རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྟེང་རྒྱ་ནག་དབུས་སྤྱི་བདེ་ཉེན་རྟོག་ལྷན་ཁང་གི་མགོ་གཙོ་གཞོན་པ་མཱིང་ཧོང་ཝེ་ཟེར་བ་དེ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུ་བསྐོ་བཞག་བྱས་པ་ཡོད་འདུག
ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ (Interpol) ཀྱི་ཚོགས་ཆེན་ཐེངས་ ༨༥ པའི་ཐོག དེ་སྔའི་འགན་འཛིན་ལྕམ་མེ་རེ་ལི་ (Mireille) ཡི་ཚབ་ཏུ་རྒྱ་ནག་དབུས་ཉེན་རྟོག་ལྷན་ཁང་གི་མགོ་གཙོ་གཞོན་པ་མཱིང་ཀོང་ཝེ་ (Meng Hongwei)བསྐོ་བཞག་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས། ཐེངས་འདིར་རྒྱ་ནག་དབུས་ཉེན་རྟོག་མགོ་བ་ཞིག་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་པར་བསྐོས་པ་དེས། ཕྱི་ཕྱོགས་ཀྱི་རྒྱ་ནག་གཞུང་ལ་འགོག་རྐྱེན་བཟོ་མཁན་ཚོའི་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་སྲིད་པར་སེམས་འཚུབ་བྱེད་བཞིན་ཡོད་འདུག
ཤར་ཨེ་ཤ་ཡའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་བྷི་ཁུ་ལེན་ (Bequelin)ལགས་ཀྱིས། ཐེངས་འདིར་མཱིང་ཧོང་ཝེ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུ་བསྐོ་བཞག་བྱས་པ་དེས། མ་འོངས་པར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་བརྒྱུད་དེ། རྒྱ་ནག་ནས་ཕྱིའི་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་ཡོང་མཁན་དང་རང་དབང་དམངས་གཙོ་དོན་གཉེར་ཚོར་དམ་དྲག་བྱ་རྒྱུ་དམིགས་འབེན་དུ་འཛིན་སྲིད་པའི་ཉེན་ཁ་ཡོད་པ་མ་ཟད། མཱིང་ཀོང་ཝེས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གཞིར་བཟུང་གི་ལས་དོན་ལེགས་པོ་ཞིག་བསྒྲུབ་མི་སྲིད་སྐོར་སོགས་བརྗོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་ (Lu Kang) ཟེར་བས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ནས་མཱིང་ཀོང་ཝེ་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུ་བསྐོ་བཞག་བྱས་པ་དེར་རྒྱ་ནག་གཞུང་གིས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་རྒྱ་ནག་གཞུང་གིས་མུ་མཐུད་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་ལས་དོན་ཐོག་རམ་འདེགས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ཁོར་ཡུག་ལ་བདེ་འཇགས་བསྐྲུན་རྒྱུ་ཡིན་ལུགས་བཤད་འདུག
མཱིང་ཀོང་ཝེ་ཡིས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་ང་ཚོ་རྒྱལ་སྤྱིའི་སྤྱི་མང་བདེ་འཇགས་ཐད་དཀའ་ཁག་ལ་ཐུག་ཡོད་སྟབས། འདས་པའི་ལོ་ངོ་འདི་དག་རིང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱིས་ཉེན་རྟོག་སྒྲིག་འཛུགས་ཀྱི་རྩ་འཛིན་ཁག་གཞིར་བཟུང་སྟེ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཁག་བར་མཉམ་ལས་དང་ནུས་པ་མཐོར་འདེགས་བཏང་ཡོད་ལུགས་བརྗོད་འདུག ཕྱི་ལོ་ ༢༠༡༤ ཟླ་ ༡༠ མཱིང་ཀོང་ཝེ་ཡིས་རྒྱ་ནག་སྤྱི་བདེ་ཉེན་རྟོག་པ་ཚོར་སེ་རི་ཡའི་ནང་གི་ཆབ་སྲིད་སྒྲིག་འཛུགས་ཁག་དམིགས་འབེན་གཙོ་བོར་བཟུང་སྟེ་གྲ་སྒྲིག་བྱེད་དགོས། ཞེས་སོགས་བཤད་ཡོད་འདུག
མིང་ཀོང་ཝེ་ཟེར་བ་དེ་འདས་པའི་ལོ་ངོ་ ༡༢ རིང་རྒྱ་ནག་དབུས་ཉེན་རྟོག་ལྷན་ཁང་གི་མགོ་གཙོ་གཞོན་པ་ཡིན་འདུག རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་ཚོགས་ཆེན་ཐེངས་ ༨༥ པ་དེ་ཟླ་འདིའི་ཕྱི་ཚེས་ ༧ ནས་ ༡༠ བར་ཨིན་དྷི་ནི་ཤེ་ཡའི་གླིང་ཕྲན་བྷ་ལེ་ནང་ཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་ཚོགས་མིའི་རྒྱལ་ཁབ་ ༡༩༡ ནས་རྒྱལ་ཁབ་ ༡༦༧ ཀྱི་སྐུ་ཚབ་དང་ཉེན་རྟོག་གཙོ་འཛིན་ ༡༢༠༠ ཙམ་མཉམ་ཞུགས་བྱས་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།