བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་ཏེ་ལོ་གསུམ་ཟླ་གསུམ་འགོར་རྗེས་ཁོང་གི་ཆུང་མ་དང་ཕྲུ་གུ་གཉིས་དྷ་རམ་ས་ལར་འབྱོར་ཏེ། གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལ་ངོ་ཐུག་པའི་ཞོར་དུ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དྲི་བ་འགའ་གཏོང་རྒྱུ་ཡིན་འདུག
ཁ་སང་དགོང་མོའི་ཆུ་ཚོད་ ༩ པའི་སྟེང་། བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐྱེས་དམན་ལྕམ་ཡཱེལ་ཕཱཧྥིརེ་(Yael Pferrer)ལགས་དང་། ཕྲུ་གུ་གཉིས་བཅས་ཨི་སི་རེལ་ནས་དྷ་རམ་ས་ལར་འབྱོར་ཏེ་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་དང་ནང་མི་ལྷན་འཛོམས་ཐེངས་དང་པོར་བྱུང་ཡོད་པ་རེད།
དེ་ནི་ཨི་སི་རེལ་(Israel)རྒྱལ་ཁབ་ཏུ་སྡོད་པའི་བོད་མི་སྐྱབས་བཅོལ་བ་ཁ་ཤས་ཀྱིས་སྣེ་འཁྲིད་དེ་སྐད་འཕྲིན་ཚོགས་པ་ཞིག་ལས་ཞལ་འདེབས་བསྡུས་ཏེ། འགྲོ་སོང་ཆ་ཚང་ནར་གཏོང་གིས་ཁོང་མ་སྨད་གསུམ་ཐེངས་འདིར་དྷ་རམ་ས་ལར་ཆེད་དུ་ཨ་མ་སྡོམ་པོ་སྐྱིད་ལ་ངོ་ཐུག་པར་བཏང་བ་ཞིག་ཡིན་འདུག
ཁོང་གསུམ་ཟླ་འདིའི་ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་། ཚེས་ ༥ ཉིན་གྱི་ཞོགས་པར་མེ་འཁོར་ལ་བསྡད་དེ་པན་ཇབ་མངའ་སྡེའི་གྲོང་ཁྱེར་ཨ་མིར་སཱར་དུ་འབྱོར་སྐབས། དེ་གར་དྷ་རམ་ས་ལ་ནས་མདོ་སྨད་རྒྱུན་ལས་ཀྱི་གོ་སྒྲིག་འོག་རླངས་འཁོར་ཆེད་གཏོང་གིས་ཕེབས་བསུར་བཅར་ཡོད་འདུག
མདང་དགོང་ཆུ་ཚོད་དགུ་བའི་ཐོག་ཁོང་མ་སྨད་གསུམ་དྷ་རམ་ས་ལར་འབྱོར་མ་ཐག མདོ་སྨད་དབུས་དང་ས་གནས་རྒྱུན་ལས་གཙོས་པའི་དྷ་ས་ཁུལ་གྱི་མི་མང་གིས་ཕེབས་བསུའི་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཨ་མ་སྡོམ་པོ་སྐྱིད་ལགས་ཀྱིས་ཕྲུ་གུ་གཉིས་ལ་ཁ་བཏགས་སྒྲོན་བཞིན་སྐེ་ལ་འཐམ་སྐབས་ཁོར་ཡུག་གི་མི་ཚང་མར་སྐྱོ་སྣང་གི་ཚོར་བ་ཟབ་མོ་བཞག་ཡོད་འདུག
ལྕམ་ཡཱེལ་ཕཱཧྥིརེ་ལགས་ཐེངས་འདིར་དྷ་རམ་ས་ལར་བདུན་ཕྲག་གཉིས་ལྷག་རིང་འདུག་རྒྱུ་ཡིན་ཞིང་། ཉིན་ཤས་རྗེས་༧གོང་ས་མཆོག་གིས་ཁོང་མ་སྨད་གསུམ་ལ་མཇལ་ཁ་གནང་རྒྱུ་ཡིན་པ་དང་། དེའི་རྗེས་ལ་དྷ་རམ་ས་ལ་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཅིག དེ་བཞིན། དྷ་ས་ཁུལ་གྱི་བོད་དོན་ལས་འགུལ་བ་བཅས་ལ་ཐུག་འཕྲད་གནང་རྒྱུ་ཡིན་འདུག
གླིང་ཚ་ཚེ་བརྟེན་རྡོ་རྗེ་ལགས་ཀྱི་བུ་མོ་ཐར་མ་མཚོ་(Tamari)ད་ལྟ་རང་ལོ་ ༧ ཡིན་པ་དང་། བུ་ཁ་བའི་ལྷ་སྲས་(Ereli)ད་ལྟ་རང་ལོ་ ༤ ཡིན་འདུག ཐོག་མ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཨི་སི་རེལ་ནས་ཁོང་མ་སྨད་གསུམ་ལ་ཁ་གྱེས་ཏེ། རྒྱ་གར་ལ་བོད་དོན་ལས་འགུལ་སྤེལ་བར་ལམ་ལ་ཆས་སྐབས་བུ་མོ་ཐ་མ་མཚོ་རང་ལོ་ ༣ དང་། བུ་ཁ་བའི་ལྷ་སྲས་ཟླ་བ་ ༦ ལས་སོན་མེད།
ལྕམ་ཡཱེལ་ཕཱཧྥིརེ་ལགས་སུ་ཐེངས་འདིར་དྷ་རམ་ས་ལར་འབྱོར་ཏེ་ཚོར་བ་ཅི་བྱུང་དྲིས་པར། “དོ་ནུབ་ས་རུབ་ཡོད་སྟབས་དྷ་རམ་ས་ལའི་ཁོར་ཡུག་ལ་ལྟ་ཐུབ་ཀྱི་མི་འདུག་མོད། ཚེ་བརྟན་རྡོ་རྗེ་ཡི་ཨ་མ་ལགས་དང་། སྔོན་ཆད་ཀྱི་ངོ་ཤེས་གྲོགས་པོ་འགའ་རེ། དེ་བཞིན། ངེད་གཉིས་སྔོན་ཆད་མཉམ་དུ་འགྲོ་སའི་སྲིང་ལམ་སོགས་མཐོང་ན། དགའ་བ་དང་སྐྱོ་བ་གཉིས་ཀ་མཉམ་དུ་སྐྱེ་ཡོང་གི་འདུག ང་དོ་ནུབ་ལོ་ངོ་ ༩ རྗེས་སུ་དྷ་རམ་ས་ལར་དང་པོ་འབྱོར་བ་རེད།” ཅེས་བརྗོད་བྱུང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་ཞི་བའི་གོམ་བགྲོད་ཀྱིས་ ༢༠༡༣ ཟླ་ ༦ ཚེས་ ༨ ཉིན་བོར་བརླག་ཕྱིན་ཏེ་ད་བར་ལོ་ ༣ དང་ཟླ་ ༣ ལྷག་ཕྱིན་ཡོད། ཨ་མ་སྡོམ་པོ་སྐྱིད་ལགས་སུ་ཚེ་བརྟན་རྡོ་རྗེ་ཡི་ཕྲུ་གུ་གཉིས་ལ་ཐུག་པའི་ཚོར་བ་དྲིས་པར། “ང་རང་གི་བུ་ལ་ངོ་ཐུག་མ་ཐུབ་ཀྱང་། དེ་རིང་བུའི་ཕྲུ་གུ་གཉིས་ལ་ཐུག་ཐུབ་པ་འདི་ལ་ཧ་ལས་པ་ཞིག་དགའ་སོང་། ང་དེ་རིང་གི་དགའ་བ་འདི་ལྟ་བུ་ཞིག་ཚེ་བརྟན་རྡོ་རྗེ་བོར་བརླག་ནས་ལོ་གསུམ་རྗེས་ཀྱི་ཐེངས་དང་པོ་དེ་ཡིན། ང་ཚོ་ངོ་ཐུག་ཏུ་འཇུག་མཁན་ཚང་མ་ལ་ཐུགས་རྗེ་ཆེ། ལས་ཀ་འདི་ལ་འགྲོ་སོང་གཏོང་མཁན་དང་ལས་ཀ་བྱེད་མཁན་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།” ཞེས་བརྗོད་སོང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་བརླག་ཏུ་ཕྱིན་པའི་ལོ་ཤས་རྗེས། ཚེ་བརྟན་རྡོ་རྗེ་ཡི་ཨ་ཕ་ཚེ་མགོན་ལགས་ཀྱི་གཟུགས་པོ་བདེ་མིན་འོག་ཕྱིར་བོད་དུ་ལོག་ཡོད་པ་དང་། ཨ་མ་སྡོམ་པོ་སྐྱིད་ལགས་ད་ལྟ་དྷ་རམ་ས་ལའི་འབྲེལ་བ་ལས་ཁུངས་སུ་མ་ཆེན་གྱི་ལས་ཀ་བྱེད་བཞིན་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཐོག་མ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་ཨི་སི་རེལ་རྒྱལ་ཁབ་ནས་བཟའ་ཟླ་བུ་ཕྲུག་དང་བཅས་པར་ཁ་གྱེས་ཏེ། རྒྱ་གར་དྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་གནང་ཆེད། དགོས་འདུན་དོན་ཚན་ ༥ བསྣམས་ཏེ་བཞུགས་སྒར་དྷ་རམ་ས་ལར་འབྱོར་ཡོད། ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་དྷ་སའི་གཙུག་ལག་ཁང་དུ། གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་མཛད་སྒོ་གྲུབ་པ་དང་བསྟུན་ཏེ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད། སྲིང་མོ་ལྷ་མོ་སྐྱིད་བཅས་ཀྱིས་བོད་སྐྱོད་ཞི་བའི་གོམ་བགྲོད་དངོས་སུ་མགོ་འཛུགས་གནང་ཡོད།
སྐབས་དེར་དྷ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། དེ་བཞིན། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་མང་གཙོ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཕེབས་སྐྱེལ་འོག ཉིན་ ༦༠ རིང་རྒྱ་གར་གྱི་མངའ་སྡེ་ ༦ བརྒྱུད་དེ་སྤྱི་ལེ་ ༡༣༠༠ གོམ་བགྲོད་གནང་མཐར། ལོ་དེའི་ཕྱི་ཟླ་ ༥ ཚེས་ ༡༣ གྱི་མཚན་མོར་རྒྱ་གར་དང་བལ་ཡུལ་ས་མཚམས་གྷོ་རག་པུར་དུ་བལ་བོའི་མཐའ་སྲུང་དམག་གིས་བཀག་འགོག་བྱས་སྟབས། ཚེ་བརྟན་རྡོ་རྗེ་ཡིས་ཨ་མ་དང་སྲིང་མོ་གཉིས་བཞག་སྟེ་མཚན་མོ་ཞིག་ལ་ཁོ་རང་གཅིག་པུ་ཕྱིན་ཡོད།
ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བལ་ཡུལ་ཐཱེང་ཀོ་ཊི་འགག་སྒོ་ནས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༡༥ ཉིན་བལ་གཞུང་ཁྲིམས་ཁང་གིས་བལ་ལོ་ལྔ་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་རྗེས། ཁོ་རང་གིས་བཙོན་ཁང་ནས་ཞི་བའི་ངག་བཅད་ངོ་རྒོལ་གནང་པ་དང་། རྗེས་སུ་བཙོན་གྲོལ་ཐོབ་སྟེ་ ༢༠༡༣ ཟླ་ ༢ ཚེས་ ༡༤ ཉིན་རྒྱ་གར་དྷ་རམ་ས་ལར་འབྱོར་ཏེ་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཐོབ་རྗེས་ཞི་བའི་ངག་བཅད་མཚམས་འཇོག་གནང་ཡོད།
༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་དྷ་རམ་ས་ལའི་གཙུག་ལག་ཁང་དུ། གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་མཛད་སྒོ་གྲུབ་པ་དང་བསྟུན་ཏེ། གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་གོམ་བགྲོད་ཐེངས་གཉིས་པ་མགོ་འཛུགས་གནང་། སྐབས་དེར་ཁོང་གིས་ཉིན་ ༨༩ རིང་རྒྱ་གར་གྱི་མངའ་སྡེ་ ༦ ཙམ་བརྒྱུད་དེ་སྤྱི་ལེ་ ༢༡༤༨ ལ་གོམ་བགྲོད་གནང་མཐར། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་གྱི་ནུབ་བྷང་གྷིལ་མངའ་སྡེའི་ཀ་ལོན་སྦུག་སད་རྒྱུད་གྲྭ་ཚང་ནས་ཅ་དངོས་ཙག་ཙིག་དང་རྐང་འཁོར་སོགས་བཞག་སྟེ་ཕྱིན་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ ༢༠༡༣ ཟླ་ ༦ ཚེས་ ༦ ཉིན་ཆེས་མཐའ་མཇུག་ཏུ་གནས་ཚུལ་ཞིག་དྲ་ལམ་དུ་བཀྲམས་པའི་ནང་། “ང་དེ་རིང་བར་དུ་ཞི་བའི་གོམ་བགྲོད་ལ་གས་ཆག་མ་ཤོར་བར་སྤྱི་ལེ་ ༢༡༤༨ དང་ཉིན་གྲངས་ ༨༩ ། མངའ་སྡེ་ ༦ ཙམ་སོང་ཚར་ནས་མི་རིང་བར་མངའ་སྡེ་བདུན་པ་ཞིག་བརྒྱུད་ནས་རང་ཡུལ་གངས་ཅན་ལྗོངས་སུ་རང་ལུས་འདི་འཕེན་ཐུབ་བྱེད་དགོས་པ་དེ་ཡིན། རང་ལུས་འདི་བོད་ཡུལ་ལ་སླེབས་ཉིན་ནས་ནམ་ཞིག་ང་རང་ལ་མཇུག་འབྲས་གསུམ་མ་གཏོགས་གང་ཡང་མེད། གཅིག་གར་སོང་ཆ་མེད། གཉིས་སྡུག་སྦྱོང་མནར་གཅོད་ཁྲོད་ནས་ཤི་རྒྱུ། གསུམ་ལོ་ངོ་མི་ཉུང་བ་ཞིག་ལ་ཁྲིམས་བཅད་ཀྱིས་སྡུག་ལས་སྣ་དགུ་མྱངས་ནས་རྒྱའི་བཙོན་འོག་ནས་ལུས་རྒྱུ་དེ་ཡིན།” ཞེས་བཀོད་འདུག
ད་དུང་གནས་ཚུལ་དེའི་ནང་། “ང་མ་ཤི་བར་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་དང་༧གོང་ས་རྒྱལ་བའི་དབང་བོ་བོད་དུ་གནད་འདྲེན་ཞུ་ཆེད། ཤི་བོ་ཚོའི་ཁ་ཆེམས་ལ་རང་ནུས་གང་ཡོད་ཀྱིས་འབད་འབུངས་བྱེད་ཀྱི་ཡོད་ལ། མུ་མཐུད་དུ་བྱེད་ངེས་པ་མ་ཟད། ང་རང་སྟབས་མ་ལེགས་པར་གང་ཞིག་ནས་ཤི་སོང་བ་ཡིན་ཡང་། སྐྱེ་བ་རྗེས་མར་རང་ཡུལ་བོད་དུ་སྐྱེས་ནས་བསྟུད་མར་བོད་མི་རིགས་ཀྱི་བདེན་དོན་རྩོད་མཁན་ཞིག་གི་སྐྱེ་བ་ལེན་པར་སྨོན་ལམ་ད་ལྟ་ནས་རྒྱག་གི་ཡོད།” ཅེས་སོགས་བཀོད་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་འབོད་ཚིག་ ༥ ནི། ༡། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ༢། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས། ༣། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། ༤། བོད་མིར་རང་ཡུལ་ནས་ཆས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། ༥། ད་ལྟ་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱ་དགོས་པ་བཅས་རེད།
ཞིབ་ཕྲའི་གནས་ཚུལ་འདིར་བཀོད་ཡོད། ༼ ཨ་ཕ་བོད་དོན་དུ་བོར་ནས་ལོ་གཉིས་ཕྱིན་ཐལ།༽
༅༅།གླིང་ཚ་རྡོར་གྱི་བཟའ་ཟླ་དང་བུ་ཕྲུག་གཉིས་རྡ་སོར་འབྱོར་བར་བཀྲིས་བདེ་ལེགས་ཡོད།
ངས་ཞུ་མི་དགོས་པ་ཁྱེད་རྣམས་ནས་གནང་གི་ཡོད་ཤག་་་ཕྲུག་གུ་གཉིས་བོད་ཁྲག་ཡིན་པར་བརྟེན།
ངེས་པར་དུ་རྡ་ས་བུ་ཁྱིམ་ཏུ་སློབ་འཇུག་ཡོང་བ་གནང་རོགས།
ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད།
གསར་འགྱུར་ཆ་ཚང་བ་དང་ཁ་གསལ་བོ་ཞིག་བྲིས་འདུག
གཞུང་དང་ཚོགས་པ་ཁག་ལ་དྲི་བ་འགའ་གཏོང་རྒྱུ་ཡིན་འདུག་ཟེར་བ་དེ་གསར་འགོད་པའི་ཧ་ཅང་རྣོ་ངར་ལྡན་པའི་ཚིག་ཅིག་རེད།
ངོ་མ་ཡིད་འགུལ་ཐེབས་པ་ཞིག་རེད། གླིང་ཚ་ཚང་ལ་གདུང་སེམས་མཉམ་སྐྱེས་ཞུ་བཞིན་ཡོད།