་ནག་སྤུན་ཟླ་ཡིན་” ཞེས་པའི་སྲིད་བྱུས་ཀྱི་ཕྱོགས་སུ་སྣེ་འཁྲིད་ཡོད། མཱའོ་ཡིས་རྒྱ་གར་ལ་ཕྱིར་དགའ་མོས་ཀྱི་རྣམ་འགྱུར་གང་ཡང་བསྟན་མེད་ལ། རྒྱ་གར་དང་རྒྱ་ནག་སྤུན་ཟླ་རེད་ཅེས་རྒྱ་དཀར་ནག་གི་སྐད་དོད་གང་གི་ནང་དུའང་བརྗོད་མྱོང་མེད། དེ་ལས་ལྡོག་ཏེ་མཱའོ་ཡིས་རྒྱ་གར་དང་རྒྱ་གར་གྱི་དབུ་ཁྲིད་རྣམས་ལ་ཁྱད་གསོད་ཁོ་ན་བྱས་ཡོད། མཱའོ་ཡིས་རང་ཉིད་ལ་ངོ་རྒོལ་བྱེད་མཁན་གྱི་བློ་སྟོབས་ཅན་ཁོ་ན་ལ་གུས་བརྩི་བྱེད་པ་ལས། རང་ཉིད་མདུན་དུ་མགོ་སྒུར་ནས་ངོ་བསྟོད་བྱེད་མཁན་གྱི་ཉམས་ཞན་སྐྱེ་བོ་རྣམས་ལ་གུས་བརྩི་བྱེད་ཀྱི་མེད།
སཱར་དྷར་པཱ་ཊལ་གྱིས་ “ང་ཚོས་སོ་སོ་རྒྱ་ནག་གི་གྲོགས་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ནའང་། རྒྱ་ནག་གིས་ང་ཚོ་གྲོགས་པོར་ངོས་འཛིན་བྱེད་ཀྱེ་མེད་” ཅེས་ནེའུ་རུ་ལ་གོ་བརྡ་སྤྲད་ཡོད། ཁོང་གི་གྲགས་ཆེ་བའི་ཕྱག་བྲིས་ཤིག་གི་ནང་ཁོང་གིས་གལ་འགངས་ཅན་གྱི་གནད་དོན་འགའ་ཞིག་དྲངས་ཏེ། བོད་ནང་དུ་བྱུང་བའི་དོན་རྐྱེན་རྣམས་ཀྱི་ཐོག་སེམས་ཁུར་ཟབ་མོ་ཡོད་པའི་རྣམ་འགྱུར་བསྟན་ཡོད། དམིགས་བསལ་གྱིས་ཁོང་གིས་མཛའ་འབྲེལ་ཟབ་པའི་རང་དབང་ཅན་གྱི་བོད་ནི་རྒྱ་གར་གྱི་བདེ་འཇགས་ལ་དགོས་གལ་ཤིན་ཏུ་ནས་ཆེ་སྟབས། དེ་དག་སྲུང་སྐྱོབ་ཐུབ་ཆེད་དུ་རྒྱ་གར་གྱིས་དམག་ཇུས་ཚུད་པའི་ཐབས་ལམ་ཡོངས་རྫོགས་ལ་བསམ་གཞིགས་བྱ་དགོས་ཞེས་བྲིས་ཡོད།
ཁོང་གིས་ནེའུ་རུ་ལ་ཕྱག་བྲིས་དེ་བྲིས་རྗེས་ཀྱི་ཉིན་གཉིས་ཀྱི་རྗེས་ཏེ་ ༡༩༥༠ ཟླ་ ༡༡ ཚེས་ ༩ ཉིན་ཁོང་གིས་ལྡི་ལི་རུ་ “སྙིགས་མའི་དུས་ཚོད་འདིའི་ནང་འཚེ་བ་མེད་པ་ལ་འཚེ་བ་མེད་པས་ལན་སློག་རྒྱུ་ཡིན་ཞིང་། གལ་སྲིད་སྐྱེ་བོ་སུ་ཞིག་གིས་ང་ཚོའི་སྟེང་དུ་དཔུང་ཤུགས་ལ་བརྟེན་ཏེ་རྒོལ་ཚེ་ང་ཚོས་དེ་ལ་དཔུང་ཤུགས་ཀྱི་སྒོ་ནས་གདོང་ལེན་བྱ་རྒྱུ་ཡིན་” ཞེས་གསལ་བསྒྲགས་སྤེལ་ཡོད། འོན་ཀྱང་། ནེའུ་རུས་པཱ་ཊལ་གྱི་ཕྱག་བྲིས་ལ་དོ་སྣང་བྱས་མེད། དོན་དངོས་ནི་སྐབས་འདིར་རྒྱ་གར་ལ་བོད་ནང་དུ་རང་ཉིད་ཀྱི་ཁེ་ཕན་རྣམས་སྲུང་ཆེད་ཀྱི་གནས་བབས་བཟང་པོ་ཞིག་ཡོད་ནའང་། རྒྱ་ནག་གི་ངོ་སྲུང་ཆེད་དུ་གོ་སྐབས་འདི་དོར་ཡོད་པ་རེད། ༡༩༥༠ ལོའི་ནང་རྒྱ་ནག་གིས་བོད་ནང་དབང་བསྒྱུར་བྱ་རྒྱུ་(རྒྱ་གར་གྱིས)འགོག་ཐུབ་པའི་ནུས་པ་ཡོད་པ་རྒྱ་གར་ནང་ཤེས་རྟོགས་ཆེན་པོ་མེད།
ཕྱོགས་གཞན་ཞིག་ནས་པཱ་ཊལ་གྱིས་རྒྱ་ནག་ནི་ཀོ་རི་ཡའི་དམག་འཁྲུག་ནང་ཕྱོགས་ཡོངས་ནས་ཞུགས་ཡོད་པའི་རྐྱེན་གྱིས་རྒྱ་ནག་ནང་ཁུལ་ལ་སྟངས་འཛིན་བྱེད་པའི་དབང་ཤུགས་བརྟན་པོ་མེད་པ་ཆགས་ཡོད་སྟབས། རྒྱ་ནག་ནི་ ༡༩༥༠ ལོར་ཉམ་ཉེས་སུ་འགྲོ་སླ་བའི་གནས་བབ་ཅིག་ཏུ་ལྷུང་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། ཟླ་བ་འགའ་ཞིག་རིང་(ཨ་རིའི་)དམག་སྤྱི་མེག་ཨར་ཐར་གྱིས་(ཨ་རིའི་)སྲིད་འཛིན་ཁྲུ་མན་ལ་ཨ་རིའི་རོགས་སྐྱོར་ཆ་ཚང་བ་དང་བཅས་ཏེ། ཕོར་མོ་སཱ་(ཐེ་ཝན་)ནང་སྒུག་ཡོད་པའི་ “ཅཱང་ཀཱའི་ཤེག་ཕྱིར་གློད་” དགོས་པའི་འབོད་སྐུལ་ཞུས་ཡོད། སྐབས་འདིར་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་མེད་ལ། མཚོན་ཆ་དེ་ཐོབ་པ་ལ་ད་དུང་ཡང་ལོ་ངོ་བཅུ་ལས་མང་བ་དགོས་ཀྱི་ཡོད། རྒྱ་ནག་གིས་རང་ཉིད་ཀྱི་དབང་ཆ་བརྟན་སྲུང་བྱེད་པའི་འཐབ་རྩོད་བྱེད་བཞིན་པའི་སྐབས་འདིར། རྒྱ་གར་གྱིས་བློ་ཐག་ཆོད་པོའི་དཔུང་ཤུགས་ཤིག་ངོམས་ན་རྒྱ་གར་ལ་ཁེ་ཕན་ཆེན་པོ་འཐོབ་ཡོད་པ་གདོན་མ་ཟད།
དེའི་སྟེང་རྒྱ་གར་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་པ་ནི། སྐབས་དེར་བོད་ནང་རྒྱ་ནག་གི་དྲག་རྩུབ་ཐོག་འཛམ་གླིང་ཐོག་མི་འདོད་པ་ཤུགས་ཆེན་འབྱུང་བཞིན་ཡོད་པ་ལས་མཐོང་ཐུབ་ལ། དོན་དངོས་ཐོག་རྒྱ་གར་གྱིས་སྣེ་འཁྲིད་བྱེད་རྒྱུར་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རེ་ལྟོས་བྱེད་བཞིན་ཡོད། སྙན་གྲགས་ཆེ་བའི་ཨིན་ཇིའི་གསར་ཤོག་དཔལ་འབྱོར་རིག་པ་བ་(The Economist)ཞེས་པའི་ནང་ནུབ་ཕྱོགས་པའི་ལྟ་ཚུལ་བཀོད་ཡོད་པ་ནི་འདི་ལྟར། “༡༩༡༢ ནས་བཟུང་རྒྱ་ནག་ལས་ལོགས་སུ་རང་བཙན་གཙང་མའི་རྒྱུན་བསྐྱངས་ཡོད་སྟབས། བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུར་ཐོབ་ཐང་ཆ་ཚང་ཞིག་ལྡན་ཡོད། འོན་ཀྱང་། གནད་དོན་དེའི་ནང་སྣེ་འཁྲིད་ཀྱི་འགན་འཁྲི་ནི་རྒྱ་གར་ལ་ཡོད་པ་རེད། གལ་སྲིད་རྒྱ་གར་གྱིས་བོད་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་དཀྱིལ་དུ་བར་གནས་ཀྱི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་རྒྱབ་སྐྱོར་བྱེད་རྒྱུར་ཐག་བཅད་ཚེ། ཨིན་ཇི་དང་ཨ་རིས་དེར་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་རྒྱབ་སྐྱོར་བྱེད་ངེས་པ་ཆགས་ཡོད།” ཅེས་འཁོད་ཡོད།
དེ་ལ་བརྟེན་ཏེ་རྒྱ་ནག་བཀག་འགོག་བྱེད་ཐུབ་ངེས་ཡིན་ཡང་འདི་ལྟར་བྱུང་མེད། ནེའུ་རུས་པཱ་ཊལ་གྱི་ཕྱག་བྲིས་དང་རྒྱལ་སྤྱིའི་བསམ་ཚུལ་ལ་སྣང་མེད་བཏང་སྟེ། བོད་དེ་མཛའ་འབྲེལ་ཟབ་པའི་བར་གནས་ཀྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་གསེར་ལས་དཀོན་པའི་གོ་སྐབས་འདི་དོར་བ་རེད། རྩ་འཛིན་གྱི་ལངས་ཕྱོགས་དེ་འདྲ་བ་ཞིག་རྒྱུན་བསྐྱངས་ཡོད་ཚེ་རྒྱ་གར་ལ་ད་དུང་སྟོབས་ཆེན་རྒྱལ་ཁབ་ཅིག་གི་གནས་བབས་ཐོབ་ཡོད་ངེས་ལ། པ་ཀི་སི་ཐན་ནི་འཛམ་གླིང་གིས་དོ་ཁུར་བྱེད་ཡུལ་གྱི་ཡོལ་བའི་སྟེང་ནས་མི་སྣང་བར་འགྱུར་ཡོད་ངེས།
ཀསྨིར་ནང་བརྩམས་པའི་ནེའུ་རུའི་ནོར་འཁྲུལ་མང་དག་ཅིག་ཤེས་རྟོགས་ཡོད་མོད། འོན་ཀྱང་། ནོར་འཁྲུལ་དེ་དག་ནི་བོད་ནང་དུ་བརྩམས་པའི་ཁོང་གི་ནོར་འཁྲུལ་དག་དང་བསྡུར་ན་ཚབས་ཆུང་ཆུང་ཡིན། ཕུགས་བསམ་དང་བློ་སྟོབས་ཀྱིས་མ་འདང་བའི་ནོར་འཁྲུལ་ཚབས་ཆེན་དེས་རྐྱེན་གྱིས་རྒྱ་གར་ནི་རིམ་གྱིས་རིམ་པ་གསུམ་པའི་རྒྱལ་ཁབ་ཀྱི་ངོ་བོ་ཞིག་ཏུ་ངོས་འཛིན་དང་། པ་ཀི་སི་ཐན་དང་མཚུངས་བསྡུར་བྱེད་པའི་རྣམ་པ་དེ་ཐོབ་ཡོད་པ་རེད། ཟླ་བ་གཉིས་ཀྱི་རྗེས་པཱ་ཊལ་འདས་གྲོངས་སུ་ཕྱིན།
ཐ་ན་བོད་ཤོར་བའི་རྗེས་སུའང་ནེའུ་རུས་རྒྱ་ནག་དང་ལྷན་དུ་ས་མཚམས་འགྲིག་འཇགས་བྱེད་པའི་གོ་སྐབས་རྣམས་དོར་ཡོད། འདི་ཤེས་རྟོགས་ཡོང་བ་ལ་རྒྱ་ནག་གིས་ཅི་ཞིག་ལ་རེ་འདོད་ཆེ་ཤོས་བྱེད་བཞིན་ཡོད་ཟེར་ན། རྒྱ་གར་དང་ལྷན་དུ་བརྟན་ལྷིང་ལྡན་པའི་ས་མཚམས་ཤིག་ཡིན་པའི་དོན་དངོས་ལ་བསྔགས་བརྗོད་བྱ་རྒྱུ་ནི་དགོས་ངེས་ཆགས་ཡོད། རེ་འདོད་དེ་བཟུང་སྟེ་རྒྱ་ནག་གི་སྲིད་བློན་ཀྲུའུ་ཨེན་ལཱེ་ཡིས་རྒྱལ་ཁབ་གཉིས་བར་གྱི་ས་མཚམས་འགྲིག་འཇགས་ཡོང་ཆེད་དུ་རྒྱ་གར་ལ་ཐེངས་འགར་བསླེབས་ཡོད། མདོར་བསྡུས་ན། རྒྱ་ནག་གི་དགོས་འདུན་ནི་དགོས་ངེས་ཀྱི་བཅོས་སྒྲིག་ཆུང་ཁག་འགའ་ཞིག་མ་གཏོགས་མེཀ་མོ་ཧན་གྱི་ཐིག་མཚམས་དེ་ནི་ཤར་ངོས་ཀྱི་ས་མཚམས་སུ་ཁས་ལེན་དང་། དེ་ནས་ལ་དྭགས་དང་བོད་བར་གྱི་དབྱེ་མཚམས་མི་གསལ་བའི་ནུབ་ངོས་ཀྱི་ས་མཚམས་ཐོག་གྲོས་མོལ་བྱ་རྒྱུར་རྒྱ་ནག་ལ་གྲ་སྒྲིག་ཡོད་པ་དེ་རེད། དོན་དངོས་ཐོག་ཀྲུའུ་ཨེན་ལཱེ་ཡིས་དགོས་འདུན་ཅི་ཞིག་འདོན་བཞིན་པ་ནི། ཤར་ངོས་ཀྱི་ས་མཚམས་ནས་མགོ་བཙུགས་ཏེ་རིམ་གྱིས་འགྲིག་འཇགས་ཤིག་ཡོང་རྒྱུ་དེ་རེད། འོན་ཀྱང་། ནེའུ་རུ་ནི་ལས་དོན་ཐམས་ཅད་དུས་གཅིག་ཏུ་འགྲིག་འཇགས་བྱེད་འདོད་ཡོད་སྟབས། འདི་ནི་དངོས་ཡོད་ཀྱི་བསམ་བློ་ལྡན་པའི་ཀྲུའུ་ཨེན་ལཱེ་ཡིས་ཆབ་སྲིད་ཀྱི་ཆ་ནས་ཡོང་མི་སྲིད་པ་ཞིག་ཏུ་མཐོང་བ་རེད།
ས་མཚམས་འགྲིག་འཇགས་ཡོང་བའི་ཆེད་དུ་རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་བསླེབས་ཐེངས་རེར་ས་མཚམས་ཐད་ཀྱི་རྒྱ་གར་གྱི་ལངས་ཕྱོགས་ལས་པཱང་ཆཱ་ཤིལ་(རྩ་འཛིན་དོན་ཚན་ལྔ་༽གྱི་རྩ་འཛིན་རྣམས་ཀྱི་སྐོར་ལ་མང་བ་ཐོས་བཞིན་ཡོད་སྟབས། ཁོང་གིས་འདི་ནི་རྒྱ་གར་གྱི་ཕྱོགས་ནས་འགྲིག་འཇགས་ལ་མི་མོས་པའི་རྣམ་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད།
རྒྱ་ནག་གིས་དོན་དངོས་ཐོག་དགོས་འདུན་གཅིག་མཚུངས་དེ་རང་གི་རྗེས་སུ་བསྙེགས་ཏེ་ཧ་ལམ་མེཀ་མོ་ཧན་གྱི་ཐིག་མཚམས་ཇི་བཞིན་འབར་མ་དང་ལྷན་དུ་རང་ཉིད་ཀྱི་ས་མཚམས་འགྲིག་འཇགས་བྱས་ཡོད། རྒྱ་གར་མང་ཚོགས་ལ་ཅི་ཞིག་བརྗོད་པ་ལས་ལྡོག་སྟེ་བོད་དང་ལ་དྭགས་(ཀསྨིར་གྱི་རྒྱལ་བརྒྱུད་མངའ་སྡེའི་ནང་གི་ས་ཁུལ་)བར་གྱི་ས་མཚམས་ལ་ཁ་གསལ་གྱི་དབྱེ་མཚམས་རྩ་བ་ནས་གཅོད་མི་མྱོང་བ་རེད།
༡༩༦༠ ལོའི་ནང་རྒྱ་གར་སྲིད་གཞུང་གིས་ས་མཚམས་དབྱེ་ཞིབ་དང་ས་ཁྲ་གཏན་འབེབས་བྱ་ཆེད་ལ་དྭགས་སུ་ས་ཞིབ་ཚོགས་ཆུང་ཞིག་མངགས་གཏོང་བྱས་ཡོད། འོན་ཀྱང་། སྲིད་གཞུང་གིས་མང་ཚོགས་ལ་མུ་མཐུད་དེ་ཁ་གསལ་གྱི་དབྱེ་མཚམས་བཅད་ཡོད་པའི་ས་མཚམས་ཞིག་ཡོད་སྐོར་རྗོད་བཞིན་ཡོད་ལ། དེ་ལ་རྒྱ་ནག་གིས་མོས་མཐུན་བྱེད་ཀྱི་མེད།
གནས་སྟངས་ཀྱི་ཆ་ནས་དགོས་གལ་ཅི་ཞིག་ཡོད་ཅེས་ན། རྒྱ་གར་གྱི་ཕྱོགས་ནས་དམིགས་བསལ་གྱིས་རྣམ་དཔྱོད་ལྡན་པའི་ཐབས་ལམ་ཞིག་འདོན་དགོས་པ་དེ་རེད། སྐབས་འདིར་གྲོས་མོལ་བྱེད་ཐུབ་པའི་དངོས་ཡོད་ཀྱི་གནད་དོན་འགའ་ཞིག་ཡོད་ལ། དམིགས་བསལ་དུ་ ༡༩༥༠ ནང་རྒྱ་གར་གནས་བབས་བཟང་པོ་ཞིག་གི་འོག་ཡོད་པའི་སྐབས་སུ་ལག་བསྟར་ཐུབ་ངེས་ཀྱི་ཆ་རྐྱེན་རྣམས་ཚང་ཡོད་པ་རེད།
རྒྱ་ནག་ལ་ཨག་སཱའི་ཆཱིང་ས་ཁུལ་འདི་དགོས་གལ་ཆགས་ཡོད། གང་ཡིན་ཟེར་ན། རྒྱ་ནག་གིས་ནུབ་ཁུལ་དུ་བོད་དང་ཤིན་ཅང་གཉིས་མཐུད་བྱེད་ཀྱི་གཞུང་ལམ་ཞིག་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱས་ཡོད། ཨག་སཱའི་ཆཱིང་ནི་རྒྱ་གར་ལས་རྒྱ་ནག་ལ་དམག་དོན་གྱི་ཆ་ནས་གལ་འགངས་ཆེ་བ་ཆགས་ཡོད། (ཐ་ན་སེ་ཆེན་འཁྱགས་རོམ་ལས་ཀྱང་དངོས་ཟོག་དབོར་འདྲེན་བྱེད་རྒྱུར་དཀའ་ཁག་ཆེ་ཞིང་བདག་ཉར་བྱ་རྒྱུར་འགྲོ་སོང་ཡང་ཆེ་བས་ཨག་སཱའི་ཆཱིང་ནི་རྒྱ་གར་ལ་དམག་དོན་ཐབས་འཇུས་ཀྱི་དཀའ་ངལ་ཞིག་ཆགས་ཡོད།)
ནེའུ་རུས་འདི་རྟོགས་ཡོད་ཚེ་རྒྱ་ནག་ལ་ཨག་སཱའི་ཆཱིང་ལ་འཇུག་ལམ་གཏོད་པའི་ཚབ་ཏུ། རྒྱ་གར་ལའང་གངས་དཀར་ཏི་སེ་དང་། མཚོ་མ་ཕམ་ལ་འཇུག་ལམ་གཏོད་དགོས་པའི་དགོས་འདུན་གཏོན་པ་ལྟ་བུའི་རྣམ་དཔྱོད་ལྡན་པའི་ཐབས་ལམ་ཞིག་འདོན་སྲིད། གནད་དོན་དངོས་ནི་དེ་ལྟ་བའི་གྲོས་མཐུན་ཞིག་ཡོང་ཐུབ་མིན་ལ་ཐུག་མེད། འོན་ཀྱང་ཐབས་ལམ་གང་ཡང་འདོན་ཐུབ་མེད། དེ་དག་ཐམས་ཅད་ཀྱི་མདོ་དོན་ནི་རྒྱ་ནག་གིས་རྒྱ་གར་དང་པང་ཆཱ་ཤིལ་སྣང་མེད་དུ་བསྐྱུར་ཏེ་ཨག་སཱའི་ཆཱིང་གི་རྒྱུད་ན་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ལག་བསྟར་བྱས་ཡོད།
འདི་ནི་ད་དུང་ཡང་ལོ་རྒྱུས་ཧྲིལ་པོ་དེ་ཆགས་མེད།
ཚུར་ཅི་ཡང་ཐོབ་པ་སྟོན་རྒྱུ་མེད་ནའང་རྒྱ་ནག་ལ་རྒྱབ་སྐྱོར་དང་བོད་དེ་བློས་གཏོང་བྱས་པའི་ནོར་འཁྲུལ་གཉིས་པོ་དེའི་འཇུག་ཏུ་ནེའུ་རུས་པཱང་ཆཱ་ཤིལ་བརྒྱུད་དེ་རང་ཉིད་ལ་རྒྱལ་སྤྱིའི་ཆེ་བསྟོད་ཐོབ་ཐབས་སུ་རྒྱ་གར་མི་དམངས་ལ་མགོ་སྐོར་བཏང་ཡོད།
པཱང་ཆཱ་ཤིལ་ནི་བོད་བློས་བཏང་བ་ནས་བཟུང་ ༡༩༥༩ ལོའི་ནང་ཏཱ་ལའི་བླ་མ་བཙན་བྱོལ་དུ་མ་གྱར་བར་དུ་ནེའུ་རུས་རྒྱ་ནག་གི་ཕྱོགས་སུ་འཛིན་པའི་གཞི་རྩའི་སྲིད་བྱུས་དེ་ཡིན། སྤྱི་ཡོངས་ཀྱི་ཆ་ནས་པཱང་ཆཱ་ཤིལ་ནི་ནེའུ་རུའི་སྐུལ་སློང་བཟང་པོའི་མཚོན་བྱེད་དང་། རྒྱ་ནག་གིས་རང་ཉིད་ཀྱི་ཁེ་ཕན་སྐྱོང་བའི་བསླུ་ཐབས་ཀྱི་རྩ་འཛིན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། འདི་ནི་ཆ་ཡོངས་སུ་འགྲིག་པ་ཞིག་མ་ཡིན་ཏེ། གང་ཡིན་ཟེར་ན། ནེའུ་རུ་དང་ཀིར་ཤི་ནཱ་མེ་ནོན་གྱིས་ལ་དྭགས་དང་ཨག་སཱའི་ཆཱིང་ས་ཁུལ་དུ་རྒྱ་ནག་གིས་བཙན་འཛུལ་བྱེད་བཞིན་ཡོད་པ་ཤེས་རྟོགས་ཡོད་མོད། འོན་ཀྱང་། པཱང་ཆཱ་ཤིལ་གསོན་གནས་ཀྱི་འཁྲུལ་སྣང་དེ་རྒྱུན་བསྐྱངས་ཆེད་ལོ་ངོ་དུ་མའི་རིང་སྦས་སྐུང་བྱས་ཡོད།
དམག་སྤྱི་ཐི་མཱ་ཡཱ་ཡིས་ལོ་ངོ་དུ་མའི་གོང་ནས་རྒྱ་ནག་གིས་ཨག་སཱའི་ཆཱིང་གི་ནང་དུ་སྤེལ་བའི་བཙན་འཛུལ་གྱི་བྱ་སྤྱོད་རྣམས་ནེའུ་རུ་དང་ཀིར་ཤི་ནཱ་མེ་ནོན་ལ་སྙན་སེང་ཞུས་ཡོད། མིང་ལ་སི་ཊི་ནཱེ་ཝིག་ནཱལ་འབོད་པའི་ཨིན་ཇིའི་རི་འཛེགས་པ་ཞིག་ཐི་མཱ་ཡཱ་ཡིས་རྒྱ་ནག་གིས་ཨག་སཱའི་ཆཱིང་བརྒྱུད་དུ་གཞུང་ལམ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་གནས་ཚུལ་རྣམས་བདེན་པ་ཡིན་མིན་གྱི་རྟོབ་ཞིབ་བྱེད་མིར་བསྐོ་བཞག་བྱས་ཡོད། ཁོ་ནི་རྒྱ་ནག་གིས་འཛིན་བཟུང་འོག་ཚུད་དེ་རྗེས་སུ་ཀློད་གྲོལ་ཐོབ་པས། ཁོས་གངས་ཚུབ་དྲག་པོའི་འོག་དཀའ་ངལ་ཁྱད་དུ་གསད་དེ་ཕྱིར་རྒྱ་གར་ལ་བསླེབས་ཡོད། དེས་ཐི་མཱ་ཡཱ་ལ་རྒྱ་ནག་གིས་བཙན་འཛུལ་བྱེད་བཞིན་ཡོད་པའི་དཔང་རྟགས་ཐོབ་པ་རེད། དམག་སྤྱིས་སྲིད་གཞུང་ལ་གནས་ཚུལ་དེ་སྙན་སེང་ཞུ་སྐབས་མེ་ནོན་ཁོང་ཁྲོ་ལངས་ཏེ་ནེའུ་རུའི་མདུན་དུ་དམག་སྤྱིའི་སྙན་སེང་དེ་ནི་ “དབུས་གསང་བའི་ལས་ཁུངས་ཀྱི་དྲིལ་བསྒྲགས་ལ་རྟོག་དཔྱོད་ཅི་ཡང་མེད་པར་ལོངས་སུ་སྤྱོད་པ་” ཞིག་ཆགས་ཡོད་པr་བརྗོད་ཡོད།
ཌོག་ཌར་ཨེན་ཨེ་་སེ་རྭ་ཇཱ་རམ་གྱིས་བརྗོད་གསལ་ལྟར་ན། ཝིག་ནཱལ་ནི་ཐི་མཱ་ཡཱ་ཡི་གནས་ཚུལ་ཡོངས་ཁུངས་གཅིག་པུ་དེ་མ་རེད། ༡༩༦༢ ལོར་རྒྱ་ནག་གིས་འཐབ་རྒོལ་བྱས་པའི་རྗེས་ཙམ་ལ་ཁོང་གིས་དམག་སྤྱི་ཐི་མཱ་ཡཱ་ཡི་དྲུང་ནས་གོ་ཐོས་བྱུང་བ་ལྟར་ན། དམག་སྤྱི་ཐི་མཱ་ཡཱ་ཡིས་མཱ་ཌ་ར་སིའི་ས་འོག་འབར་མདེལ་ཆེད་ལས་པ་དམག་དཔོན་ལོ་གཞོན་ཞིག་རྒྱ་ནག་གི་བཙན་འཛུལ་གྱི་གནས་ཚུལ་རྣམས་ལ་རྩད་ཞིབ་བྱེད་མིར་ཨག་སཱའི་ཆཱིང་དུ་མངགས་གཏོང་བྱས་པ་བཞིན། དམག་དཔོན་ལོ་ཆུང་དེས་རྒྱ་ནག་གི་བཙན་འཛུལ་གནས་ཚུལ་རྣམས་ཕྱིར་ཁུར་ཡོད་པ་རེད། འོན་ཀྱང་། ནེའུ་རུའི་ནོར་འཁྲུལ་རྣམས་སྦས་སྐུང་བྱ་རྒྱུ་ཁོ་ནའི་དོན་དུ་གནས་ཚུལ་དེ་རྣམས་མང་ཚོགས་ལ་བརྗོད་མེད། (ངས་འདི་ནི་ཐེངས་གཅིག་མ་ཡིན་པར་ཐེངས་གཉིས་ཐོས་བྱུང་། དང་པོ་ནི་བྷེང་གྷ་ལོར་དུ་ཌོག་ཌར་ཁོང་གིས་གཏམ་བཤད་གནང་སྐབས་རེད། གཉིས་པ་ནི་ཉིན་རྗེས་མ་དེར་ངས་ཁོང་སྒེར་དུ་ཐུགས་འཕྲད་བྱེད་སྐབས་རེད།)
ནེའུ་རུས་ནི་ད་དུའང་ཁོང་རང་གི་པཱང་ཆཱ་ཤིལ་དང་རྒྱ་གར་དང་རྒྱ་ནག་སྤུན་ཟླའི་སྲིད་ཇུས་རྒྱ་གར་གྱི་མང་ཚོགས་ཁྲོད་བརྒྱུད་བསྒྲགས་བྱེད་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
ཐ་ན་དེང་སང་ཡང་ནེའུ་རུའི་ཁྱིམ་རྒྱུད་ཀྱི་མི་སྣ་ཚོས་ཀྱང་གལ་འགངས་ཅན་གྱི་དུས་རིམ་དེ་དང་འབྲེལ་བའི་ཡིག་ཆ་རྣམས་ཀྱི་ཐོག་ལ་དབང་ཤེད་ཀྱི་སྒོ་ནས་སྟངས་འཛིན་བྱེད་བཞིན་ཡོད། ཐ་ན་ནེའུ་རུ་དང་གྷན་དྷིའི་ཁྱིམ་རྒྱུད་ཀྱི་མི་སྣ་རྣམས་ཀྱི་ཆོག་ཆན་མེད་ན་རྒྱལ་ཁབ་ཀྱི་དཔེ་མཛོད་ཁང་ཁག་ཏུ་ཡོད་པའི་ཡིག་ཆ་རྣམས་ཐོབ་ཐབས་མེད། འདི་ནི་དོན་དངོས་ཀྱིས་ནེའུ་རུའི་མཚན་སྙན་ལ་གནོད་སྐྱོན་གཏོང་རྒྱུ་ལས་སྲུང་སྐྱོབ་བྱེད་པ་ཞིག་ཆགས་ཡོད། (དེ་ལྟར་ནའང་ཡིག་ཆ་གཅིག་མཚུངས་མང་དག་ཅིག་ནི་ཨིན་ཡུལ་དུ་ཡོད་པའི་ཨིན་ཇིའི་འགྲེམས་སྟོན་ཁང་དང་དཔེ་མཛོད་ཁང་ནང་ནས་ཐོབ་ཐུབ་ཀྱི་ཡོད།)
བློ་ཕམ་སྐྱེ་གཞིར་འགྱུར་བའི་ནོར་འཁྲུལ་མང་དག་ཅིག་ནི། ནེའུ་རུ་འདས་རྗེས་སུའང་མུ་མཐུད་ཡོད། བྷང་གྷ་ལ་དྷེ་ཤི་ཡི་དམག་འཁྲུག་ནང་རྒྱ་གར་ལ་དེང་རབས་ལོ་རྒྱུས་ནང་ཤིན་ཏུ་ནས་ངེས་ཐག་ཆོད་པའི་རྒྱལ་ཁ་ཞིག་ཐོབ་སྟེ། པ་ཀི་སི་ཐན་གྱི་དམག་མི་ ༩༠,༠༠༠ ལས་མང་བ་རྒྱ་གར་གྱིས་འཛིན་བཟུང་བཀག་ཉར་བྱས་ཡོད། བཀག་ཉར་འོག་ཡོད་པའི་དམག་མི་དེ་དག་ནི་རང་བཙན་གསར་དུ་ཐོབ་ཙམ་ཡིན་པའི་བྷང་གྷ་ལ་དྷེ་ཤི་རྒྱལ་ཁབ་ཀྱིས་ཤར་བྷང་གྷལ་གྱི་མི་དམངས་ལ་སྡུག་སྦྱོང་བཏང་བའི་ཉེས་མིང་འོག་དམག་འཁྲུག་གི་ཉེས་ཅན་པའི་ཚུལ་དུ་ཁྲིམས་ཐག་གཅོད་འདོད་ཡོད་པ་རེད། རྒྱ་གར་གཞུང་གིས་འདི་ནི་ཀསྨིར་གྱི་དཀའ་ངལ་རྩ་བ་ནས་འགྲིག་འཇགས་ཡོངས་ཐབས་སུ་པ་ཀི་སི་ཐན་དང་ལྷན་དུ་གྲོས་མོལ་བྱེད་པའི་ལག་ཆ་ཞིག་ཏུ་བཀོལ་སྤྱོད་བྱེད་ཐུབ་ངེས་ཤིག་ཆགས་ཡོད་ཀྱང། ཨིན་ཌི་རྭ་གྷན་དྷིས་སིམ་ལའི་ཆིངས་ཡིག་ཅེས་འབོད་པའི་ཤོག་འཛར་ཞིག་དང་བརྗེ་ལེན་བྱེད་དོན་དུ་གསེར་ལས་དཀོན་པའི་གོ་སྐབས་འདི་དོར་བ་རེད།
ནོར་འཁྲུལ་འདིའི་བཀའ་དྲིན་ལ་བརྟེན་ཏེ་པ་ཀི་སི་ཐན་གྱིས་ཀསྨིར་གྱི་ནང་དུ་སྔར་ལས་ལྷག་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད།
*སྒྱུར་རྩོམ་དེའི་ཚིག་དོན་གང་རུང་ལ་དོགས་འཆར་མཆིས་ཚེ་དྲ་གནས་ཁ་བྱང་ http://tibet.net/2016/08/the-great-indian-prime-minister-nehru-and-the-china-tibet-blunder/ དེའི་ཐོག་ཨིན་ཡིག་གི་མ་རྩོམ་ལ་གཟིགས་པར་འཚལ།
ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ་ཞུ་བ་ཡིན། རྒྱ་གར་ནི་ངའི་སེམས་ནང་གི་དགྲ་བོ་ངོ་མ་དེ་གྱུར་ནས་ཡུན་རིང་སོང་ཡོད།