ཉིན་འདི་འགར་རྒྱལ་སྤྱི་དང་རྒྱ་ནག་གི་གློག་བརྙན་སྟེགས་བུར་གླེང་སློང་ཆེན་པོ་བྱེད་བཞིན་པའི་བོད་པའི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་<<ཐར་ལོ>>ཞེས་པའི་གློག་བརྙན་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན།
བོད་ནང་གི་གློག་བརྙན་འཕྲིན་སྟེགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་དྲོར་བོད་ནང་གི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ། བོད་ཀྱི་གློག་བརྙན་ <<ཐར་ལོ་>>ཞེས་པའི་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔའ་རྩེ་དང་ཡུམ་སྐྱབས་གཉིས་གཙོས་པའི་སློབ་ཆེན་དེའི་དགེ་སློབ་ཡོངས་མཉམ་ཞུགས་གནང་ཡོད་འདུག
བགྲོ་གླེང་དབུ་འཛུགས་སྟེང་དགེ་རྒན་དཔའ་རྩེ་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་དོན། པདྨ་ཚེ་བརྟེན་ཁོང་གི་གློག་བརྙན་དག་ལ་མཚོན་ན། ཁོང་གི་གློག་བརྙན་མང་པོ་ཞིག་གི་ནང་དུ་ཁོང་གི་ཐུན་མོང་མ་ཡིན་པའི་མིག་དབང་དང་ཚོར་བ་རྣོན་པོ་དེ་ལ་བརྟེན་ནས། བོད་ཁུལ་གྱི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་བྱེ་བྲག་པ་དག་ཕྲ་ཞིང་ཞིབ་པའི་སྒོ་ནས་གློག་བརྙན་དེ་དག་གི་ནང་དུ་མཚོན་པར་བྱས་ཡོད། དེ་ལ་བརྟེན་ནས་མི་ཐམས་ཅད་ལ་བོད་ཀྱི་རིག་གནས་དང་བོད་ཀྱི་དངོས་ཡོད་འཚོ་གནས་ཀྱི་ཐད་ལ་ངེས་ཤེས་གསར་པ་ཞིག་འགྲོང་ཐུབ་པའི་མཐུན་རྐྱེན་མང་པོ་ཞིག་སྐྲུན་ཡོད་པ་རེད། ཅེས་བརྗོད་འདུག
དེའི་རྗེས་དགེ་རྒན་ཡུམ་སྐྱབས་ལགས་བརྗོད་དོན། དེ་རིང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་འདིར་ཕེབས་ཏེ་ང་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་བྱུང་བ་འདི་ཧ་ཅང་ཡག་པོ་འདུག ང་རང་ཡང་ཁོང་གི་སློབ་ཆེན་སྐབས་ཀྱི་སློབ་གྲོགས་ཤིག་ཡིན། འོན་ཀྱང་མི་སོ་སོའི་འབད་བརྩོན་དང་གྲུབ་འབྲས་ཀྱིས་ད་ལྟ་ངེད་ཅག་ལ་བར་ཁྱད་ཆེན་པོ་སོང་འདུག སྤྱིར་དེ་རིང་མི་མང་པོ་ཡོད་པ་དང་དྲི་བའང་མང་པོ་ཡོད་ས་རེད་དེ། ཡིན་ཡང་ཚང་མར་ལན་སྟེར་བའི་དུས་ཚོད་མེད་སྟབས་དེ་ལུགས་སློབ་གྲོགས་རྣམ་པའི་ཐུགས་འཇགས་འཚལ། ཉེ་ལམ་འགའ་རེས་ད་ལྟའི་ཀྲུང་གོའི་གློག་བརྙན་དག་གི་ནང་དུ་<<ཐར་ལོ་>>ལྟ་བུའི་བསམ་བློའི་གཏིང་ཟབ་པའི་གློག་བརྙན་ཞིག་བྱུང་མི་འདུག་ཅེས་ཟེར་གྱིན་འདུག་ལ། ད་དུང་ཉེ་ལམ་ང་རང་པེ་ཅིན་ནས་རྒྱ་རིགས་ཞིབ་མཇུག་སློབ་མ་ཁ་ཤས་ལ་ཐུག་སོང་། ཁོང་ཚོས་བོད་ཀྱི་དགེ་བཤེས་ཤིག་གིས་གྲུབ་མཐའ་འཁྲིད་ཀྱིན་འདུག་ཟེར། ངས་ཁོང་ཚོར་བོད་ལ་གྲུབ་མཐའ་འཁྲིད་མཁན་མི་ཁྲི་གཅིག་མེད་ཀྱང་མི་སྟོང་གཅིག་བརྒྱ་ཆ་བརྒྱ་ཡོད་ཐག་ཆོད་ཡིན། འོན་ཀྱང་འཛམ་གླིང་ལ་པདྨ་ཚེ་བརྟན་གཅིག་ལས་མེད་ཅེས་ལན་བཏབ་པ་ཡིན། ཞེས་བརྗོད་འདུག
འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་བརྗོད་དོན། ཐོག་མར་ཁྱེད་རང་ཚོ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ང་རང་མ་ཡུམ་སློབ་གྲྭ་རུ་ཐོན་དེ་མ་ཡུམ་སློབ་གྲྭའི་དགེ་སློབ་ཚོ་དང་མཉམ་དུ་ཁ་བརྡ་བྱེད་རྒྱུའི་གོ་སྐབས་རག་པ་འདི་ལ་ཧ་ཅང་དགའ་སྤྲོ་ཆེན་པོ་བྱུང་། དེ་ནས་<<ཐར་ལོ་>>ནི་ང་རང་གིས་འཁྲབ་འཁྲིད་བྱས་པའི་བོད་སྐད་གློག་བརྙན་ལྔ་པ་དེ་ཡིན། འདི་ཕབ་སྐྲུན་གྱི་གོ་རིམ་ལ་དུས་ཚོད་ཟླ་བ་གཅིག་ལྷག་རིང་ཕབ་སྐྲུན་བྱས་པ་ཡིན། འཛམ་གླིང་གི་གློག་བརྙན་དུས་ཆེན་སུམ་བཅུ་ལྷག་ལ་ཞུགས་ཤིང་། འཁྲབ་ཁྲིད་པ་རྩེ་གྲས་དང་བརྙན་ལེན་རྩེ་གྲས། འཁྲབ་གཞུང་རྩེ་གྲས། གཏམ་རྒྱུད་གློག་བརྙན་རྩེ་གྲས། འཁྲབ་སྟོན་པ་རྩེ་གྲས་སོགས་ཀྱི་བྱ་དགའ་བཅུ་གསུམ་བཅུ་བཞི་ལྷག་ཅིག་འཐོབ་བྱུང་། དེ་ནས་ཐོག་མར་གློག་བརྙན་འདི་ཕབ་སྒྲིག་ལེགས་འགྲུབ་བྱུང་མ་ཐག་ཏུ་འཛམ་གླིང་གི་གློག་བརྙན་དུས་ཆེན་གསུམ་གྱི་ཡ་གྱལ་ཝེ་ནེ་སི་གློག་བརྙན་དུས་ཆེན་གྱི་གཟིགས་འབུལ་མཛད་སྒོའི་སྟེང་དུའང་ཞུགས་ཐུབ་སོང་། དེ་ནས་ཐེངས་འདིར་<<ཐར་ལོ>>རྒྱལ་ཡོངས་ནས་གཟིགས་འབུལ་བྱེད་པའི་གོ་སྐབས་འདི་འདྲ་ཞིག་འཐོབ་པར་ཧ་ཅང་དགའ་སྤྲོ་ཆེན་པོ་བྱུང་ཡོད། དེ་མིན་དེ་རིང་གཙོ་བོ་འུ་ཅག་གིས་ཕན་ཚུན་བར་བགྲོ་གླེང་བྱེད་པ་དང་། དྲི་བ་དྲིས་ལན་གྱི་སྟེང་ནས་གླེང་མོལ་བྱས་ན་ཡག་པོ་འདུག ཅེས་བརྗོད་འདུག
དགེ་རྒན། ཐར་ལོའི་ལག་པའི་ནང་ནས་ཤོག་སྦག་བཀད་པ་དེས་ཅི་ཞིག་མཚོན་པ་དང་། མང་པོ་ཞིག་གིས་རང་སྲོག་བཅད་པ་ཡིན་མིན་ཐད་གླེང་སློང་འབྱུང་གིན་འདུག
པདྨ་ཚེ་བརྟན། དེས་རང་ལ་ཉེས་ཆད་བཅད་པ་ཙམ་ལས་ཐར་ལོ་ལྟ་བུའི་མི་ཞིག་གིས་རང་སྲོག་གཅོད་མི་སྲིད། དེ་མིན་ཉེ་ལམ་མང་པོ་ཞིག་གིས་ཐར་ལོའི་མཇུག་འབྲས་ག་འདྲ་ཡིན་ནམ། ཐར་ལོ་འདོན་ཐེངས་གཉིས་པ་ཞིག་ཕབ་སྐྲུན་བྱས་ན་ཅི་འདྲ་ཞེས་དྲི་བ་འདོན་ཡོང་གིན་འདུག འོན་ཀྱང་དེར་ང་ལའང་གསལ་ཁ་འདེབས་རྒྱུ་མེད། གནས་སྐབས་འདོན་ཐེངས་གཉིས་པ་སོགས་ཀྱི་དྲ་སྒྲིག་གང་ཡང་མེད།
དགེ་རྒན། གློག་བརྙན་འདི་མཚོན་ཐབས་ཀྱི་ཆ་ནས་ཚང་མ་ཚོན་མེད་དུ་བཟོས་པའི་དམིགས་ཡུལ་དང་། དེ་ལྟར་བྱ་དགོས་པའི་མཚོན་དོན་ག་རེ་ཡོད།
པདྨ་ཚེ་བརྟན། སྤྱིར་བཏང་འཛམ་གླིང་གློག་བརྙན་ལོ་རྒྱུས་འཕེལ་རིམ་ཁྲོད། ཐོག་མར་ཚོན་མེད་གློག་བརྙན་དང་སྒྲ་མེད་གློག་བརྙན་ནས་ཚོན་ལྡན་དང་སྒྲ་ལྡན་ཅན་དུ་གྱུར་པ་རེད། འོན་ཀྱང་ད་ལྟ་ཚོན་མེད་གློག་བརྙན་བཟོ་བཞིན་ཡོད་པ་འདི་མཚོན་སྟངས་ཀྱི་ཆ་ནས་རེད། ཐར་ལོར་མཚོན་ན་ཁོ་རང་རིག་གསར་གྱི་འཚོ་བ་བརྒྱུད་མྱོང་མཁན་ཞིག་དང་། དེའི་ལྟག་རྒྱབ་ཀྱི་འཚོ་བ་རོལ་མཁན་ཞིག་ཡིན་པའི་ཆ་ནས་འཚོ་བ་དེ་མཚོན་བདེ་བའི་ཕྱིར་དུ་ཚོན་མེད་དུ་བཟོས་པ་ཡིན།
སློབ་མ། ཁྱེད་ཀྱི་བརྩམས་སྒྲུང་མང་པོ་དང་ཐར་ལོ་སོགས་ཀྱི་ནང་དུ་ཧ་ཅང་ཁེར་རྐྱང་དང་ཆིག་རྐྱང་གི་སྣང་ཚུལ་འདི་ཤུགས་དྲག་པོ་རེད། དེ་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བ་ཡོད་དམ།
པདྨ་ཚེ་བརྟན། ངའི་བརྩམས་སྒྲུང་དག་གི་ཁྲོད་ནས་ང་རང་མཐོང་ས་ཧ་ཅང་མང་པོ་ཡོད་རྒྱུ་རེད། འོན་ཀྱང་གློག་བརྙན་ནི་ཕབ་སྐྲུན་ཆོག་མཆན་གྱི་དབང་གིས་ཅུང་བཤད་ཁག་པོ་རེད། སྤྱིར་བཏང་བརྩམས་སྒྲུང་ལ་ཚད་བཀག་དེ་འདྲ་མེད་པའི་རྐྱེན་གྱིས་བརྩམས་སྒྲུང་དག་གི་ནང་དུ་ང་རང་གི་ནང་སེམས་ཀྱི་ཚོར་བ་དང་ཧ་ཅང་ཐག་ཉེ་བོ་ཡོད་ངེས་རེད། གློག་བརྙན་ནི་ཚད་བཀག་ཡོད་སྟབས་ཅུང་དཀའ་མོད། ཐེངས་འདིའི་<<ཐར་ལོ་>>ནི་ངའི་བརྩམས་སྒྲུང་དངོས་དང་བར་ཐག་ཧ་ཅང་ཉེ་ཤོས་ཀྱི་གློག་བརྙན་དེ་ཡིན། ང་ལ་མཚོན་ན་གསར་རྩོམ་གྱི་ཆ་ནས་གློག་བརྙན་ལ་བལྟས་ནའང་བརྩམས་སྒྲུང་དག་ལ་ཚོར་བ་ཆེན་པོ་ཡོད། དེ་ནས་ངའི་གློག་བརྙན་ཚང་མ་དངོས་ཡོད་འཚོ་བ་མཚོན་པ་ཤ་སྟག་ཡིན་སྟབས། ཁྱེད་ཅག་གིས་ངའི་གློག་བརྙན་དག་ལ་དེ་ལྟར་བལྟས་ན་འགྲིག་སྙམ།
སློབ་མ། ཐར་ལོའི་ནང་དུ་གཡང་མཚོ་དང་ཐར་ལོ་གཉིས་ཀྱི་འབྲེལ་འདྲིས་ཀྱི་གོ་རིམ་དེ་མཐའ་གཅིག་ཏུ་མེ་ལོང་དུ་འཆར་བར་བྱས་པའི་རྒྱུ་མཚན་ཅི་ཡིན།
པདྨ་ཚེ་བརྟན། སྤྱིར་བཏང་བོད་ཀྱི་རིག་གནས་ནང་དུའང་མེ་ལོང་ལས་མཚོན་ཐབས་བྱས་པ་མང་པོ་འདུག དཔེར་ན། ཆུ་ནང་གི་དྲ་བ་ཟེར་བ་དང་། མེ་ལོང་ནང་གི་གཟུགས་བརྙན་ཟེར་བ། སྙན་ངག་མེ་ལོང་མ་སོགས་ཀྱི་ནང་དུ་མེ་ལོང་བཀོལ་ཧ་ཅང་མང་པོ་རེད། དེ་ནས་སྤྱིར་མེ་ལོང་ནི་གློག་བརྙན་གྱི་མཚོན་ཐབས་སུ་བཀོལ་བ་མང་པོ་ཡོད་རེད། ཐར་ལོ་ནི་མི་ཧྲང་ཞིག་རེད། ཁོ་རང་ཐོག་མར་གྲོང་ཁྱེར་དུ་ཐོན་དེ་སྐྲ་བཞར་བུ་མོ་གཡང་མཚོ་ལ་བརྩེ་དུང་ཆགས་པ་དེ་ཕྱོགས་གཅིག་ནས་ངོ་མ་ཞིག་གི་སྣང་ཚུལ་ཡོད་པ་དང་། ཕྱོགས་གཅིག་ནས་བརྩེ་དུང་རྫུན་མ་ཞིག་གི་སྣང་ཚུལ་ཡང་ཡོད་སྟབས། དེ་དག་མེ་ལོང་ནང་དུ་ཤར་བར་བྱས་ཏེ་གསལ་པོར་མཚོན་པར་བྱས་པ་རེད།
སློབ་མ། ཁྱེད་ཀྱིས་གློག་བརྙན་ཐར་ལོ་ལ་བསྐྱར་དུ་བལྟས་ཚེ། ད་དུང་མ་འདང་ས་དང་ཡིད་མ་ཚིམ་ས་སོགས་འདུག་གམ།
པདྨ་ཚེ་བརྟན། སྤྱིར་གློག་བརྙན་ནི་སྒྱུ་རྩལ་ཐེངས་གཅིག་ཅེས་ལབ་སྲོལ་ཡོད་རེད། དེ་བཞིན། གློག་བརྙན་ནི་མ་རྩ་ཆེན་པོ་དང་བཟོ་བཅོས་སྟབས་བདེ་མིན་གྱི་དབང་གིས། ཐོག་མ་ནས་ཕབ་སྐྲུན་ཕྱོགས་ལ་ཞིབ་ཆ་གསལ་པོ་དགོས་པ་རེད། བརྩམས་སྒྲུང་ལྟ་བུར་མཚོན་ན་པར་སྐྲུན་རྗེས་མ་དག་ལ་སྔོན་མའི་མ་འདང་སའི་ཆ་དག་ཁ་གསབ་བྱས་ཆོག་གི་རེད་དེ། གློག་བརྙན་ནི་དེ་འདྲ་མ་རེད། དེ་ནས་<<ཐར་ལོར་>>ལ་མཚོན་ན་ཕྱོགས་གང་ཐད་ནས་ང་རང་གི་འདོད་པ་ཁེངས་བ་ཞིག་བྱུང་སོང་།
སློབ་མ། དེང་སྐབས་མང་པོ་ཞིག་གིས་<<ཐར་ལོ་>>ནི་བོད་མིའི་བསྡུས་གཟུགས་ཤིག་ཏུ་གྲུབ་མིན་ཐད་རྩོད་པ་མང་པོ་བྱེད་ཀྱིན་འདུག དེ་གང་ཡིན་ཡང་ཆོག་མོད། འོན་ཀྱང་བོད་ནི་ཆོས་ལྡན་གྱི་ལུང་པ་ཞིག་ཡིན་པའི་ཆ་ནས་ཁོ་རང་གི་བློ་གཏད་བྱེད་ས་དེ་ཅིའི་ཕྱིར་བོད་ཀྱི་བླ་མ་ཆེན་པོ་ཞིག་མ་ཡིན་པར་ཀྲང་སི་ཏེ་ཟེར་བའི་རྒྱ་མི་ཞིག་བཞག་པ་རེད། དེ་བཞིན། བོད་ལ་ས་སྐྱ་ལེགས་བཤད་སོགས་མི་བཅའ་སྟངས་ཀྱི་ཆ་ནས་ལེགས་བཤད་མང་པོ་ཡོད་ནའང་། ཅིའི་ཕྱིར་མོ་ཙེ་ཏུང་གི་གསུང་བཏུས་དག་ལུང་འདྲེན་བྱེད་དགོས་པ་རེད། དྲི་བ་གཉིས་པ་དེ། ཐར་ལོ་གྲོང་ཁྱེར་ལ་ཐེངས་གཅིག་བསླེབས་པ་དེས་ཁོའི་ཡོད་ཚད་བློས་བཏང་སྟེ་བུ་མོ་གཡང་མཚོའི་ཕྱོགས་སུ་འཁོར་སོང་བ་དེ་བོད་མིའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ནམ།
པདྨ་ཚེ་བརྟན། ད་སྐབས་མང་པོ་ཞིག་གིས་ཐར་ལོ་ནི་བོད་མིའི་བསྡུས་གཟུགས་ཤིག་ཡིན་མིན་མང་པོ་གླེང་གི་འདུག འོན་ཀྱང་ངས་དེའི་སྐོར་ལ་ཅི་ཡང་བཤད་མེད། ངས་ཐར་ལོ་ནི་ང་ཚོའི་གཏམ་རྒྱུད་ཡིན་ཞེས་ལབ་མྱོང་། ང་ཚོ་ཞེས་པ་ནི་བོད་མི་རྐྱང་པ་མ་ཡིན་པར། དེའི་སྣང་ཚུལ་དེ་སུའི་སྟེང་ལ་ཡོད་ན་དེ་ལྟར་ཡིན། དེ་ལས་བརྗོད་བྱའི་ཐད་ནས་ང་རང་ཉིད་ལ་མཚོན་ན་ཚད་བཀག་གཅིག་ཀྱང་མེད། སྤྱིར་བཏང་ཐར་ལོའི་རྒྱབ་ལྗོངས་མཚོན་ཐབས་ཀྱི་ཆ་ནས་རིག་གསར་གྱི་བག་ཆགས་མཐུག་པའི་བོད་མི་ཞིག་གི་གཏམ་རྒྱུད་རེད། རྒྱལ་ནང་ལ་མཚོན་ན་རིག་གསར་གྱི་རྒྱབ་ལྗོངས་ལ་ངེས་ཆ་ཡོད་སྟབས། ཁོང་ཚོས་མི་ཞིག་གིས་རང་གི་ཐོབ་ཐང་འཚོལ་གྱིན་འདུག་ཅེས་ལབ་ཡོང་གིན་འདུག འོན་ཀྱང་ཕྱི་རྒྱལ་པ་ཚོར་མཚོན་ན་རིག་གསར་ལ་རྒྱུས་མངའ་མེད་སྟབས། ཁོང་ཚོས་ཐར་ལོ་ནི་མིའི་རིགས་ཀྱི་ཁེར་རྐྱང་མཚོན་བྱེད་ཅིག་རེད་ཅེས་གླེང་གིན་འདུག དེ་བས་མི་རེ་རེར་གོ་བ་ལེན་སྟངས་རེ་རེ་དང་མྱོང་ཚོར་མི་འདྲ་བ་རེ་རེ་ཡོད་སྟབས། ང་རང་ཉིད་ལ་དེའི་མཚོན་དོན་གྱི་ཆ་ནས་ཚད་བཀག་གཅིག་ཀྱང་མེད། ཅེས་བརྗོད་འདུག
བགྲོ་གླེང་དབུ་འཛུགས་སྟེང་དགེ་རྒན་དཔའ་རྩེ་ལགས་ཀྱིས་པདྨ་ཚེ་བརྟན་ངོ་སྤྲོད་གནང་སྐབས། པདྨ་ཚེ་བརྟན་ལགས་ནི་ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞི་དང་ཞིབ་མཇུག་སློབ་མའི་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༠༢ ལོར་ཁོང་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་འཁྲབ་འཁྲིད་སྐོར་སྦྱོང་མགོ་ཚུགས་ཏེ་ད་ལྟའི་བར་གློག་བརྙན་མང་པོ་ཞིག་བཟོས་ཡོད་པ་དང་། དེ་དག་ལས་ཚབ་མཚོན་རང་བཞིན་ཅན་གྱི་གློག་བརྙན་ལ་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>དང་<<འཚོལ>><<ཁྱི་རྒན>><<གཡང་མདའ>> དེ་བཞིན་ཁ་སང་དེ་རིང་གླེང་བཞིན་པའི་གློག་བརྙན་གསར་པ་<<ཐར་ལོ་>>སོགས་མང་པོ་ཡོད་པ་མ་ཟད། དེ་དག་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་བྱ་དགའ་མང་པོ་ཐོབ་ཡོད་པ་རེད། དེ་མིན་ཁོང་ནི་ཐོག་མར་ཕྱི་ལོ་ ༡༩༩༡ ལོར་རྩོམ་རིག་གསར་རྩོམ་གྱི་ལམ་ལ་ཞུགས་ཤིང་། ད་ལྟའི་བར་ཁོང་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བརྩམས་སྒྲུང་མང་པོ་བྲིས་ཡོད་པ་རེད། ད་དུང་ཁོང་གིས་བོད་ཀྱི་རྩོམ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱི་<<མི་ཚེའི་གླུ་དབྱངས་>>སོགས་གཙོས་པའི་<<མི་རོ་རྩེ་སྒྲུང་>>སོགས་རྩོམ་ཡིག་མང་པོ་རྒྱ་ཡིག་ཏུ་ཡོད་པ་རེད། ཅེས་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་སྒྲིག་བྱས།
ཐར་ལོ་གློག་བརྙན་ནང་བུ་མོ་གཟུང་ཕྱུག་མཚོས་ཆང་དང་དུ་བ་འཐེན་པ་སོགས་ཀྱིས་བོད་རིགས་བྱིས་པ་ཚོ་བག་ཆགས་ངན་པ་འཇོག་སྲིད།ནུབ་ཕྱོགས་ཀྱི་དེང་རབས་གློག་བརྙན་ནང་དུ་བྱ་སྤྱོད་ངན་པའི་རིགས་དང་ལྷག་དོན་དུ་བ་འཐེན་པ་སོགས་ཀྱིས་གཞོན་སྐྱེས་ཚོར་བག་ཆགས་ངན་པའཇོག་གི་ཡོད་པས་དུ་བ་འཐེན་པ་སོགས་ཚད་བཀག་བཟོས་ཡོད།
གླེང་ཐེངས་ཐ་མ་དང་དུག་ཅིག་ངོ་སྤྲོད།
• འོད།
1
ནུབ་ཚང་གི་སྒོ་ཁ་འགྲིམ་ན་རང་ཚུགས་རྡོ་ལྟ་བུ་ཞིག་མེད་ཚེ་རང་ཉིད་གཞན་ཞིག་ཏུ་འགྱུར་བའང་ངོས་མི་ཟིན་ཚུལ་སྤྱི་ཚོགས་ཐོག་ན་གླེང་བཞིན་འདུག་ལ། བརྟགས་ཤིང་དཔྱད་ན་བདེན་པའི་ཆ་མང་བོ་འདུག
2
ངས་འདི་ནས་གློག་བརྙན་འཁྲབ་འཁྲིད་པ་པད་མ་ཚེ་བརྟན་ལགས་སུ་ཁམས་འདྲི་ཞུ། ཁོ་རང་བོད་ཕྱི་ཀུན་ན་གྲག་པའི་མི་སྣ་ཞིག་ཡིན་པར་ང་ཚོ་བོད་མི་ཚང་མ་དགའ་འོས་པ་ཞིག་རེད། དེ་ལྟ་ན་ཡང་། ཉེ་ཆར་སྟོན་བཞིན་པའི་གློག་བརྙན་དེའི་སྟེང་ནས་ཁོ་ལ་བསྡོམས་ཚིག་ཅིག་རྒྱག་ཐུབ། དེ་ནི་ཀུན་གཟུགས་པཎ་ཆེན་རིན་པོ་མཆོག་ནས་”ཡར་སློབ་གྲྭར་འཛུལ་དུས་བོད་ཡིན་པ་དང་། སློབ་གྲྭ་ནས་མར་ཐོན་དུས་བོད་མིན་ན་ངོ་ཚ་རེད།”(དོན་འདི་འདྲ་ཞིག་ཡིན།)ཅེས་གསུངས་པ་ལྟ་བུ་རེད།
སྲིད་གཞུང་གིས་ནུབ་བྱང་མི་རིགས་སློབ་གྲྭ་སོགས་སུ་དུག་ལྟ་བུའི་སློབ་གསོ་ཞིག་མི་མངོན་པར་སྤྲོད་ཀྱིན་ཡོད་པས། ང་ཚོའི་ཤེས་ཡོན་པ་མང་བོ་ལོག་ལམ་དུ་ཁྲིད་ཡོད། ཁོ་ཚོར་ལ་རྒྱ་ཡོད་ཀྱང་ལ་རྒྱ་དེ་གཞུང་གི་ལག་ཆ་རུ་གྱུར་ཡོད།
3
སྲིད་གཞུང་གིས་ཕྱི་གཏོང་བརྙན་འཕྲིན་ CCTV སོགས་སུ་དུ་ཧྥ་རན་སི་དང་། ཁ་ཆེ་བ། ཨུ་རུ་སུ། དབྱིན་སྐད་བཅས་ཀྱི་ཐོག་བོད་མི་རྒྱུན་དུ་ཁྱབ་བསྒྲགས་བྱེད་ཀྱི་འདུག དེ་ཚོའི་ནང་ན་1 བོད་མི་རྗེས་ལུས་ཡིན་ཚུལ་དང་། 2ཀུན་སྤྱོད་མི་ལེགས་ཤིང་མགོ་སྐོར་གཏོང་མཁན་དང་། 3ཕན་ཚུན་ལ་ཁ་ཡ་མི་བྱེད་པའི་རིགས་ཡིན་ཚུལ་རྟག་པར་རྒྱལ་ཁབ་སྣ་མང་གི་སྐད་ཐོག་བོད་ལ་མཐོང་ཆུང་ངང་འགྲེལ་བརྗོད་བྱེད་ཀྱིན་ཡོད། ཞེས་པའང་དེ་དག་ལས་མ་འདས་པའི་གློག་བརྙན་ཞིག་ཡིན་པས་དེ་བོད་མིའི་བསྡུས་གཟུགས་ཤིག་ཡིན་པར་བཤད་ན་བོད་ལ་མཐོང་ཆུང་བྱས་པ་ལས་ཅི་ཡང་མ་རེད། དཔེ་ཞིག་དྲངས་ན། 1བོད་མི་རྗེས་ལུས་ཡིན་ཚུལ་ཡིས་མཚོན་ཞིང་། 2བོད་ཀྱིས་མགོ་སྐོར་གཏོང་བ་གཡང་འཚོས་མཚོན། 3ཕན་ཚུན་ལ་ཁ་ཡ་མི་བྱེད་པ་ནི་ཐར་ལོས”ཆུང་དུས་ནས་ཕ་མ་གཉི་ག་མེད་སོང་། ཤ་བ་ཤ་ཉེ་ཚོས་ཁ་ཡ་མི་བྱེད་ཀི།”ཞེས་བོད་མི་ནི་ཕན་ཚུན་ལ་རོགས་འདེགས་ཀྱི་འདུ་ཤེས་མེད་པའི་བླུན་རྨོངས་པའི་གྲས་སུ་རྒྱ་གཞུང་གིས་འཆད་བཞིན་པ་དང་གཅིག་མཚུངས་སུ་བཤད་ཡོད། སྲིད་གཞུང་ལ་མཚོན་ན་འདི་ནི་འདོད་ཐོག་ཏུ་རྟ་རྒྱུགས་པ་རེད། གལ་ཏེ་གློག་བརྙན་འདིའི་ནང་ན་བོད་ལ་མཁོ་བ་རྐང་གཅིག་ཡོད་ཚེ་སྔ་མོ་ནས་ཁོ་ཚོས་འགོག་ངེས་ཡིན།
4
པད་མ་ཚེ་བརྟན་གྱིས་”སྤྱིར་བཏང་ཐར་ལོའི་རྒྱབ་ལྗོངས་མཚོན་ཐབས་ཀྱི་ཆ་ནས་རིག་གསར་གྱི་བག་ཆགས་མཐིག་པའི་བོད་མི་ཞིག་གི་གཏམ་རྒྱུད་རེད”ཟེར། དེ་ལྟར་ན་ནི་སྔོན་ཐོན་པ་སྟེ་མོ་ཙེ་ཏུང་ཁྲི་ལོར་བརྟན་པར་ཤོག་ཟེར་མཁན་ཞིག་གི་ཚབ་མཚོན་ཡིན་ན་མ་གཏོགས། རིག་གནས་གསར་བརྗེ་ཡིས་བོད་མིའི་སེམས་ཁམས་སུ་བཞག་པའི་བག་ཆགས་དེ་འདྲ་མ་རེད། དེ་ནི་སྐྱི་གཡའ་ཞིང་ཁྲག་དྲི་བྲོ་བ། བླ་མ་དང་ཕ་མ་དབྱེར་མེད་གཅར་རྡུང་བྱེད་པའི་དུས་ཚིགས་ཤིག་རེད། ལས་དེ་ལྟ་བུའི་བོད་མིའི་སྡུག་བསྔལ་སངས་དཀའ་བ་དེ་དག་གཅིག་ཀྱང་མཚོན་མི་འདུག དེའི་རིགས་འཁྲབ་དཀའ་ཟེར་ན་ཐང་མོད། དེང་སང་རྒྱ་ནག་གི་གློག་བརྙན་མང་བོའི་ནང་རིག་གསར་གྱི་དཀའ་ངལ་འཁྲབ་འདུག་པས། ལས་དེའི་ཟུར་ཙམ་མངོན་མི་ཆོག་པ་ཨེ་ཡོད།
5
ལ་བལྟས་ཚར་རྗེས་བོད་མི་རིགས་ལ་མཁོ་བའི་བསླབ་བྱ་དང་། ཡང་ན། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིག་གཞུང་གང་ཞིག་ངོམ་ཐུབ་འདུག་ཅེས་རང་གིས་རང་ཉིད་ལ་དྲི་བ་ཞིག་ཐོངས་དང་། ཁྱེད་ཀྱིས་གཞི་ནས་དེའི་ནང་ན་ཅི་ཡང་མེད་པ་རྟོགས་ཐུབ།
6
རུས་རྐང་མེད་པའི་ཉིན་མང་འུར་བཞིན་པ་ལ་རྣམ་པ་གཉིས་སུ་དབྱེ་ཆོག 1 གློག་བརྙན་འཁྲབ་འཁྲིད་པ་ལ་སོགས་ཀྱིས་དཔལ་འབྱོར་གྱི་ཆེད་དུ་ཆེན་པོ་རུ་བསྒྲགས་ཤིང་འུར་བ་དང་། 2 ཅི་ཡང་མི་ཤེས་པའི་བར་དོ་བ་དག་གིས་གཡམ་རྒྱུགས་བྱས་ནས་འུར་བ་རྣམ་པ་གཉིས་སོ།།
2016/12/01
རིགས་གཅིག་རྐང་འཛིན་བྱེས་ན་ལེགས་བཤད་འདི་ལྟ་བུ་འབྱུང་པ་ལ་ཐེ་ཚོམ་པ་ཞིག་ཡིན།། ང་ཁོང་ལ་ཧ་ཅིང་གིས་དགའ་དད་ཡོད།། ཁོང་ནི་ང་ཚོའི་བོད་མི་རིགས་ཀྱིས་ལམ་སྟོན་གསར་ཤོས་སྟེ་ཡིན།། གསར་བཏོད་མཁན་ཡང་ཡིན།། ང་ཚོའི་སྤྱི་ཚོགས་ལ་དགོས་པའི་རིགས་འདི་ལྟ་བུ་མང་པོ་དགོས།།
ཁོང་ལ་བཀའ་དྲིན་ཆེ། སྐུ་ཚེ་རིང་། བྱ་བ་ལམ་འགྲོ་ཡོང་པའི་སྨོན་འདུན་ཞུ།། བཀྲ་ཤིས་བདེ་ལེགས།། ང་ཚོ་ལ་གཅིག་སྒྲིལ་དགོས།། ང་ཚོ་ལ་སྙིང་སྟོབས་དགོས།། ང་ཚོ་ལ་ལོ་རྒྱུས་ཡོད།། ང་ཚོ་ལ་རིག་གཞུང་ཡོད།། ང་ཚོ་ལ་དབུ་ཁྲིད་ཡོད།། ང་ཚོ་ལ་སྟོབས་ཤུགས་ཡོད།། ང་ཚོ་ལ་འཇོན་ཐང་ཡོད།།