ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཁ་སང་བཞུགས་སྒར་ར་ཛ་སྤུར་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་ཡོད་འདུག
སྤྱི་འཐུས་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། དཔལ་ས་སྐྱ་༧སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། ཁ་སང་ཕྱི་ཚེས་ ༡༨ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་གྱི་ཐོག་རྡེ་ར་རྡུན་དུ་ཡོད་པའི་བཞུགས་སྒར་ར་ཛ་སྤུར་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་པ་རེད།
དཔལ་ས་སྐྱ་སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ནས་བྱང་ཨ་རིའི་ཕྱོགས་སུ་ཆིབས་བསྒྱུར་གནང་ནས་ཨ་རིའི་མངའ་སྡེ་མང་པོ་ཞིག་ལ་ཞབས་སོར་བཀའ་དྲིན་བསྐྱངས་ཏེ། ས་གནས་བོད་རིགས་གཙོ་བོར་གྱུར་པའི་ནང་ཆོས་དོན་གཉེར་ཅན་མང་པོ་ཞིག་ལ་ཆོས་འབྲེལ་དང་བཀའ་སློབ་ལམ་སྟོན་སོགས་གྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་། རིམ་བཞིན་ཁུལ་དེའི་མཛད་རིམ་ཁག་གྲུབ་ནས་ཡོ་རོབ་ཀྱི་ཕྱོགས་སུ་ཆིབས་བསྒྱུར་གནང་ནས་སྦེ་ཇམ་དང་། སི་པན། ཧྥ་རན་སི། པོ་ཅུག་གྷལ། འཇར་མན་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་གསུང་ངག་ལམ་འབྲས་གཉིས་གཙོས་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་མཛད་རིམ་ཁག་ལེགས་སྒྲུབ་ཟིན་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བཀོད་གནང་ཡོད་པ་དང་། ལྡི་ལི་ནས་མེ་འཁོར་བརྒྱུད་ཁ་སང་ཉིན་གུང་ཕྱག་ཚོད་ ༡།༢༠ ཡས་ཡས་ཐོག་རྡེ་ར་རྡུན་མེ་འཁོར་བབ་ཚུགས་སུ་ཕེབས་འབྱོར་གནང་ཡོད་ཅིང་། སྐབས་དེར་གདུང་སྲས་རིན་པོ་ཆེ་རྣམ་གཉིས་དང་ཞབས་དྲུང་རིན་པོ་ཆེ་བཅས་གཙོས་པའི་ཆོས་སྡེ་ཁག་གི་མཁན་པོ་ལས་སྣེ་རྣམ་པ་དང་། ཁྱབ་ཁོངས་ཆོས་བརྒྱུད་སྤྱི་འཐུས་རྣམ་གཉིས། གཞན་ཡང་ཉེ་འཁོར་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ་བཅས་ཀྱིས་ཕེབས་བསུའི་མཇལ་དར་སྒྲོན་འབུལ་ཞུས་ཡོད་པ་དང་། དེ་ནས་ཆིབས་འཁོར་ཐོག་ཆིབས་བསྒྱུར་མཛད་ནས་ར་ཛ་སྤུར་དཔལ་ས་སྐྱའི་གདན་སའི་དགེ་འདུན་པ་དང་གཉུག་མ་གནས་པའི་མི་མང་བཅས་ནས་མཆོད་རྫས་དང་སེར་སྦྲེངས་ཀྱིས་བསུ་བ་ཟབ་རྒྱས་ཀྱི་ཐོག་ནས་ཉིན་གུང་ཕྱག་ཚོད་གཉིས་པའི་ཐོག་བཞུགས་སྒར་སྒྲོལ་མ་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།