རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་རྣམས་བཙན་གྱིས་གཏོར་ཏེ་གྲྭ་བཙུན་གྱི་གྲངས་འབོར་ལ་ཚོད་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པའི་སྡུག་བསྔལ་མ་བཟོད་པར་བཙུན་མ་ཚེ་རིང་སྒྲོལ་མ་དང་སེམས་དགའ་ཞུ་བ་གཉིས་ཀྱིས་རང་ཤི་བརྒྱབ་འདུག
ཨོ་སི་ཊོ་ལི་ཡར་ཡོད་པའི་ཆབ་སྲིད་བཙོན་ཟུར་ཤེལ་དགེ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། གསེར་རྟ་བླ་རུང་སྒར་པདྨ་མཁའ་འགྲོའི་འདུ་གླིང་དུ་སློབ་གཉེར་གནང་བཞིན་པའི་ཕ་ཡུལ་ཁྱུང་མཆུ་རྫོང་རྨེ་བ་གསེར་དེའུ་ཡུལ་ཚོ་ནས་ཡིན་པ་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས། རྒྱ་གཞུང་གི་སུན་གཙེར་བཙན་གཏོར་གྱི་སྡུག་བསྔལ་མ་བཟོད་པར་སྐེ་བཏགས་ཏེ་རང་ཤི་བརྒྱབ་ཡོད་འདུག
མོས་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང་དུ། རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་པདྨ་མཁའ་འགྲོའི་འདུ་གླིང་གི་ཁང་པ་རྣམས་བཙན་གྱིས་གཏོར་ཏེ། གྲྭ་བཙུན་ཚོད་འཛིན་གྱི་གནོན་ཤུགས་མ་ཐེག་པར་རང་ཤི་བརྒྱབ་པ་ཡིན་སྐོར་བྲིས་ཡོད་འདུག
གཞན་ཡང་། འཛམ་ཐང་རྫོང་རྐ་མདའ་མདོ་བ་ཕྱོགས་ནས་ཡིན་པའི་བཙུན་མ་སེམས་དགའ་ཞུ་བ་ཞིག་གིས་ཀྱང་རང་ཤི་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང་། ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག
རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་བཙན་གྱིས་གཏོར་བ་དང་། གྲྭ་བཙུན་མང་པོ་ཆོས་སྒར་ནས་ཕྱིར་ཕུད་གཏོང་བཞིན་ཡོད་པའི་སྡུག་བསྔལ་མ་བཟོད་པར་ཉེ་སྔོན་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་ཀྱང་རང་ཤི་བརྒྱབ་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༠༡ ལོར་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་བཙན་གཏོར་ཕྱིར་ཕུད་ཀྱི་བྱ་འགུལ་ཤུགས་ཆེན་སྤེལ་བར་བརྟེན། སྐབས་དེ་ལའང་གསེར་རྟ་བླ་རུང་སྒར་གྱི་བཙུན་མས་རང་ཤི་བརྒྱབ་པ་དང་། གྲྭ་བ་ཁག་ཅིག་སེམས་སྡུག་དང་སུན་སྣང་གིས་སེམས་ཁམས་ཐང་པོ་མེད་པ་ཆགས་ཡོད་པ་མ་ཟད། སྡུག་བསྔལ་གྱིས་མནར་ཏེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།