མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒན་པད་མ་འཕྲིན་ལས་ལགས་ལ་བོད་གནས་བསྐྱར་ཞིབ་དུས་དེབ་སྐོར་བཅར་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཕྲན་བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་རྒན་པད་མ་འཕྲིན་ལས་ལགས་སུ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་། སྐབས་དེར་ཁོང་གིས། འཚོ་བའི་བརྒྱུད་རིམ་དང་འབྲེལ་ནས་བོད་གནས་བསྐྱར་ཞིབ་(Tibetan Review) ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་དཀའ་ངལ། ད་དུང་དུས་དེབ་ཀྱི་རྩོམ་ཡིག་རྒྱུ་ཆ་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་བ་ཁག་སྒྲ་འཇུག་བྱས་ཏེ་ཡིག་ཐོག་ཏུ་ཕབ་པ་ཡིན། ལྷན་རྒྱས་ཚོའི་བཅར་འདྲི་འདི་བརྒྱུད་དེ་ལོ་ ༤༨ ཙམ་དམིགས་ཡུལ་དང་རེ་བ། དཀའ་ངལ་སྣ་མང་ཞིག་གི་འོག མདུན་སྐྱོད་བྱེད་བཞིན་པའི་དུས་དེབ་ཅིག་གི་འགྲུལ་བཞུད་མཐོང་ཐུབ

TibetTimes-2
བོད་གནས་བསྐྱར་ཞིབ་ཀྱི་ད་ལྟའི་རྩོམ་སྒྲིག་པ་རྒན་པད་མ་འཕྲིན་ལས་ལགས།

དྲི་བ། བཀྲ་ཤིས་བདེ་ལེགས། རྒན་པད་མ་འཕྲིན་ལགས། དང་པོ་སྐུ་ཉིད་ཀྱིས་ང་ལ་བཅར་འདྲིའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུ། རྒན་ལགས་ལ་བོད་གནས་བསྐྱར་ཞིབ་དུས་དེབ་དང་འབྲེལ་བའི་སྐོར་བཅར་འདྲི་དངོས་སུ་མ་ཞུས་སྔོན་ལ། སྐུ་ཉིད་ཀྱི་སློབ་སྦྱོང་དང་ལས་ཀའི་བརྒྱུད་རིམ་ངོ་སྤྲོད་ཅིག་གནང་རོགས།

ལན། ང་རང་ཕྱི་ལོ་ ༡༩༦༤ ལོར་དབུས་གཙང་ཁུལ་གྱི་གྲོང་གསེབ་གཙང་རོང་ 1. ཞེས་པར་སྐྱེས་པ་དང་། དེ་ནས་རྒྱ་གར་སླེབས་ཏེ་འཛིན་རིམ་བཅུ་པའི་བར་དྷ་སྟེང་བོད་ཁྱིམ་སློབ་གཉེར་བྱས་ཤིང་། རྗེས་སུ་སློབ་གྲྭས་ངོས་ནས་རྒྱ་གར་སློབ་གྲྭ་(Sardar Patel Vidyalaya)ལ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཐོག་སློབ་གཉེར་བྱ་རྒྱུའི་སློབ་མའི་ཁོངས་སུ་བདམས་ཐོན་བྱུང་། དེའི་རྗེས་ལྡི་ལིའི་མཐོ་སློབ་(Hindu College )ལ་ཚོང་འབྲེལ་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་རྗེས། ཡང་བསྐྱར་ལྡི་ལིར་ཁྲིམས་ལུགས་ཐོག་(LL.B,LL.M)གཉིས་ཀ་ཐོན་པ་བྱུང་། དེ་ནས་དྲིལ་བསྒྲགས་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་(Human Rights Desk) ལ་ལས་ཀ་དུས་ཡུན་གང་འཚམས་རིང་བྱས་རྗེས། སྐབས་དེར་ངས་དྲིལ་བསྒྲགས་ལ་ཡིག་ཆ་ཕྱོགས་བསྒྲིགས་བྱེད་སའི་ལྟེ་གནས་ཁང་(Documentation Centre) ཞིག་ཐོག་མར་གསར་འཛུགས་བྱས་པ་ཡིན་ལ། གཞུང་འབྲེལ་གསར་འཕྲིན་(Tibetan Bulletin) གྱི་རྩོམ་སྒྲིག་པའང་ལོ་གཅིག་ཙམ་བྱས་པ་དྲན་གྱིན་འདུག ང་རང་བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་བྱས་པའི་ལས་ཀ་ཐོག་མ་དེ་ ༡༩༩༦ ལོའི་ཟླ་བ་བརྒྱད་པའི་འཇུག་ཙམ་ཡིན། སྐབས་དེ་དུས། བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་ཚེ་རིང་དབང་རྒྱལ་ལགས་ཡིན་པ་དང་། ཁོང་གིས་དྲིལ་བསྒྲགས་ལས་ཁུངས་ལ་(སྐབས་དེ་དུས་བོད་གནས་བསྐྱར་ཞིབ་དྲིལ་བསྒྲགས་ཀྱི་ཁོངས་སུ་ཡོད།) ལོ་གཉིས་རྗེས་ལ། ཁོང་གི་ཚབ་ང་རང་བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་བྱ་རྒྱུའི་བསམ་ཚུལ་ཕུལ་ཡོད་ཀྱང་། སྐབས་དེར་དྲིལ་བསྒྲགས་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་ནས། གནས་སྐབས་རིང་ཁོ་ཚོར་ལས་བྱེད་མི་འདང་བ་སོགས་ཀྱི་དཀའ་ངལ་མེད་སྟབས། དྲིལ་བསྒྲགས་ལས་ཁུངས་རང་ལ་ང་རང་མུ་མཐུད་ལས་ཀ་བྱ་དགོས་པའི་སྐུལ་མ་བཏང་སོང་། དྲིལ་བསྒྲགས་དྲུང་ཆེ་བསྟན་པ་ཚེ་རིང་ལགས་ཡིན་པའི་སྐབས་ཚེ་རིང་དབང་རྒྱལ་ནས་ཡང་བསྐྱར་རེ་སྐུལ་ཞུས་ཏེ། མཐར་གོང་གི་ཟླ་ཚེས་དེར་ང་རང་བོད་གནས་བསྐྱར་ཞིབ་ལ་ལས་ཀ་བྱེད་མགོ་བརྩམས་པ་ཡིན།

དྲི་བ། བོད་གནས་བསྐྱར་ཞིབ་མགོ་བཙུགས་ནས་ད་ལྟའི་བར་ཕལ་ཆེར་ལོ་ངོ་ ༤༩ ཕྱིན་ཚར་འདུག དུས་དེབ་དེ་ཐོག་མ་ག་དུས་མགོ་བཙུགས་པ་དང་། སྐབས་དེ་དུས་དུས་དེབ་ཀྱི་མིང་དང་དམིགས་ཡུལ་གང་འདྲ་ཞིག་གི་འོག་ནས་མགོ་བཙུགས་པ་ཡིན་ནམ། མགོ་འཛུགས་གནང་མཁན་གྲས་སུ་མི་སུ་དང་སུ་ཡོད་པ་རེད།

TibetTimes-5
ཕྱི་ལོ་ ༡༩༦༧ ལོར་རྒྱ་རི་རིན་པོ་ཆེ་ནས་འདོན་སྤེལ་གནང་བའི་ ‘བོད་ཀྱི་སྐད་’ཅེས་པའི་དུས་དེབ།

ལན། དུས་དེབ་ཀྱི་མིང་དང་པོ་དེ། བོད་ཀྱི་འབོད་སྒྲ་( Voice of Tibet ) 2. ཞེས་པ་ ༡༩༦༧ ལོར་རྒྱ་རི་རིན་པོ་ཆེ་ཡིས་རྡོར་གླིང་(Darjeeling)ནས་སོ་སོའི་སྒེར་གྱི་མ་དངུལ་བཏང་སྟེ་ཟླ་ཤས་རིང་པར་སྐྲུན་བྱས་འདུག སྐབས་དེར་ཁོང་གིས་བཙན་བྱོལ་སྤྱི་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་དང་། འགྱུར་འགྲོས་སོགས་མང་ཚོགས་ལ་གསར་འགྱུར་མཁོ་སྤྲོད་བྱ་རྒྱུའི་དམིགས་ཡུལ་བཟུང་ནས་དུས་དེབ་དེ་འདོན་སྤེལ་གནང་བ་ཞིག་རེད། ཁོང་གི་རྗེས་ལ་སྟག་ལྷ་བསྟན་འཛིན་ངག་དབང་3. ལགས་ནས་དུས་དེབ་དེའི་སྣེ་འཁྲིད་རྒྱུ་གཙོ་འགན་བཞེས་ཏེ། ཕྱི་ལོ་ ༡༩༦༨ ལོར་གོང་གི་དུས་དེབ་དེའི་མིང་ “བོད་གནས་བསྐྱར་ཞིབ་”ཞེས་བསྒྱུར་གནང་འདུག སྐབས་དེ་ནས་བཟུང་དུས་དེབ་དེ་བོད་གཞུང་དྲིལ་བསྒྲགས་འོག་འདོན་མགོ་བརྩམས་འདུག དེའི་རྗེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་རྟ་མགྲིན་རྒྱལ་པོ་ལགས་རྣམ་གཉིས་ལྷན་དུ་རྩོམ་སྒྲིག་པའི་ཕྱག་ལས་ཀྱང་གནང་ཡོད། ཕྱི་ལོ་ ༡༩༧༠ ལོར་མཁས་དབང་ཟླ་བ་ནོར་བུ་མཆོག་གིས་མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་པའི་སྐབས་རྩོམ་སྒྲིག་པའི་ཕྱག་ལས་གནང་ཡོད་པ་དང་ཕྱི་ལོ་ ༡༩༧༦ ལོར་ཁོང་ཨ་རིར་འབུམས་རམས་པའི་སློབ་སྦྱོང་གནང་བར་ཕེབས་པ་རེད། དེར་བརྟེན། ཕྱི་ལོ་ ༡༩༧༦ ལོའི་ཟླ་བ་བཅུ་པ་ཙམ་ནས་ཚེ་རིང་དབང་རྒྱལ་ལགས་ཀྱིས་རྩོམ་སྒྲིག་པའི་འགན་འཁུར་ནས་ཁྱོན་བསྡོམས་ལོ་ངོ་ཉི་ཤུ་ཙམ་ལས་ཁུངས་རང་ལ་ཕྱག་ལས་གནང་ནས་བཞུགས་པ་རེད། ཁོང་ཨ་རིར་ཕེབས་པའི་སྐབས་ཟླ་བ་བརྒྱད་ཙམ་རིང་ཁོང་གི་ཚབ་ལ་ལྷ་བཟང་ལགས་ནས་རྩོམ་སྒྲིག་པའི་འགན་འཁུར་འདུག ཕལ་ཆེར་ཐུབ་བསྟན་བསམ་འཕེལ་ལགས་ནས་ཀྱང་ཕྱག་ལས་གནང་ཡོད་ས་རེད། ད་གསལ་པོ་དྲན་གྱིན་མི་འདུག ང་རང་ཕྱི་ལོ་ ༡༩༩༦ ལོའི་ཕྱི་ཟླ་བརྒྱད་པའི་ཟླ་འཇུག་ཙམ་ལ་བོད་གནས་བསྐྱར་ཞིབ་ལ། ལས་ཀ་བྱ་རྒྱུ་མགོ་བཙུགས་ནས་ད་ལྟའི་བར་ལོ་ངོ་ ༢༠ ཙམ་ཕྱིན་སོང་།

དྲི་བ། ང་རང་སློབ་གྲྭར་ཡོད་དུས། བོད་གནས་བསྐྱར་ཞིབ་མ་ཡིན་པའི་དུས་དེབ་གཞན་དཔེར་ན། ཨ་མྱེས་རྨ་ཆེན་གྱིས་བཏོན་པའི་ལྗང་གཞོན་དང་མང་གཙོ། ད་དུང་ཟླ་གསར། རྒན་ཆུང་ཚེ་རིང་ལགས་དང་ཆབ་བྲག་ཕོ་ཉ་རྣམ་གཉིས་ནས་རྩོམ་སྒྲིག་བྱས་པའི་དུས་དེབ་རྩམ་པ་དང་གཞན་དྷ་སའི་རྩོམ་པ་པོ་སྐོར་ཞིག་གིས་མཉམ་རུབ་འོག་དུས་འགྱུར་དང་། ཁ་བ་སོགས་བཏོན་འདུག་ཀྱང་། ད་ལྟ་ཕལ་ཆེ་བ་ཞིག་ཆད་ཚར་འདུག ངའི་གོ་ཐོས་ལ་ཟམ་གདོང་རིན་པོ་ཆེ་སྐབས་གཉིས་པའི་བཀའ་ཁྲིའི་སྐབས་ལ་བོད་གནས་བསྐྱར་ཞིབ་ཀྱི་མ་དངུལ་འགྲོ་གྲོན་གཏང་རྒྱུ་(སྐབས་དེར་བོད་གནས་བསྐྱར་ཞིབ་དྲིལ་བསྒྲགས་ཁོངས་གཏོགས་ཡོད།) བཀག་གནང་བ་རེད་ཟེར་གྱིན་འདུག དེ་རྒྱུ་རྐྱེན་གང་ཞིག་ཡིན་ནམ།

ལན། དེའི་སྐོར་གནས་ཚུལ་ཇི་མ་ཇི་བཞིན་ང་ལ་གསལ་བོ་ཞུ་རྒྱུ་མེད། སྐབས་དེ་དུས་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཡིན་པ་དང་། ཟམ་གདོང་རིན་པོ་ཆེ་ནས་ཁོང་གིས་བརྒྱུད། རྗེས་སོར་བོད་གནས་བསྐྱར་ཞིབ་དྲིལ་བསྒྲགས་ཀྱི་ཁྱབ་ཁོངས་ནས་ཟུར་དུ་འདོན་ཐུབ་ན་ཡག་པོ་ཡོད་པའི་བསམ་ཚུལ་འབྱོར་སོང་། འོན་ཀྱང་དེ་ཡིག་ཐོག་སོགས་ལ་གང་ཡང་མེད་དུས། ངས་གལ་ཏེ་གཞུང་ནས་འགྲོ་གྲོན་མ་གཏང་ན་ཡང་། ལོ་རེར་མ་དངུལ་གྱི་རོགས་སྐྱོར་ཕྲན་བུ་ཙམ་བྱུང་ཐུབ་ན་ཡག་པོ་ཡོད་པའི་བསམ་འཆར་ཞིག་སྙན་སེང་ཞུས་ཀྱང་ཡིག་ལན་སོགས་གང་ཡང་འབྱོར་མ་སོང་། སྐབས་དེ་དུས་སྤྱི་འཐུས་གྲོས་ཚོགས་རྭ་བའི་ནང་ “བོད་གནས་བསྐྱར་ཞིབ་ཀྱིས་བོད་གཞུང་གི་ལྟ་གྲུབ་དང་འགལ་བའི་རྩོམ་ཡིག་མང་པོ་འདོན་གྱིན་འདུག་”ཅེས་གཏམ་འཆལ་ཞིག་ཀྱང་བོད་གཞུང་གི་ལས་བྱེད་ཚོའི་ཁྲོད་ན་ཁྱབ་འདུག་ལ། རྗེས་སོར་བཀའ་ཤག་ནས་དྲིལ་བསྒྲགས་དྲུང་ཆེ་བརྒྱུད་ཡི་གེ་བཏང་བའི་ནང་ “ཁྱེད་ཚོའི་དུས་དེབ་ནང་བོད་གཞུང་གི་སྲིད་བྱུས་དང་འགའ་བའི་རྩོམ་ཡིག་མང་པོ་ཞིག་འདོན་གྱིན་འདུག དེ་གང་འདྲ་རེད་” ཅེས་བསམ་ཚུལ་བཀོད་དུས། ངས་སྐབས་དེར་ “སྤྱིར་བཏང་འཛམ་གླིང་གི་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ། རྒྱ་གར། ཧོང་ཀོང་སོགས་གང་འདྲ་ཞིག་ཡིན་ན་ཡང་། ཁོ་ཚོར་གསར་འགྱུར་དཔར་བསྐྲུན་བྱ་རྒྱུར་གཞུང་ཕྱོགས་ནས་རྒྱབ་སྐྱོར་ཡོད་ལ། གཞུང་གི་ངོས་ནས་ཀྱང་དཔེ་སྐྲུན་གྱི་རང་དབང་ལ་ཐེ་འདོགས་གང་ཡང་བྱེད་ཀྱིན་མེད་པས། ང་ཚོས་དུས་དེབ་བཏོན་པ་འདི་ཡང་བཙན་བྱོལ་བོད་གཞུང་4. གི་དམངས་གཙོའི་ལམ་ལུགས་དེ་སྲ་བརྟན་དང་ཁྱབ་སྤེལ་གཏང་རྒྱུ་ལས་གནོད་གང་ཡང་སྐྱེལ་གྱི་མེད” ཅེས་ཡིག་ལན་ཞིག་ཕུལ་བ་ཡིན། རྗེས་སུ་ཡིག་ལན་སོགས་གང་ཡང་མ་བྱུང་སྟབས། དེའི་སྔོན་ལ་ཕན་ཚུན་སྐད་ཆ་བཤད་པ་ཚང་མ་འབྲས་མེད་དུ་གྱུར་སོང་། སྔོན་མ་ང་ཚོས་རྒྱུན་ལྡན་ལྟར་དུས་དེབ་ཀྱི་མ་དངུལ་འགྲོ་གྲོན་ལྡི་ལི་དོན་གཅོད་བརྒྱུད་ཨ་རིའི་གཞུང་གི་(National Endowment For Democracy) 5. ནས་ལེན་གྱིན་ཡོད་པས། ལོ་བརྒྱད་རིང་དཀའ་ངལ་གང་ཡང་འཕྲད་མ་སོང་། རྗེས་སོར་གཞུང་གི་སྔོན་རྩིས་ནང་ང་ཚོར་ཕྱི་རྒྱལ་ནས་དངུལ་སྤྲོད་རྒྱུ་དེ། དེ་སྔོན་བཀའ་ཤག་ནས་ཆོག་མཆན་སོགས་གང་ཡང་མེད་པའི་གནས་ཚུལ་ཞིག་བྱུང་སྟེ། དྲིལ་བསྒྲགས་བརྒྱུད་བཀའ་ཤག་ལ་ཡི་གེ་ཞིག་ཕུལ་བ་ཡིན། སྐབས་དེར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་འཁྲོལ་སོགས་གང་ཡང་ཐོབ་མ་སོང་། ང་ཚོས་ཡང་བསྐྱར་ཁོང་ལ་ “རྒྱ་གར་གཞུང་ནས་དུས་དེབ་སོགས་ལ་ཕྱི་རྒྱལ་ནས་མ་དངུལ་རོགས་སྐྱོར་བྱ་བར་ཁྲིམས་ཐོག་ནས་(Foreign Contribution Regulation Act ) 6. ཐོ་འགོད་བྱེད་ཆོག་གི་མེད་སྟབས། ལྡི་ལི་དོན་གཅོད་རང་ནས་མུ་མཐུད་མ་དངུལ་ལེན་ཐུབ་ན” ཞེས་རེ་སྐུལ་ཞུས་སྐབས། ཟམ་གདོང་རིན་པོ་ཆེ་མཆོག་ནས་ལོ་གཅིག་རིང་ཕར་འགྱངས་བྱ་རྒྱུ་ཞལ་བཞེས་ཐོབ་སྟེ། དེའི་རྗེས་ཕྱི་རྒྱལ་ནས་མ་དངུལ་རོགས་རམ་བྱ་རྒྱུའི་རྒྱུན་དེ་ཆད་ཚར་བ་རེད། ད་ལྟ་ང་ཚོར་ཕྱི་རྒྱལ་རོགས་ཚོགས་སྐོར་ཞིག་ནས་མ་དངུལ་རོགས་སྐྱོར་བྱ་འདོད་འདུག་ཀྱང་། (FCRA) མེད་པའི་རྐྱེན་གྱིས་རོགས་པ་བྱ་ཐུབ་ཀྱིན་ཡོད་པ་མ་རེད། ད་ལྟ་ང་ཚོས་བོད་མིའི་སྒྲིག་འཛུགས་ལ་ཡང་ལོ་རེ་རེའི་ནང་རོགས་དངུལ་ཆ་ཤས་ཙམ་ཞིག་གནང་ཐུབ་རྒྱུ་རེ་སྒུག་བྱེད་ནས་བསྡད་ཡོད། དེ་སྔོན་བཀའ་ཤག་དང་ཡིག་འབྲེལ་བྱུང་བ་བཞིན། བོད་གནས་བསྐྱར་ཞིབ་འདི་ལོ་གཉིས་རིང་ཚོད་བལྟའི་ཚུལ་དུ་རང་ཁ་རང་གསོ་བྱ་རྒྱུ་ལས། དྲིལ་བསྒྲགས་ནས་མར་འདོན་རྒྱུའི་སྐད་ཆ་སོགས་གང་ཡང་བྱུང་མེད། འོན་ཀྱང་ལོ་ཤས་སྔོན་དྲིལ་བསྒྲགས་རང་གིས་ཕྱོགས་བསྒྲིགས་བྱས་པའི་ལོ་རྒྱུས་དེབ་ཐེར་ཞིག་གི་ནང་ “བོད་གནས་བསྐྱར་ཞིབ་དྲིལ་བསྒྲགས་ཀྱི་ཁོངས་ནས་སོ་སོའི་འདོད་མོས་ཐོག་ལོགས་སུ་བཏོན་པ་རེད་” ཅེས་འཁོད་འདུག འོན་ཀྱང་གནས་ཚུལ་འདི་བདེན་པ་མ་རེད།

དྲི་བ། བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའི་ཁོངས་སུ། རྒན་ལགས་ཀྱི་སྔོན་ལ་སྟག་ལྷ་བསྟན་འཛིན་ངག་དབང་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ད་དུང་མཁས་དབང་ཟླ་བ་ནོར་བུ། ཐུབ་བསྟན་བསམ་འཕེལ་དང་ཚེ་རིང་དབང་རྒྱལ་ལགས་སོགས་ཀྱིས་ཕྱག་ལས་གནང་འདུག་སྟབས། མཁས་དབང་ཟླ་བ་ནོར་བུ་དང་ཚེ་རིང་དབང་རྒྱལ་རྣམ་གཉིས་ཀྱི་སྐབས་ལ་དུས་དེབ་ཀྱི་ལས་ཀ་བྱེད་ཕྱོགས་དང་ནང་དོན་ཐད་དམིགས་བསལ་གླེང་སློང་འདྲ་བྱུང་ཡོད་དམ།

TibetTimes-1ལན། སྔོན་མ་ཟླ་བ་ནོར་བུ་ལགས་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་བའི་སྐབས་ལ། ཁོང་གིས་རྩོམ་སྒྲིག་པའི་གཏམ་ཞིག་ལ། “བོད་ཀྱི་བཀུར་འོས་དབུ་འཁྲིད་ཚོས་བོད་རང་བཙན་གྱི་དོན་ལ་ཤུགས་མ་བརྒྱབ་པར་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནའི་ཐོག་དབུ་འཁོར་ནས་བཞུགས་ཀྱིན་འདུག ”ཅེས་སྐྱོན་བརྗོད་བྱས་སྟབས། གནས་ཚུལ་དེ་མང་ཚོགས་ཁྲོད་གཏམ་འཆལ་བཞིན་ཁྱབ་བརྡལ་ཤུགས་ཆེན་པོ་ཕྱིན་ཏེ། རྗེས་སུ་བོད་མི་རྒན་རབས་ཚོས་ “འདི་ནི་ཟླ་བ་ནོར་བུས་ཐད་ཀར་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་རེད།” ཅེས་དཀྲོག་གཏམ་བཟོས་ཏེ་ཟླ་བ་ནོར་བུའི་ཐོག་ལབ་གླེང་དང་ངོ་རྒོལ་མང་པོ་བྱུང་བ་རེད། རྩོམ་སྒྲིག་པའི་གཏམ་དེ་ངས་རྗེས་ལ་ཀློག་རྒྱུ་གོ་སྐབས་བྱུང་སོང་། སྤྱིར་བཏང་མཁས་དབང་ཟླ་བ་ནོར་བུ་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་སྒང་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ལའང་དོ་སྣང་ཡོད་མཁན་གྱི་མི་ཞིག་ཡིན་ནའང་། སྐབས་དེར་བསམ་བློ་རྙིང་བ་འཛིན་མཁན་སྐོར་ཞིག་གིས་ཁོང་བོད་ཀྱི་ཆོས་རིག་སྐད་གསུམ་ལ་དོ་སྣང་མེད་མཁན་ལྟ་བུ་ཞིག་ལ་ངོས་འཛིན་བྱས་པ་དེ། གོང་གི་གཏམ་འཆལ་འདི་རིགས་མི་མང་ཁྲོད་ཁྱབ་བརྡལ་ཤུགས་ཆེན་པོ་ཕྱིན་པའི་རྐྱེན་གྱིས་རེད། ད་ལྟ་ངས་དྲན་པ་གསོས་པའི་གནས་ཚུལ་ཞིག་ནི། སྐབས་དེ་དུས་ང་རང་(Sardar Patel Vidyalaya) ལ་འཛིན་རིམ་བཅུ་གཉིས་ཀྱི་སློབ་སྦྱོང་བྱེད་བཞིན་ཡོད། དེ་དུས་ཀྱི་བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་ནི། ཚེ་རིང་དབང་རྒྱལ་ལགས་རེད། ལས་ཁུངས་ལ་རྩོམ་སྒྲིག་པ་གཅིག་དང་འགྲེམས་སྤེལ་བྱེད་མཁན་གཅིག གཞན་དངུལ་གཉེར་བརྩིས་པའི་མི་གསུམ་ལས་མེད་ན་ཡང་། རྗེས་སུ་གྲོས་ཚོགས་ནང་དྲིལ་བསྒྲགས་སྡེ་ཚན་ཁོངས་སུ་ལས་བྱེད་མང་པོ་ཡོད་པའི་བསམ་འཆར་བྱུང་སྟེ། བོད་གནས་བསྐྱར་ཞིབ་ཀྱི་ལས་བྱེད་བསྟན་འཛིན་སྒྲོལ་མ་ལགས་ལས་མཚམས་བཞག་དགོས་བྱུང་བ་རེད། ཁྱོན་བསྡོམས་ཁོང་གི་སྐབས་ལས་བྱེད་མི་གཉིས་ལས་མེད་པ་ཆགས་ཡོད།

ཚེ་རིང་དབང་རྒྱལ་ལགས་རྩོམ་སྒྲིག་པ་གནང་སྐབས་དམིགས་བསལ་རྙོག་གྲྭ་ཆེན་པོ་གང་ཡང་བྱུང་ཡོད་པ་མ་རེད། འོན་ཀྱང་ཁོང་གིས་དུས་དེབ་ནང་བོད་ཀྱི་བུད་མེད་ཐོབ་ཐང་དང་འཐབ་རྩོད་སྐོར་ལ་རྩོམ་ཡིག་ཁ་ཤས་བྲིས་ཡོད། སྐབས་དེར་ཁོང་དང་བོད་ཀྱི་བུད་མེད་ལྷན་ཚོགས་བར་རྩོད་གཞི་ཞིག་བྱུང་ཡོད་པ་པ་རེད། ཡང་ཁོང་གིས་ཡབ་གཞིས་དང་བོད་གཞུང་གི་འབྲེལ་བའི་སྐོར་ལ་དགག་རྩོམ་ཁག་ཅིག་ཀྱང་བྲིས་ཡོད། དེ་ཙམ་མ་གཏོགས་དམིགས་བསལ་རྙོག་དྲ་དེ་འདྲ་བྱུང་མྱོང་མེད་བསམ་སོང་། ཁོང་གིས་ཁྱོན་ལོ་ཉི་ཤུ་ཙམ་རིང་བོད་གནས་བསྐྱར་ཞིབ་ལ་ཕྱག་ལས་གནང་པ་རེད།

དྲི་བ། བོད་གནས་བསྐྱར་ཞིབ་འདི་ས་གནས་ག་ཚོད་ནང་འགྲེམ་བཞིན་ཡོད་པ་དང་། དུས་དེབ་ཀྱི་ལས་ཁུངས་ཐོག་མ་ག་པར་བཙུགས་ཡོད་མིན་དང་ད་ལྟ་ལས་མི་ག་ཚོད་ཡོད་དམ།

ལན། བོད་གནས་བསྐྱར་ཞིབ་ཀྱི་ལས་ཁུངས་ཐོག་མ་དེ་རྡོར་གླིང་དུ་རྒྱ་རི་རིན་པོ་ཆེ་ནས་གསར་འཛུགས་བྱས་པ་དང་། དེ་ནས་རྒྱལ་ས་ལྡི་ལིའི་ས་ཆ་གསུམ་ཙམ་ཞིག་ལ་ལས་ཁུངས་བརྗེ་སྤོར་བྱས་འདུག དེ་སྔོན་རྡེ་ར་ལྡུན་ལའང་འཁྱུག་ཙམ་རིང་ལས་ཁུངས་བཙུགས་འདུག ལྡི་ལིར་མཚོན་ན། དང་པོ་(Jor Bagh)དང་དེ་ནས་(East Kailash )ལ་སྤོས་ཏེ་མཐའ་མ་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་ལ་སྤོས་པ་རེད། དུས་དེབ་འདི། ཨ་རི་དང་ཨོ་སི་ཊ་ལི་ཡ། ཡུ་རོབ་ཁོངས་གཏོགས་ཀྱི་རྒྱལ་ཁབ་ཇར་མན་དང་དབྱིན་ཡུལ། ཕ་རན་སི། ཨི་ཊ་ལི། ཨེ་ཤེ་ཡའི་རྒྱལ་ཁབ་ཉི་འོང་དང་ཧོང་ཀོང་། ཐེ་ལྦན། རྒྱ་ནག ད་དུང་རྒྱ་གར་དང་བལ་ཡུལ་སོགས་སུ་མངགས་ཉོ་བྱེད་མཁན་མང་པོ་ཡོད་པ་རེད། ད་ལྟ་ལས་ཁུངས་ནང་རྩོམ་སྒྲིག་པ་གཅིག་དང་། འགྲེམས་སྤེལ་དང་དངུལ་གཉེར་གཅིག་ལྕོག་གཅིག་བཅས་ལས་མེད།

དྲི་བ། ད་ལྟའི་དུས་ཚོད་འདི་དྲ་རྒྱའི་དུས་རབས་ཤིག་རེད། བོད་གནས་བསྐྱར་ཞིབ་ཀྱི་དུས་དེབ་ལ་མཚོན་ན། ཟླ་བ་གསུམ་ནང་ཐེངས་རེར་འདོན་སྤེལ་བྱེད་ཀྱིན་འདུག ངའི་བསམ་པར། དུས་དེབ་དེའི་གསར་འགྱུར་བཀོད་སྒྲིག་བྱེད་སྟངས་ཏོག་ཙམ་རྗེས་ལུས་ཐེབས་ཡོད་པའི་རྣམ་པ་མཐོང་གིན་འདུག རྒན་ལགས་ངོས་ནས་དུས་དེབ་འདིའི་ནོར་འཁྲུལ་དང་རྗེས་སོར་ཡར་རྒྱས་གཏང་དགོས་པའི་ཆ་ག་རེ་ཡོད་རེད་དགོངས་ཀྱིན་འདུག

Tibettimes
ཕྱི་ལོ་ ༡༩༦༨ ལོར་བཏོན་པའི་བོད་གནས་བསྐྱར་ཞིབ་ཀྱི་དུས་དེབ་ཐོག་མ།

ལན། དང་པོ་གསལ་བཤད་བྱ་རྒྱུ་ཞིག་ལ། ད་ལྟ་ང་ཚོའི་དུས་དེབ་འདི་མ་དངུལ་གྱི་དཀའ་ངལ་འཕྲད་བསྡད་ཡོད་སྟབས། སྐབས་རེར་ཟླ་བ་གསུམ་དང་། ཡང་མཚམས་རེར་འདོན་སྤེལ་བྱེད་མི་ཐུབ་པའི་གནས་སྟངས་ཀྱང་བྱུང་མྱོང་ཡོད། ཉེ་ཆར་རང་ལ་བཏོན་པའི་དུས་དེབ་གསར་ཤོས་དེ་ཟླ་དྲུག་གི་རྗེས་ལ་འདོན་ཐུབ་ཙམ་བྱུང་བ་རེད། སྔོན་མ་མཁས་དབང་ཟླ་བ་ནོར་བུ་དང་ཚེ་རིང་དབང་རྒྱལ་གཉིས་ཀྱི་སྐབས་སུ་གློག་འཕྲིན་(Email) མ་གཏོགས་དྲ་རྒྱ་མེད་སྟབས། ཟླ་གཅིག་གི་རྩོམ་ཡིག་ཞུ་དག་དང་གསར་འགྱུར་བཀོད་སྒྲིག་ཚང་མ་བདུན་ཕྲག་གཅིག་གི་ནང་ཚར་གྱིན་ཡོད། ད་ལྟ་སྔོན་མ་དང་མི་འདྲ་བར་གསར་འགྱུར་ཕལ་ཆེ་བ་ཞིག་དྲ་རྒྱའི་ནང་སྔོན་ཚུད་ནས་བཏོན་ཡོད་སྟབས། ང་ཚོའི་དུས་དེབ་དེ་ཕྱོགས་གཅིག་ནས་རྗེས་ལུས་ཐེབས་ཡོད་པ་འདྲ་བོ་མཐོང་གིན་ཡོད། སྤྱིར་བཏང་ང་ཚོའི་དུས་དེབ་འདི་གསར་འགྱུར་བཀོད་སྒྲིག་བྱ་རྒྱུ་ཁོ་ནར་དམིགས་ནས་འདོན་སྤེལ་བྱེད་ཀྱིན་མེད། ང་ཚོའི་དུས་དེབ་ཀྱི་དམིགས་ཡུལ་གལ་ཆེ་ཤོས་དེ། དཔྱད་རྩོམ་དང་བཅར་འདྲི། དུས་དེབ་གཞན་ནང་འདོན་སྤེལ་བྱས་མེད་པའི་རྩོམ་ཡིག་རིགས་འབྲེལ་ཡོད་མཁས་དབང་ཚོའི་ས་ནས་མཁོ་སྤྲོད་བྱ་རྒྱུ་དང་། བོད་དོན་དང་འབྲེལ་བའི་གསར་འགྱུར་དཔྱད་ཞིབ་བྱས་པའི་རྩོམ་ཡིག་རིགས་འདོན་སྤེལ་བྱ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་ལ། ཉེ་ཆར་བཏོན་པའི་དུས་དེབ་འདི་དཔེ་མཚོན་ཡག་ཤོས་ཤིག་ཆགས་ཡོད་བསམ་ཀྱི་ཡོད།

དྲི་བ། རྒན་ལགས་དང་ན་ཚོད་མཉམ་པའི་བོད་པ་མི་རབས་རྒན་པ་རྣམས་སློབ་སྦྱོང་བྱས་པའི་དུས་ཚོད་དེ་མཐུན་རྐྱེན་དང་འགྲོ་གྲོན་སོགས་གང་ཅིའི་ཐད་ནས་ང་ཚོ་ལས་ཞན་པ་ཡོད་ནའང་། སྐབས་དེར་སློབ་སྦྱོང་བྱས་པའི་བོད་མི་སྐོར་ཞིག་ད་ལྟ་ང་ཚོ་བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་ན་མིག་དཔེ་ལྟ་འོས་པའི་མི་སྣ་རྐྱང་རྐྱང་དུ་གྱུར་འདུག་པས། འདི་སྐབས་ཀྱི་བོད་པའི་སློབ་ཕྲུག་དང་ད་ལྟའི་བར་ཕྱོགས་ཡོངས་ནས་ཁྱད་པར་གང་ཞིག་གཟིགས་ཀྱི་ཡོད་དམ།

ལན། ད་ཁྱད་པར་ཆེ་ཤོས་འདི་འགྲོ་གྲོན་རེད་བསམ་གྱིན་འདུག ང་ཚོའི་སྐབས་ཀྱི་བོད་པའི་སློབ་ཕྲུག་ཕལ་ཆེ་བ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེན་པོ་ཡོད་པ་རེད། སྐབས་དེ་དུས་བོད་པའི་སློབ་ཕྲུག་མཐོ་སློབ་ནང་སློབ་སྦྱོང་བྱེད་མཁན་ཡང་ཉུང་ཉུང་ཡིན་ལ། ས་གནས་གཞོན་ནུའི་ཚོགས་འདུ་འདྲ་འཚོགས་དུས་མི་བཅུ་སྐོར་ཞིག་ལས་མེད། སྐབས་དེར་སློབ་ཕྲུག་སྐོར་ཞིག་ལ་མཐོ་སློབ་རག་ཀྱང་བརྒྱ་ཆ་མང་ཉུང་གིས་རྐྱེན་པས། སྡོད་ཁང་སོགས་མ་རག་པར་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེན་པོ་འཕྲད་མཁན་ཡོད་ལ། སྐབས་དེར་བོད་པའི་སློབ་ཕྲུག་ཚོའི་ཁྲོད་དུ་རྐང་འཁོར་ཡོད་མཁན་ཡང་ཉུང་ཉུང་ཡིན། ང་རང་མཐོ་སློབ་ལ་ཡོད་དུས་སློབ་དེབ་དང་ཉེར་མཁོའི་དཔེ་དེབ་རིགས་ཉོ་རྒྱུའི་པད་ཤག་མེད་སྟབས། དུས་ཚོད་ཕལ་ཆེ་བ་ཞིག་དཔེ་མཛོད་ནང་བསྐྱལ་ནས་བསྡད་པ་ཡིན། མཚམས་རེར་དངུལ་སོགས་མ་འདང་ནས་ཉིན་རེར་ཁ་ལག་དུས་གཅིག་ཙམ་ཟོས་ནས་དུས་ཚོད་སྐྱེལ་དགོས་པའང་བྱུང་མྱོང་ཡོད། འགྲུལ་སྐྱེལ་རླངས་འཁོར་གྱི་འཛིན་བྱང་ཡང་ཉོ་མ་ཐུབ་པར་རྐང་པ་བརྒྱབ་ནས་མཐོ་སློབ་ལ་མང་པོ་འགྲོ་མྱོང་ཡོད།

དྲི་བ། དྲི་བ་འདི་ངའི་ངོས་ནས་གལ་ཆེན་པོ་ཞིག་ལ་མཐོང་གིན་འདུག ད་ལྟ་སྔོན་དང་མ་འདྲ་བར་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་གཞོན་སྐྱེས་མང་པོ་ཡོད་ལ། དམིགས་བསལ་འབུམས་རམས་པ་འདོན་མཁན་ཡང་མང་དུ་འགྲོ་བཞིན་ཡོད་སྟབས། ཁོ་ཚོའི་ངོས་ནས་བོད་གནས་བསྐྱར་ཞིབ་ལ་ལྟ་སྟངས་གང་འདྲ་འདུག རྒན་ལགས་ལ་ཁོ་ཚོའི་བོད་དང་འབྲེལ་བའི་དཔྱད་རྩོམ་རིགས་འབྱོར་གྱི་འདུག་གམ།

ལན། སྤྱིར་བཏང་ང་ཚོར་བོད་དང་འབྲེལ་བའི་ཐོག་ཉམས་ཞིབ་བྱེད་མཁན་བོད་རིགས་གཞོན་སྐྱེས་ཚོ་དང་འབྲེལ་བ་བྱ་རྒྱུ་ལས་འཆར་ཞིག་སྔ་མ་ནས་ཡོད་ཀྱང་དངུལ་གྱིས་མ་འདང་བར་ལྷག་ཡོད་པ་རེད། ད་ལྟ་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་པ་རེ་ཟུང་གིས་ང་ཚོར་བོད་དོན་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་རིགས་བསྐུར་ཡོང་གི་འདུག ཉེ་ཆར་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ཚར་ནས་ཉམས་ཞིབ་བྱེད་མཁན་སྐོར་ཞིག་ནས་ཀྱང་རྩོམ་ཡིག་བྱུང་སོང་། གཞན་བོད་དོན་ཐོག་ཉམས་ཞིབ་བྱེད་བཞིན་པའི་ཕྱི་རྒྱལ་བ་ཚོའི་ཁྲོད་ན་ཡང་རྩོམ་ཡིག་བསྐུར་མཁན་མང་པོ་ཡོང་གི་འདུག

དྲི་བ། དུས་དེབ་འདིར་དཔལ་འབྱོར་གྱི་དཀའ་ངལ་དང་གཞན་རྒྱུ་རྐྱེན་མང་པོ་ཞིག་འཕྲད་ན་ཡང་། ད་ལྟའི་བར་རྒྱུན་འཁྱོངས་བྱེད་ཐུབ་པ་དེ་ཡག་པོ་རེད་བསམ་གྱིན་འདུག རྒན་ལགས་ཀྱི་དུས་དེབ་འདོན་སྤེལ་གྱི་ལས་འཆར་དང་འབྲེལ་བའི་སྒང་ད་ལྟ་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱིན་ཡོད་དམ། དུས་དེབ་ཡར་རྒྱས་གཏང་རྒྱུ་དང་འབྲེལ་བའི་ཐོག་དམིགས་བསལ་དགོངས་འཆར་འདྲ་ཡོད་དམ།

TibeTimes-3ལན། ད་ལྟ་ང་ཚོར་དཀའ་ངལ་ཆེ་ཤོས་ཤིག་ནི། འགྲོ་གྲོན་སྒང་ལ་ཐུག་བསྡད་འདུག དཔལ་འབྱོར་གྱི་དཀའ་ངལ་སེལ་ཐུབ་ན་ང་ཚོར་དུས་དེབ་ཡར་རྒྱས་གཏང་རྒྱུ་དང་། རྩོམ་ཡིག་མཁོ་སྤྲོད་བྱ་རྒྱུར་དཀའ་ངལ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག སྔོན་མ་ང་ཚོའི་ལས་ཁུངས་ལ་རྩོམ་ཡིག་སོགས་འབྱོར་རྒྱུ་དཀའ་ངལ་མེད་ཀྱང་། ད་ལྟའི་དུས་ཚོད་འདིར་སེམས་ཤུགས་ཁོ་ནའི་ཐོག་འགྲོ་རྒྱུ་དཀའ་ལས་ཁག་པོ་རེད། གལ་ཏེ་རྩོམ་ཡིག་བསྐུར་མཁན་ཚོར་རྗེས་སོར་རྩོམ་ཡོན་འདྲ་སྤྲད་ཐུབ་ན། དུས་དེབ་ཀྱི་རྩོམ་ཡིག་རྒྱུ་ཆ་དང་ནང་དོན་སོགས་ལ་དངོས་གནས་ཕན་ཐོགས་ཡོང་གི་རེད། སྔོན་མ་ང་གངས་སྐྱིད་ལ་ལས་ཀ་བྱེད་དུས། བོད་གཞུང་གི་ལས་ཁུངས་ཁག་ཅིག་ལ་མ་དངུལ་ཡག་པོ་ཡོད་ནའང་། ཁག་ཅིག་ལ་དཔལ་འབྱོར་མ་འདང་བའི་དཀའ་ངལ་ཕྲད་ཀྱིན་ཡོད། མ་དངུལ་ཡག་པོ་ཡོད་རིགས་ཚོས་ང་ཚོར་རོགས་སྐྱོར་བྱེད་ཐུབ་ན་ཕྱོགས་གཉིས་ཆ་ནས་བོད་ཀྱི་རྩ་དོན་ཐོག་ལས་ཀ་བྱས་པ་དང་གཅིག་མཚུངས་རེད་བསམ་གྱིན་འདུག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའང་དེ་དང་གཅིག་མཚུངས་རེད། དེང་སང་ “བོད་དོན་རྒྱབ་སྐྱོར་ཚོགས་པ་”ཞེས་མིང་ཙམ་འཁུར་ནས་སོ་སོ་རང་གི་ལས་ཁུངས་ཙམ་མ་གཏོགས། བོད་སྤྱི་པའི་དོན་དག་ལ་མཉམ་རུབ་བྱེད་མཁན་ཧ་ཅང་དཀོན་པོ་རེད། དུས་དེབ་ཡར་རྒྱས་དང་བསྒྱུར་བཅོས་གཏང་རྒྱུའི་ལས་འཆར་སྐོར་གཅིག་བཤད་ན། ང་ཚོས་དུས་དེབ་ཀྱི་དམིགས་བསལ་འདོན་ཐེངས་རེ་རེའི་ནང་རྒྱུན་ལྡན་ལྟར་གསར་འགྱུར་བཀོད་སྒྲིག་ཡོད་པའི་སྒང་ལ་དམིགས་བསལ་གནས་ཚུལ་གཅིག་གི་ཐོག་ཞིབ་ཕྲ་བཀོད་རྒྱུ་དེ་རེད། དཔེར་ན། དུས་དེབ་འདོན་ཐེངས་གསར་ཤོས་དེར་༧གོང་ས་མཆོག་གི་གྱ་སྟོན་དང་བསྟུན་ནས་ཁོང་གི་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད། དེ་བཞིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འགྲོ་སྟངས་དང་དབུ་མའི་ལམ་གྱི་སྲིད་བུས་ལ་བསྐྱར་ཞིབ། དེང་སང་མང་ཚོགས་ནང་གླེང་སློང་ཤུགས་ཆེན་པོ་བྱེད་བཞིན་པའི་རྒྱ་གར་མི་སེར་ལག་འཁྱེར་ལེན་དགོས་མིན་སོགས་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་བྱེད་སའི་སྡིངས་ཆ་ཞིག་བསྐྲུན་ཐུབ་པའི་དམིགས་ཡུལ་ཞིག་བཟུང་ཡོད། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ང་ཚོར་མ་དངུལ་རོགས་སྐྱོར་གྱི་ཆ་ཙམ་ཞིག་གནང་རྒྱུའི་རེ་སྐུལ་དང་སྦྲགས་ནས་ཕན་ཚུན་བར་སྐད་ཆ་ཞིག་འགྲོ་བསྡད་ཡོད། གལ་ཏེ་གཞུང་ནས་རོགས་དངུལ་གང་ཡང་མ་ཐོབ་པ་ཡིན་ན་ལས་ཁུངས་སྒོ་རྒྱག་རྒྱུ་ལས་ལམ་ཁ་གཞན་ལྷག་ཡོད་པ་མ་རེད།

དྲི་བ། དྲི་བ་མཐའ་མ་དེ། ད་རྒན་ལགས་ཁྱེད་རང་བོད་གནས་བསྐྱར་ཞིབ་ལ་ཕྱག་ལས་གནང་སྟེ་ལོ་ཉི་ཤུ་ཙམ་ཕྱིན་འདུག་ལ། འདས་པའི་ལོ་ངོ་ཉི་ཤུའི་ལས་ཀའི་བརྒྱུད་རིམ་ནང་རྒན་ལགས་ཀྱི་དུས་ཚོད་དང་གོ་སྐབས་གང་ཅིའི་ཐད་བློས་གཏོང་ཤུགས་ཆེན་པོ་བྱས་ཡོད་སྟབས། དམིགས་བསལ་གཞོན་སྐྱེས་སློབ་སྦྱོང་བྱེད་མཁན་ཚོར་ལམ་སྟོན་འདྲ་གནང་ཡག་ཡོད་དམ།

ལན། ད་དམིགས་བསལ་ལམ་སྟོན་འདྲ་གང་ཡང་མེད། སྤྱིར་བཏང་ང་ཚོའི་དུས་ཚོད་སྐབས་ཕ་མ་དང་དགེ་རྒན་ཚོས་ “སྤྱི་ཚོགས་ལ་ཞབས་ཕྱི་ཞུ་དགོས་”ཞེས་ཐེངས་མང་གསུང་གི་ཡོད་ནའང་། གལ་ཏེ་དང་པོ་སོ་སོ་སློབ་སྦྱོང་དང་དཔལ་འབྱོར་ཐོག་རང་རྐྱ་འཕེར་བ་ཞིག་མ་ཆགས་ན། བོད་སྤྱི་བར་ཞབས་ཞུ་བསྒྲུབ་རྒྱུ་དེ་དཀའ་ལས་ཁག་པོ་རེད། དེར་བརྟེན་བོད་རིགས་གཞོན་སྐྱེས་ཚོས་དང་པོ་སོ་སོའི་ཆེད་ལས་དང་སློབ་ཚན་ག་རེ་སྦྱོང་གི་ཡོད་ན་ཡང་། དེའི་ཐོག་མཐར་ཕྱིན་པ་བྱས་ནས་སྤྱི་ཚོགས་ནང་ལས་ཀ་བྱས་ན་དངོས་གནས་དགེ་མཚན་ཡོད་པ་རེད་དྲན་གྱིན་འདུག དཔེར་ན། ང་འདྲ་བོ་ཞིག་སྔོན་མ་ཁྲིམས་ལུགས་ཐོག་སློབ་སྦྱོང་བྱས་ན་ཡང་། རྗེས་ལ་དྲིལ་བསྒྲགས་ནང་ལས་ཀ་བྱས་སྐབས་དམིགས་བསལ་ཁྲིམས་དང་འབྲེལ་བའི་ཐོག་ནུས་པ་གང་ཡང་འདོན་ཐུབ་ཡོད་པ་མ་རེད། ཐེངས་ཤིག་བོད་གཞུང་ཁྲིམས་ཞིབ་ཁང་ཐོག་མ་གསར་བཙུགས་བྱེད་དུས། ལས་བྱེད་ཚོས་ང་ལ་ང་ཚོའི་ཁྲིམས་ཁང་ལ་(འདིར་བོད་གཞུང་ཁྲིམས་ཁང་ལ་འབོད།)ཁྲིམས་ཐག་གཅོད་པའི་ཐོབ་ཐང་ཡོད་མེད་སྐད་ཆ་དྲིས་བྱུང་། ངས་ “གལ་ཏེ་ང་ཚོས་བར་འདུམ་སྒྲིག་འཛུགས་(Arbitration System)ཤིག་བཟོ་ཐུབ་ན། རྒྱ་གར་གཞུང་དང་འདྲ་མཉམ་གྱིས་ཁྲིམས་ཐོག་ནས་ཐག་གཅོད་བྱེད་པའི་ཐོབ་ཐང་རེག་གི་རེད། ” ལབ་པ་ཡིན། རྗེས་སུ་སྣང་བ་གང་ཡང་བཞག་མ་སོང་། གཞན་དམིགས་བསལ་གཞོན་སྐྱེས་ཚོར་གང་ཡང་བཤད་ཡག་མེད། ད་གཙོ་ཆེ་ཤོས་ཤིག་ནི། “ བོད་གནས་བསྐྱར་ཞིབ་ཀྱི་དུས་དེབ་འདི་ ༡༩༦༧ ལོར་མགོ་བཙུགས་ནས་ད་ལྟའི་བར་ལོ་ངོ་ ༤༩ ཙམ་ཕྱིན་ཡོད་པ་དང་། ད་ལྟ་མ་དངུལ་གྱི་རོགས་སྐྱོར་སོགས་མེད་པའི་རྐྱེན་གྱིས། ང་ཚོའི་དུས་དེབ་འདི་འཆི་གསོན་གྱི་གནས་སྟངས་སྒང་ཐུག་བསྡད་ཡོད་” ཅེས་བརྗོད་འདོད་བྱུང་།

མཆན་འགྲེལ།

  1. རྫོང་ཁ་རྫོང་གི་ཡ་གྱལ་ཡིན།
  2. དུས་དེབ་དངོས་ནང་ ‘བོད་ཀྱི་སྐད་’ཅེས་འཁོད་འདུག
  3. སྤྱི་ལོ་ ༡༩༦༧ ལོའི་དགུན་ཁའི་བོད་ཀྱི་འབོད་སྒྲའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡང་ཁོང་གིས་གནང་འདུག
  4. སྐབས་དེ་དུས་ ‘བོད་མིའི་སྒྲིག་འཛུགས་ ’ཞེས་འབོད་ཀྱི་མེད།
  5. འདི་ཨ་རི་གཞུང་གིས། རྒྱལ་ཁབ་གཞན་ལ་མང་གཙོ་འཕེལ་རྒྱས་གཏང་རྒྱུའི་དམིགས་ཡུལ་བཟུང་ནས་མ་དངུལ་གྱི་རོགས་རམ་བྱེད་ཀྱི་ཡོད། ཚོགས་པ་དེ་སྤྱི་ལོ་ ༡༩༨༣ ལོར་འགོ་བཙུགས་འདུག
  6. ཁྲིམས་ཡིག་འདི། སྤྱི་ལོ་ ༢༠༡༠ ལོར་རྒྱ་གར་གྲོས་ཚོགས་ནང་གཏན་འབེབས་བྱས་པ་ཞིག་རེད་འདུག བཅས་ཁྲིམས་འདི་གཞི་བཟུང་བྱས་ན། གལ་ཏེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུ་ཞིག་གིས་ཕྱི་རྒྱལ་ནས་རོགས་དངུལ་སློང་པ་འམ་ཞལ་འདེབས་བྱུང་ན། དང་པོ་རྒྱ་གར་གཞུང་ལ་ཆོག་མཆན་ཞུས་ནས་ཁྲིམས་ཡིག་དེའི་ནང་དོན་གཞི་བཟུང་བརྩི་བཀུར་ཞུ་དགོས། རྗེས་སོར་དུས་དེབ་སོགས་ལ་(FCRA) ཐོ་འགོད་བྱ་རྒྱུ་བཀག་སྡོམ་བྱས་ཡོད་པ་འདྲ།

གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་ ༢༠༡༦།༨།༡༨ ཉིན་བཅར་འདྲི་ཞུས།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན། བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས། ༢༠༢༥།༦།༡༧
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་འགྲན་ཚོགས་སྒང་ཏོག་ཏུ་འཚོག་མུས་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

༢༠༢༥/༠༦/༡༦
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

༢༠༢༥/༠༦/༡༦
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

༢༠༢༥/༠༦/༡༦
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

༢༠༢༥/༠༦/༡༦

མཆན། 3

  1. མཐར་ཕྱིན། says:
    ལོ་ 9 སྔོན།

    བོད་གནས་བསྐྱར་ཞིབ་འདི་གཞུང་འབྲེལ་དུས་དེབ་ཅིག་མ་རེད། གཞུང་འབྲེལ་དུས་དེབ་ནི་བོད་ཡིག་ཐོག་ཤེས་བྱ་དང་ཨིན་ཡིག་ཐོག་Tibetan Bulletin ཡོད་པ་རེད། གཞུང་གི་དུས་དེབ་ཅིག་གཞུང་ནས་བདག་པོ་མ་རྒྱག་པའི་བཟོ་ལྟ་བུ་བཤད་ན་དྲང་པོ་མ་རེད། ལྷག་པར་དུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་”བཙན་བྱོལ་བོད་གཞུང་གི་ལང་ཕྱོགས་རྐྱང་པའི་རྩོམ་ཡིག་འགོད་དགོས་བྱུང་ན་དཔྱད་ཞིབ་ཚད་ལྡན་ཡོང་གི་མ་རེདལ་དུས་དེབ་ཀྱི་དམིགས་ཡུལ་དང་མ་འཚམ་པ་རེད། དེར་བརྟེན་གཟུར་གནས་ཀྱི་རྩོམ་ཡིག་སྤེལ་ཆེད་གཞུང་གི་སྒྲིག་འཛུགས་ཁོངས་སུ་མེད་པའི་རྩོམ་སྒྲིག་ཚན་པ་གཅིག་ལ་བསྒྱུར་ཐབས་དགོས་པ་དང་། དེ་ཡང་དུས་དེབ་རང་ཉིད་ཀྱི་ནུས་པར་བརྟེན་ནས་རང་སྐྱ་འཕེར་བ་བྱ་དགོས།” ཞེས་ལམ་སྟོན་གནང་བ་དེ་ད་ཆ་ལག་པ་འཕྱི་ས་བྱས་ནས། ཧ་ལམ་ཟམ་གདོང་རིན་པོ་ཆེས་དུས་དེབ་འདི་ནུས་མེད་བཟོས་པ་འདྲ་པོ་བཤད་ན་མ་རབས་རེད།
    དེང་སྐབས་ཕ་ཡུལ་དང་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་སོགས་ཨིན་ཡིག་ཐོག་གསར་འགྱུར་དང་རྩོམ་ཡིག་འགོད་ས་ཡག་ཐག་གཅོད་ཡོད་པ་རེད།

    Reply
  2. དཔའ་ཆེན་དོན་གྲུབ་ says:
    ལོ་ 9 སྔོན།

    ནང་དོན་ནི་དབུ་མའི་ལམ་ལ་བསྐྱར་ཞིབ། བོད་མི་རྣམས་རྒྱ་གར་མི་སེར་བཟོ་རྒྱུའི་སྐོར་སོགས་བོད་མི་དང་འབྲེལ་བ་ཡོད་པ་ཤ་སྟག་རེད་འདུག དེར་བརྟེན་དེབ་འདི་བོད་ཡིག་ནང་ལ་དགོས་པ་ལས་དབྱིན་ཡིག་ནང་ལ་རྒྱུན་ཆད་ཀྱང་སྐྱོན་མེད་པ་འདྲ།

    Reply
  3. ཙོང་ཁ་སྐལ་བཟང་། says:
    ལོ་ 9 སྔོན།

    ང་ཚོ་བོད་གཞུང་མང་གཉིས་ནས་ ༼ བོདགནས་བསྐྱར་ཞིབ་ ༽ འདི་སྔར་ལས་ཡར་རྒྱས་གཏོང་བར་དཔལ་འབྱོར་ཕྱོགས་ནས་རོགས་སྐྱོར་ངེས་པར་དུ་བྱེད་དགོས། བོད་གནས་བསྐྱར་ཞིབ་འདི་བཙན་བྱོལ་ནང་ཡོད་པའི་དབྱིན་སྐད་ཀྱི་དུས་དེབ་སྐད་གྲགས་ཆེ་ཤོས་དེ་ཡིན་ནོ། བོད་གནས་བསྐྱར་ཞིབ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese