ཕྱི་ཚེས་ ༢༢ ཉིན་གྱི་མཚན་གུང་ཙམ་ལ་ལི་ཐང་རྫོང་ཁོངས་སུ་ས་ཡོམ་རིམ་པ་ ༤.༩ དང་ ༥.༡ ཅན་ཞིག་སྔ་གཞུག་ཏུ་བྱུང་སྟེ་སྡོད་ཁྱིམ་ ༣༠༠ ལྷག་ལ་ཚད་རིམ་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། ཕྱི་ཚེས་ ༢༢ ཉིན་གྱི་མཚན་གུང་ཙམ་ལ་དཀར་མཛེས་ཁུལ་ལི་ཐང་རྫོང་ཁོངས་སུ་ས་ཡོམ་རིམ་པ་ ༤.༩ དང་ ༥.༡ ཅན་ཞིག་སྔ་གཞུག་ཏུ་བྱུང་སྟེ། ལི་ཐང་རྫོང་ཁོངས་ཀྱི་གྲོང་ཚོ་ཁག་ ༨ ནང་ཁྱོན་སྡོད་ཁྱིམ་ ༣༠༠ ལྷག་ལ་ཚད་རིམ་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་པ་དང་། དེ་བཞིན་སྤྱི་ལེ་ ༢༠ བར་གྱི་གཞུང་ལམ་དང་ཟམ་པ་ ༢༠ ལྷག་ལ་རྡིབ་སྐྱོན་བྱུང་བ་སོགས་དཔལ་འབྱོར་ཐད་ཁྱོན་རྒྱ་སྒོར་ཁྲི་ ༢༠༠༠ ལྷག་(༢༧༦༠)གི་གྱོང་གུད་ཐེབས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་དང་། ད་ལྟའི་བར་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་ཡར་ཞུ་བྱུང་མེད་སྐོར་བསྒྲགས་འདུག
ཡང་གནས་ཚུལ་དེའི་ནང་། ད་ལྟ་མི་སྣ་ཆེད་གཏོང་གིས་གནོད་ཐེབས་མྱུར་སྐྱོབ་དང་ཡུལ་དངོས་ལྟ་ཞིབ་བྱེད་བཞིན་པའི་སྒང་ཡིན་ལ། ཉེ་འཁྲིས་སུ་ཡོད་པའི་འབའ་ཐང་རྫོང་ཁོངས་སུའང་ལྟ་ཞིབ་གནོད་འགོག་གི་ལས་གཞི་སྤེལ་གྱི་ཡོད་ལ། སློབ་གྲྭ་ཁག་གི་སློབ་མ་རྣམས་གནས་སྐབས་རིང་བདེ་འཇགས་ཀྱི་སར་གནས་སྤོར་དུ་འཇུག་གི་ཡོད་སྐོར་སོགས་བརྗོད་འདུག
ས་གནས་བོད་མི་ཞིག་གིས་འདི་གར་ཡོད་པའི་ནང་མི་ཞིག་ལ། ལི་ཐང་རྫོང་ཐོག་ནས་སྤྱི་ལེ་ ༢༠ སར་ཡོད་པའི་བྲག་དཀར་ལ་རྩ་དང་འབུམ་ནག་མཆོད་རྟེན་སོགས་འབྲོག་ཁུལ་ཁག་ཅིག་ཏུ་ས་ཡོམ་ཆེན་པོ་བྱུང་སྟེ་ཁང་པར་རྡིབ་སྐྱོན་བྱུང་ཡོད་ཀྱང་། ལི་ཐང་གྲོང་ནང་དུ་གནོད་པ་ཐེབས་མེད་ལ། གྲོང་ནང་དུ་ཡོད་པ་ཁ་ཤས་ཀྱིས་ས་ཡོམ་བརྒྱབ་པའང་ཤེས་ཚོར་བྱུང་མེད་ལུགས་དང་། མདང་དགོང་ཁོང་ཚོ་ཉལ་མ་ཕོད་པར་བསྡད་ཡོད་ཀྱང་ས་ཡོམ་བསྐྱར་དུ་བྱུང་མེད་སྐོར་འགྲེལ་བརྗོད་གནང་འདུག
གསར་འགོད་པ། པདྨ་མཚོ།