བོད་མིའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡུ་རོབ་གྲོས་ཚོགས་ངོས་རྒྱ་ནག་གཞུང་ལ་དངོས་འབྲེལ་བསམ་ཚུལ་འདོན་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད་པ་རེད།
རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སྔ་དྲོར་བོད་མིའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་སྦག་ (Strasbourg) ནང་ཡོད་པའི་ཡུ་རོབ་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱངས་སྐབས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མར་ཊེན་ཤཱུལ་ཛི་ (Martin Schulz) མཆོག་གཙོས་པའི་ཡུ་རོབ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཐོར་བྷན་རྗག་ལན་ཌི་ (Thorbjørn Jagland) མཆོག་དང་། ཡུ་རོབ་ལྷན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ནེལ་སི་མུ་ཛེ་ནེ་ཁི་སི་ (Nils Muižnieks) མཆོག་བཅས་ཀྱིས་ཕེབས་བསུ་དང་མཇལ་འཕྲད་གནང་ཡོད་འདུག
སྐབས་དེར་༧གོང་ས་མཆོག་གིས་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་དངོས་འབྲེལ་བསམ་ཚུལ་བཏོན་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལ། “ངོས་ཀྱིས་བོད་མི་མང་གི་དཀའ་རྙོག་སེལ་ཐུབ་པའི་རེ་བ་བྱས་ཡོད་ལ། ཕྱིའི་རྒྱལ་ཁབ་ཁག་དང་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས། རྒྱ་ནག་གཞུང་ལ་དངོས་འབྲེལ་བསམ་ཚུལ་ཞིབ་ཕྲ་བཏོན་པའི་རེ་སྐུལ་ཞུ་རྒྱུ་ཡིན།” ཞེས་གསུངས་ཡོད་འདུག
སྐབས་དེར་༧གོང་ས་མཆོག་གིས་གསར་འགོད་པར་བརྗོད་དོན། “སྐབས་རེར་དངོས་འབྲེལ་བསམ་ཚུལ་བཏོན་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། ཕན་ཐོག་ཀྱང་ཆེ་བ་ཡོང་གི་རེད།” ཅེས་གསུངས་ཡོད་འདུག
གནས་ཚུལ་འདིའི་ནང་། ༧གོང་ས་མཆོག་དང་ཕྱིའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་བར་མཇལ་འཕྲད་གནང་བར་བརྟེན་ཏེ། ཕྱིའི་རྒྱལ་ཁབ་ཁག་དང་པེ་ཅིན་གཞུང་བར་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འབྱུང་གི་ཡོད་སྐོར་དང་། ཡུ་རོབ་གྲོས་ཚོགས་ཀྱི་གདན་ཞུ་གནང་བ་ལྟར་ད་ལན་༧གོང་ས་མཆོག་ཡུ་རོབ་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱངས་ཡོད་ནའང་། ཧྥ་རན་སིའི་གཞུང་གི་དཔོན་རིགས་ཚོར་མཇལ་འཕྲད་གནང་མེད་སྐོར་སོགས་བཀོད་འདུག
གནས་ཚུལ་འདིའི་ནང་ད་དུང་པེ་ཅིན་གཞུང་གིས། ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་དང་ཁོང་གིས་བོད་རང་བཙན་བྱེད་འདོད་ཡོད་ལུགས་བཤད་པ་དང་། ༧གོང་ས་མཆོག་ནས་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་ཙམ་ལས་འཚེ་བའི་ལས་སུ་རྒྱབ་སྐྱོར་གནང་གི་མེད་སྐོར་གསུངས་ཡོད་པ་སོགས་བཀོད་འདུག
གསར་འགོད་པ། པདྨ་རྒྱལ།