ཨ་ཚོགས་མཁས་བཙུན།
བསྐལ་བ་ཆགས་པའི་མུན་པ་དང་པོ་ནས།།
འོད་ཀྱི་དང་པོ་སྲིད་པའི་གངས་རྒན་བསྙེགས།།
གངས་ལ་ཟླ་འོད་ཕོག་པའི་གྲིབ་འོག་ན།།
སྲིད་པའི་མིག་གི་བགོ་སྐལ་མཐོངས་ནས་ངོམ།།
ལྷ་མིན་འདྲེ་མིན་འོད་ཀྱི་ཕུང་བོར་མཆེད།།
གདོན་མིན་བཙན་མིན་གནོད་སྦྱིན་ནག་པོའི་རྒྱུད།།
མཐོ་མིན་དམའ་མིན་ཉི་ཟླའི་རྒྱུ་ལམ་འདིར།།
གཞན་མིན་གང་མིན་གཞི་འཛིན་དང་པོ་ཡིན།།
དང་པོ།
དེ་ཡང་གནའ་བོའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་དེབ་ཐེར་རིགས་འབྲི་རྩོམ་ལ་རང་རེའི་གནའ་དེང་གི་ལོ་རྒྱུས་སྨྲ་བ་ཐམས་ཅད་མགྲིན་དབྱངས་གཅིག་ལྟ་བུར། བོད་ཅེས་པ་དང་བཙན་པོ་ཚང་བོད་ཁ་གཡའ་དྲུག་ཅེས་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་འབྲི་བཞིན་འདུག རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང་། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ། མཁར་ལ་སྔ་བ་ཡུམ་བུ་བླ་སྒང་ཞེས་པ་སོགས་སྲོང་བཙན་སྒམ་པོ་ཚང་ཉིད་ལ་ཟེར་བ་ཡིན་ན་ནི་གླེང་རྙོག་སྐད་ཆ་ཅི་ཡང་ཡོད་པ་མ་རེད། དེ་མིན་ཁ་བ་གངས་ཅན་པ་སྤྱི་ལ་འཆད་གི་ཡོད་ན། ཕྱི་རབས་རྗེས་རབས་ཤིག་ལ་རང་རེའི་ལོ་རྒྱུས་མཁན་པོ་དག་གི་ཁ་ནས་འཁོར་ཅིག་དང་། སྐེ་ནས་ཚུགས་ཤིག་དགྲོལ་རྒྱུ་ཡིན་ངེས་པ་ཐག་གིས་ཆོད། བཙན་པོ་ཚང་བོད་ཡིན་པ་ལས་བོད་བཙན་པོ་ཚང་མིན་པའི་རྣམ་དབྱེ་འབྱེད་པར་བསྡད་ཡོད། དབང་མཛད་བཅུ་སོགས་རང་རེར་གསལ་དང་མ་གསལ་མང་པོ་ཞིག་སྣང་མེད་དུ་འཇོག་ཐབས་མེད་ཅིང་། རང་རེའི་ཕ་མེས་ཡང་མེས་ཀྱི་གསུང་རྒྱུན་དྲི་མ་མེད་པ། ཕ་སྤྲེའུ་དང་མ་བྲག་སྲིན་ནི་འཛམ་གླིང་མིའི་རིགས་ཀྱི་མཆེད་ཁུངས་དང་། བོད་ཀྱི་སའི་ཆ་མང་ཤས་ཆུས་བཀང་བ་བྲི་ནས་སྣོད་དུ་ཆགས་པའང་བོད་ཙམ་མ་ཡིན་པའི་ས་སྒང་རིལ་བོ་འདིར་དགོངས་ཡོད། སྲིད་པའི་སྒོ་ང་ཆེན་པོ་ཡང་འཇིག་རྟེན་འདིའི་ཆེས་གདོད་མ་གདོད་མའི་ཆགས་རིམ་དེ་ཡིན་ཞིང་ད་དུང་། ལུས་ལ་འོད་ལྡན་རྫུ་འཕྲུལ་མཁའ་ལ་འགྲོ། ཞེས་སྲིད་པ་འཇིག་རྟེན་ཐོག་མའི་སྐབས་ལ་མིའི་ལུས་ལ་འོད་ཡོད་པ་དང་། ད་རུང་འཕུར་ཏེ་སྤྱི་ཚུགས་སྣྲེལ་ཞིའི་འགྲོ་ཚུལ་ངེས་མེད་སོགས་ནི། མཁའ་དབྱིངས་གོང་མར་སླེབས་ཟིན་པའི་མཁའ་བསྐྱོད་པ་རྣམས་ཀྱིས་ད་ལྟ་རང་ར་སྤྲོད་བྱེད་དང་བྱ་ངེས་པ་ནས་རང་རེའི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་འོད་སྣང་མཐོང་ཐུབ་ཅིང་། བོད་ནི་འཛམ་གླིང་འདིར་དེང་གི་ཚན་རིག་དང་འགྲན་བཟོད་པའི་སྲིད་པ་ཆགས་གླུ་ཐོག་མ་དང་པོར་ལེན་མཁན་གཅིག་པུ་དེ་ཡིན་པ་བསྙོན་ཏུ་མེད་དོ།།
བོད་ཀྱི་ལོ་རྒྱུས་དེབ་ཐེར་གྱི་མིང་བཏགས་པའི་<སྦ་བཞེད>དང་། <བཀའ་ཆེམས་ཀ་འཁོལ་མ>དང་། དེའི་རྗེས་འབྲངས་<རྒྱལ་རབས་གསལ་མེ་>སོགས་ནི་ལོ་རྒྱུས་དེབ་ཐེར་གྱི་མིང་ཐོགས་ཙམ་མ་གཏོགས་དོན་སྙིང་ཅི་ཡང་མེད་པ་ཙམ་དུ་མ་ཟད། ཁྱད་པར་<སྦ་བཞེད> དང་<བཀའ་ཆེམས>གཉིས་ནི་མང་གཙོ་བཅོས་བསྒྱུར་དང་། བསམ་བློའི་སློབ་གསོ་སྐབས་དག་གི་དྲིལ་བསྒྲགས་ཡིག་ཆ་དག་དང་དེ་འདྲའི་སྔ་མོ་ནས་ཇི་འདྲའི་འདྲ་བོ་འདུག དེ་འདྲ་ཡིན་དུས་རང་རེའི་ལོ་དེབ་གྲགས་པ་ཅན་<ལྷོ་བྲག་ཆོས་འབྱུང་>དང་<དེབ་ཐེར་སྔོན་པོ><དེབ་ཐེར་དམར་པོ>བཅས་སུའང་དེ་གཉིས་ནས་ཁུངས་ལུང་མ་དྲངས་པའང་དེ་ཡིན། བྱུང་བ་མ་དག་པ་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན་ངེས་པའི་གོ་ནོར་ཆེན་པོ་འབྱུང་སའང་དེ་ཡིན། སྲོང་བཙན་སྒམ་པོར་དབུ་གཉིས་བསྒྲོན་ས་དང་འུ་དམ་བཙན་ལ་རྭ་གཉིས་འཛུགས་ས་དང་། རྒྱ་བཟའ་སྔ་ཕྱི་གཉིས་སླེབས་རག་ཏུ་བོད་མུན་ནག་གི་གླིང་ཆེན་པོར་སྒྲུབ་སའང་འདི་གཉིས་ཡིན་པ་བཅས་དེབ་འདི་གཉིས་ཀྱི་རྒྱབ་ལྗོངས་དང་ཀུན་སློང་དེ་ཙམ་དག་སྙམ་པ་མི་འདུག་གོ།།
གཉིས་པ།
དབང་མཛད་བཅུ་ནི་དུས་ཀྱི་བྱུང་རབས་བཅུ་ཡི་དབང་དུ་བགྱིས་འདུག་པ་དང་། དེ་ཡང་བདུད་དང་འདྲེ་ཡི་མིང་ཅན་ལ་བརྟེན་ནས་མི་རུ་མ་བརྩི་བ་ནི་རང་རེའི་ལོ་རྒྱུས་ཀྱི་ཁུངས་མ་ཆོད་ས་གཙོ་བོ་དེ་ཡིན། རང་རེར་ཡང་སྤྲ་ནས་འདྲེ་སྲིན་དང་། དེ་ནས་མིར་རིམ་འགྱུར་གྱི་དུས་མཚམས་ནི་ཡོད་ཡོད་པ་ལོས་ཡིན། ཡིན་ནའང་། དེ་ནི་དུས་ཀྱིས་བསྐལ་བའི་དབང་གིས་མིང་བཟུང་དོན་བཟུང་བྱ་བ་ཤིན་ཏུ་དཀའོ། དེ་བས་མི་མིན་གདོན་དང་གནོད་སྦྱིན་ཡིན་པ་དང་ལྷ་མིང་མི་མིང་བཏགས་པ་འགལ་ཞིང་། མི་ཡུལ་མ་ཡིན་པར་འདྲེ་ལུང་ཡིན་པ་དང་ཡུལ་བཟང་རྒྱན་མེད་དང་ལྷ་ཡུལ་གུང་ཐང་སོགས་ལྷ་གནས་ཀླུ་ཡུལ་ཏུ་བཏགས་པ་འགལ། མི་ཤེས་ཀླ་ཀློ་གདོལ་བའི་རིགས་ཡིན་པ་དང་ཅ་ལག་མཚོན་ཆ་སོགས་མིའི་དཔལ་ཡོན་ལྡན་པ་འགལ་ལོ། ཡུལ་ཕྱོགས་རིས་པའི་རྒྱལ་ཕྲན་དང་ཁ་ཐོར་དགུ་ཐོར་གྱི་སིལ་མའི་མིང་དོན་ལ་རྒྱལ་ཁབ་ཆེན་པོ་དང་གོང་བུ་གཅིག་གྱུར་གྱི་དོན་སྙིང་སྔོན་སོང་ངེས་པར་ཡིན་དགོས།
གང་ལྟར་བོད་ནི་(ས་བབས་རིམ་གྱིས་མཐོ་བས་)གནམ་གྱི་དབུས། (ས་ཚུགས་ཀྱི་གླིང་ཆེན་ཨེ་ཤ་ཡའི་)ས་ཡི་དཀྱིལ་དང་། གླིང་གི་སྙིང་བོ། གངས་ཀྱི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང་། ཡུལ་བཟང་། མི་མཛངས་ཤེས་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས་ཞེས་གནའ་གནའ་བོའི་དུས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར་བ་ད་ལྟ་མཐོང་བ་མངོན་གྱུར་ལྟར་ཡོད་པ་ཡ་མཚར། དེ་ཡང་བྱང་དང་ཤར་རྒྱུད་མཚོ་བོད་མཐོ་སྒང་དང་ཁྲོན་བོད་མཐོ་སྒང་ཚུད་པས་ཡར་ཆོད་ཅིང་། ལྷོ་དང་ནུབ་རྒྱུད་ཧི་མ་ལ་ཡ་རི་རྒྱུད་ཀྱིས་ཚུར་བསྐོར་ཅིང་བཙན་པས་གནས་འདིའི་ཡུལ་མི་རྣམས་ནི་གཞན་དང་བསྲེས་ལྷད་མ་ཞུགས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རང་ཡིན། སྤྱིར་ཡུལ་འདིའི་མི་རྣམས་དམུ་རྒོད་ཅིང་མཛངས་བཀྱེད་པའི་སྟེང་ཡུལ་བབས་ཀྱང་རང་བཞིན་གྱིས་བཙན་པས་སུ་གང་གིས་ཀྱང་ལས་སླ་བོར་ལག་འཇོག་ཐུབ་མེད་ཅིང་། དེང་སང་བསྐལ་བ་འཕྲུལ་གྱི་དུས་ཚོད་འདིར་ཡང་གཞུང་ལམ་དང་མཁའ་ལམ། ལྕགས་ལམ་བཅས་ཀྱི་འཕྲུལ་གྱི་ལམ་ཁ་དུ་མ་ད་ལྟ་གཞི་ནས་སྨྱོན་མཆོངས་བརྒྱབ་པ་ནང་བཞིན་ཕྱོགས་བཞི་ཀ་ནས་རུ་འཛིངས་པ་འདི་ཡང་། སྔ་ཙམ་ནས་ལས་སླ་བོར་ཡུལ་ལུང་འདིར་འཛུལ་ཞུགས་མ་ཐུབ་པས་ཡིན་ནོ།།
གསུམ་པ།
འདི་འདྲའི་ས་བབ་བཙན། ཡུལ་བཟང་། ཁེར་གཙང་གི་མདོ་དབུས་མཐོ་སྒང་ནི། གནའ་གནའ་བོའི་དུས་སུ་དབང་མཛད་བཅུས་དབང་དུ་བྱས་པ་ཡིན་ཏེ། རང་རེའི་གནའ་བོའི་ཡིག་རྙིང་དག་ལས། བོད་ཀྱི་ཆུ་བོ་བཞིའི་འདུས་འགོ་མཇུག་བཟུང་། ཞེས་ཡར་ལུང་གཙང་བོའི་འགོ་རྔ་དེད་དེ་དབུས་གཙང་གི་ཡུལ་སྡེ་མི་སྡེ་ཆགས་ཤིང་། རྫ་ཆུའི་རྒྱུད་དེད་དེ་མདོ་སྟོད་དང་། རྒྱལ་མོ་རྔུལ་ཆུ་དེད་དེ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སོགས། རྨ་ཆུའི་རྒྱུད་དེད་དེ་མདོ་སྨད་ཀྱི་ལྷ་སྡེ་མི་སྡེ་ཀུན་གྱི་བདག་པོར་གྱུར་ཡོད། དེ་ལྟར་དབང་མཛད་བཅུ་ནི་བོད་ཆོལ་ག་གསུམ་ལ་དུས་དང་ཡུལ་ངེས་མེད་དུ་དབང་བྱེད་པའི་རྒྱལ་རབས་བཅུའམ་རྒྱལ་ཁབ་བཅུ་ཡིན། དེ་ཡང་སྔ་ཕྱི་བསྟར་ཆགས་སུ་བྱུང་བའི་ངེས་པ་མེད་ཅིང་། འཛམ་གླིང་གི་ལོ་རྒྱུས་འགོ་མཚུངས་ཀྱི་འགྲོ་རིམ་དེ་བརྒྱུད་པ་སྟེ། དཔེར་ན། རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་སུའངསྤྱི་ལོ་སྔོན་གྱི་ལོ་475—221བར་དུ་ཀྲིག་རྒྱལ་རབས་གནམ་འོག་གི་རྒྱ་ནག་སྤྱིའི་མིང་ཙམ་གྱི་བདག་པོ་ཡིན་ཡང་དོན་གྱིས་ཆིན། ཆི། ཀྲའོ། ཝེ། ཁྲུའུ། ཧན། ཡན་བཅས་བཅད་བཟུང་གི་རྒྱལ་ཁབ་བདུན་གྱིས་དུས་གཅིག་ལ་བཟུང་བ་དང་། སྤྱི་ལོ་220—280 བར་གྱི་ཧན་ཤར་མའི་དུས་མཇུག་ནས་ཅིན་ནུབ་མའི་དུས་མགོའི་བར་ཝེ། ཧན། ཝུ་ཞེས་དུས་གཅིག་ལ་་རྒྱལ་ཁབ་གསུམ་ཡོད་པ་ལྟ་བུ་ཡིན། དེ་བས་འདིའི་འགོང་བོ་སྤུན་དགུའི་དབང་མཛད་དང་། མ་སངས་རུས་དགུའི་དབང་མཛད་ལྟ་བུ་དུས་གཅིག་ལ་འཇོག་ཐུབ་དགོས་པ་དང་། གནའ་བོའི་ངག་སྒྲོས་ཀྱི་དབང་དུ་ན་འདིའི་གནོད་སྦྱིན་ནག་པོའི་རྒྱལ་རབས་ཀྱི་ཐོག་མའི་རྒྱལ་བོ་དེ། གནས་སྐབས་རིང་རང་རེའི་རྒྱལ་བོའི་ཐོག་མ་དེར་ངེས་འཛིན་བྱ་དགོས་པ་མི་འགྲོར་བསམས། དང་པོ་གནོད་སྦྱིན་ནག་པོས་དབང་བྱེད་པའི་ཡུལ་ཏེ། བཟང་ཡུལ་རྒྱན་མེད་དང་། བཅུ་བ་འགོང་བོ་སྤུན་དགུའི་ཡུལ། སྟོང་བདེ་བཅོ་བརྒྱད་གཉིས་ནི་མདོ་སྨད་ཀྱི་ཡུལ་ལུང་འདི་ཡིན་པ་ཡོད། ཆོལ་ག་གསུམ་ལས་ས་གཤིས་ཆེས་བཟང་ཞིང་བེད་སྤྱོད་ཆེས་ཆེ་ཤས་དེ་མདོ་སྨད་ཡིན། རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ་ཅེས་པའང་དེ་ཡིན། ལྔ་བ་རྨུ་རྒྱལ་ཁོ་རྗེས་དབང་བྱེད་པའི་ཡུལ། ད་ཕྲང་ཅང་ཕྲང་ཞེས་པ་རྒྱལ་རོང་ཡར་བཅད་པའི་མདོ་སྟོད་མི་འགྲོ། འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ་ཅེས་པ་དང་རི་རྩ་བ་གསུམ་དེ་འབྲུ་ལ་ཐོབ་ཅེས་པ་དང་གུང་འགྲིག གཉིས་པ་ཁ་རག་རོང་དགུ་དང་། བཞི་བ་ལྷ་ཡུལ་གུང་ཐང་། བདུན་པ་བོད་ཁ་ཉ་དྲུག་གསུམ་གོ་སླ།
དབང་མཛད་བཅུ་དེ་མ་ཐག་པའི་རྒྱལ་ཕྲན་བཅུ་གཉིས་ནི་སྟོད་མངའ་རིས་ཚུད་པའི་དབུས་གཙང་ལ་གཏོགས་པ་ཙམ་དང་། སྟག་རི་གཉན་གཟིགས་ཀྱི་ཕ་བཙན་པོ་འབྲོ་གཉན་ལྡེའུ་ལ་སུམ་པའི་རྒྱ་མོ་ཆ་ལྕམ་དང་འགྲོགས་པའི་བུ་ཡོད་པ་དང་། འ་ཞའི་ཡུལ་ནས་མིག་འབྱེད་ཀྱི་སྨན་པ་སྤྱན་འདྲོངས་ཀི་སྒྲོས་ལས། གནམ་རི་སྲོང་བཙན་སྔོན་ཙམ་ནས་གཉའ་ཁྲི་ཚང་གི་དབང་ཤུགས་དེ་མདོ་སྟོད་སྨད་ལའང་ཐོན་ཡོད་པ་འདྲ། བོན་ཤེས་པ་ཅན་བཅུ་གཉིས་ཀྱང་རྒྱལ་ཕྲན་དེ་དག་གི་སྐུ་ཚབ། རྒད་པོ་བསམ་ཤེས་ཞི་ཆིངས་པ་བཅུ་གཉིས་ལས་ཤེས་ཡོན་པའི་ངེས་པ་མེད་ཅིང་། སིལ་མ་བཞི་བཅུའང་རྒྱལ་ཕྲན་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པས་མ་གྲོས་སྤྱི་མོས་ཀྱིས་མང་བས་བཀུར་བའི་རྒྱལ་བོ་ལྟ་བུ་དེ་གཉའ་ཁྲི་བཙན་པོ་ཆགས་ཏེ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སུ་སྤྱི་ལ་དབང་བའི་རྒྱལ་བོ་དང་། རྗེ་བོའི་ཐོག་མ་སོགས་ཀྱི་མཚན་གནས་ཐོབ། དེར་མ་ཟད་སྲོང་བཙན་སྒམ་པོ་ནས་བཙན་པོ་འུ་དུམ་བཙན་གྱི་བར་བོད་ཆོལ་ག་གསུམ་གཅིག་སྒྲིལ་གྱི་ནུས་པ་སྤུངས་པའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་གི་སྐད་གྲགས་ཆོད་པ་དེས་ཀྱང་། གཉའ་ཁྲི་བཙན་པོ་ནས་བཟུང་བོད་ཁ་གཡའ་དྲུག་ཚང་གིས་མི་ལོ་དགུ་བརྒྱ་དང་བདུན་ཅུ་( ༩༧༠ )མ་ལོངས་ཙམ་ལ་བོད་ཁམས་དབང་བསྒྱུར་བའི་མཚན་གནས་ཀྱང་ཐོབ་ཡོད། གནམ་གྱི་ཁྲི་བདུན་དེ་སྲས་རྣམས་ཀྱིས་ཆིབས་ཁ་ཐུབ་ཙམ་ན་རྨུ་ཐག་ལ་འཇུས་ཏེ་གནམ་ལ་གཤེགས་པ་ནི་བོན་གཤེན་རྣམས་ཀྱི་ཤུགས་རྐྱེན་སླེབས་པའི་སྲིད་སྐྱོང་ཐབས་ཤིག་དང་། གྲི་གུམ་བཙན་པོས་མཚན་འདོགས་ཉེས་ལ་བསྙད་དེ་བོན་གཤེན་རྣམས་ལ་ཐོ་འཚམས་པས་རྨུ་ཐག་ཆད་ནས་བཀྲོངས་པ་ནི་ཆོས་སྤེལ་བའི་བྱེད་ཉེས་རེད། ལོ་ངན་རྟ་རྫིས་གཉའ་ཁྲི་ཚང་ཁ་ཐོར་དགུ་ཐོར་ལ་བཏང་བ་རེད་ཀྱང་། རུ་ལས་སྐྱེས་ཀྱི་མཛངས་བཀྱེད་ཀྱིས་སྤུ་དེ་གུང་རྒྱལ་ནས་བཟུང་སླར་ཡང་སྤུར་རྒྱལ་བཙན་པོ་ཚང་གི་རྐང་ཚུགས་ཐུབ་པ་ཙམ་བྱུང་ཡོད། རུ་ལས་སྐྱེས་སོགས་མཛངས་བློན་རྣམས་ཀྱི་མཛད་རྗེས་ཀྱང་བཙན་པོ་ཚང་ཁོ་ན་ལ་ཆ་བཞག་པ་ཡིན་ན་ལས། བོད་སྤྱི་ལ་ནི་དེ་བས་བརྙས་ཐབས་སུ་འགྲོ་བ་མེད་པས་གཟབ་དགོས། སྐབས་དེ་དང་དེའི་འཛམ་གླིང་གི་ལོ་རྒྱུས་དང་རང་རེའི་ཁྱིམ་མཚེས་རྒྱལ་ཁབ་དག་གི་ལོ་རྒྱུས་ལ་ལྟ་བ་ཡིན་ནའང་ཤིན་ཏུ་མ་འོས་པ་ཁོ་ནའོ། དབང་མཛད་བཅུའི་སྐབས་སོགས་སུའང་མཛངས་བློན་དང་མཛངས་རྗེས་མེད་པ་ག་ལ་སྲིད།
བཞི་བ།
དེ་ལྟར་དབང་མཛད་བཅུའི་དུས་སྐབས་ནི་བོད་གཅིག་གྱུར་དང་ཡར་རྒྱས་ཀྱི་ངོ་བོར་གནས་བསྡད་ཡོད་པ་དང་། དེ་ནས་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ལ་སོགས་པ་སྟོད་ཀྱི་སིལ་མ་ཞེས་བོད་ཁ་ཐོར་དགུ་ཐོར་གྱི་ངོ་བོར་སོང་བའི་དུས་ཀྱི་ཁུག་པ་གཅིག་དང་། དེ་ནས་གཉའ་ཁྲི་ནས་ཡར་འཕེལ་ཏེ་གྲི་གུམ་ནས་མར་འཛད་པའི་ཁུག་པ་དང་། སྤུ་དེ་གུང་རྒྱལ་ནས་ཡར་འཕེལ་འུ་དུམ་བཙན་ནས་མར་འགྲིབ་པའི་སྨད་ཀྱི་སིལ་མའི་གནས་སྐབས་ཀྱི་ཁུག་པ་དང་། བསྟན་པ་ཕྱི་དར་དཔལ་ས་སྐྱ་བའི་དུས་ནས་གཅིག་གྱུར་ཡར་ལྡན་གྱི་ངོ་བོ་རིམ་པར་བརྒྱུད་དེ། དུས་རབས་སྔ་མའི་ལོ་རབས་ལྔ་བཅུ་བའི་དུས་བོད་ལ་སྔར་བྱུང་མྱོང་མེད་པའི་རྒྱལ་རབས་ཉམས་རྒུད་དང་ཆོས་རིག་ཉམ་ཆག་གི་ཁུག་པ། དེ་ནས་ལོ་རབས་བརྒྱད་བཅུ་བ་ནས་བོད་ཕྱི་ནང་གང་སའི་བོད་མི་རང་ངོས་ནས། རྒྱལ་ཁབ་དང་ཆོས་རིག་གི་ངོ་བོ་སྲུང་འཛིན་གྱི་ཚ་རླབས་སུས་ཀྱང་འགོག་ཐབས་མ་བྱུང་བ་ལྟ་བུར། རྒྱ་མཚོའི་རླབས་བཞིན་འཛམ་གླིང་གང་སར་འཕྱུར་བྱུང་བ་ནི་སུས་ཀྱང་ཚོད་དཔག་བྱེད་མ་ཐུབ་པ་ལྟ་བུའི་ཁུག་པ་བཅས། བོད་ཀྱི་ལོ་རྒྱུས་ཆུ་རྒྱུན་ལ་འཕེལ་འགྲིབ་ཀྱི་ཁུག་པ་དུ་མ་ཞིག་མཆིས་པ་ཀུན་པོས་ལེགས་པར་ཉོན་ལ་་ཡིད་ལ་བཟུང་བར་བྱའོ།།
ལྔ་བ།
ད་དུང་ཆོས་ནི་གྲི་གུམ་བཙན་པོའི་རིང་དབུ་བརྙེས་ཙམ་དང་། ལྷ་ཐོ་ཐོ་རིང་དར་བ་ནས་སྲོང་བཙན་སྐབས་རྒྱ་ཆེར་སྤེལ་བ་དང་། ཁྲི་སྲོང་ལྡེ་བཙན་རིང་བསྟན་པ་རྫོགས་པར་ཆ་ཚང་བ་དར་བའི་རྩེ་མོར་སོན་པ་དེ་མིན་ནམ་སྙམ། གྲི་གུམ་དུས་ནི་ནང་བསྟན་ཕྱོགས་མཐར་སྤེལ་བའི་དུས་ལ་ཁེལ་བ་དང་བཙན་པོ་བོན་ལ་སྡང་བས་བཀྲོངས་པའི་རྒྱུ་མཚན་ཀྱང་དེ་རེད། ལྷ་ཐོ་ཐོ་རིའི་དུས་མཚམས་དེ་ནི་རྒྱ་གར་གྱི་པཎྚྀཏ་ཀུ་མཱ་ར་ཤྲཱི་དང་། རྒྱ་ནག་ལོ་ཙཱ་བ་ཧ་ཤང་ཧྥ་ཤན་དང་། ད་དུང་ལི་ཡུལ་གྱི་པཎྚྀཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་སེ་རྣམས་ཀྱིས་མཚོན་པའི་པཎྚྀཏ་དང་ལོ་ཙཱ་བ་རྣམས་རྒྱུ་འགྲུལ་རྒོད་པའི་སྒང་་ཡིན་ལ། གཉན་པོ་གསང་བའི་ལྷ་ཁང་བཞེངས་ཤིང་དེ་ལ་མཆོད་བཀུར་གྱི་དྲིལ་སྒྲོག་པ་དང་། དེའི་མཐུས་བཙན་པོ་ཉིད་སྐུ་ཚེ་ཡང་རིང་པོར་བཞུགས་པར་བཤད་པ་ནི། བསྟན་པའི་དབུ་བརྙེས་པ་ཙམ་མ་ཡིན་པའི་དར་སྤེལ་གྱི་་ངོ་བོ་དང་རང་བཞིན་མངོན་ཡོད། ཡིན་ནའང་། བོན་པོ་རྣམས་གནམ་ལ་དགའ་བས་གཉན་པོ་གསང་བར་བཏགས་དགོས་བྱུང་། སྲོང་བཙན་གྱིས་སྲོག་ཉེན་ལ་མ་འཛེམ་པར་ཆོས་རྒྱ་ཆེར་སྤེལ་བ་ནི་བཙན་པོས་ཆོས་ལ་རྒྱུས་མངའ་ལོན་པའི་རང་རྟགས་མངོན་ཡོད། ཡང་བོན་འབྱུང་ལ་ལར་བཙན་པོ་བོན་ལ་སྡང་བས་དགུང་ལོ་སུམ་ཅུ་སོ་ལྔ་ཙམ་ལས་མ་བཞུགས་པར་ཀྱང་གསུངས།
སྲོང་བཙན་ནས་མངའ་བདག་འཕྲུལ་རལ་བར་གྱི་དུས་སྐབས་ནི་ཆེན་པོ་བོད་དེ་སྲིད་འབྱོར་རིག་གསུམ་གང་ས་ནི།ཡར་ནས་ཡར་ཏུ་འཕེལ་ཁ་དྲང་བའི་ལམ་ལ་ཞུགས་འདུག་པ་དང་། སུམ་གཉིས་ས་ལ་དབང་བསྒྱུར་བའི་དམག་ཆེན་བསྐྱོད་ཅིང་དོན་འཁྱོངས་ཀྱང་བྱུང་ཡོད། དེ་མཚུངས་ནང་གཡུང་ལ་ཕབས་ཤིང་བདེ་ལ་བཀོད་ཅིང་། ཁྱད་པར་སྲོང་བཙན་ནས་ཁྲི་སྲོང་ལྡེ་བཙན་བར་བཙན་པོ་ན་རིམ་གྱིས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་དང་། ཆོས་ལུགས་འདྲ་མིན་འཆམ་མཐུན་མཉམ་གནས་ཀྱི་མཛད་ཕྱོགས་རྒྱ་གར་ལུང་བ་ཇི་ལྟ་བ་དེ་ལྟ་བུའི་དཔེ་བཟང་མངོན་དང་མངོན་འཆར་ཡོད། ཡིན་ནའང་། བོན་དང་བོན་ཕྱོགས་པས་གླགས་བཙལ་བས་ལམ་མ་བྱིན་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་བོན་གྱིས་ཕམ་ཁ་ཉོས་པའི་རྒྱུ་རྐྱེན་ཡིན། དེ་ནི་ཁྲི་སྲོང་ལྡེ་བཙན་དུས་སྐབས་རེད། སྐབས་དེར་བོད་ལ་ཆོས་ཕྱོགས་ཀྱི་སྐུ་མགྲོན་ཆེན་པོ་གཉིས་ཤིག་བཞུགས་པ་དེ་གཉིས་བཞུགས་བཟོ་མ་བདེ་བར་བགྱིས་པའི་གུས་མེད་དང་། བསམ་ཡས་གཙུག་ལག་ཁང་ཉིན་མོ་མིས་བཞེངས་པ་མཚན་མོ་འདྲེས་བཤིགས་པར་བསྙད་པའི་རྩུབ་སྤྱོད་དང་། རྒྱལ་བློན་བར་ལ་ཕྲ་མ་དང་འབངས་སེམས་བར་ལ་འཁྲུག་པ་སློང་བའི་སྤྱོད་ངན་བཅས་བྱ་བྱེད་རབས་དང་རིམ་པ་མང་པོ་ཞིག་གིས། སྤྲང་བོའི་དབྱུག་པ་སྤྲང་བོའི་མགོ་གཅོག་གི་དཔེ་ལ་སོང་བ་སྟེ། འདི་བཙན་པོ་ཚང་ལ་མཚོན་ན་མི་རང་བསྡད་མགོ་ལ་བཙན་གཉའ་འཇོག་གི་དགོངས་པ་ཁྲོས་ནས་མཐར་ཡུལ་ནས་འབུད་པའི་དགོངས་པ་འཁྲུངས་པ་རེད། ལ་ལས་བཙན་པོ་ཚང་གི་འགུལ་སྤྱོད་འདི་ཡང་རིག་གསར་ལྟ་བུ་བཙན་གཉའ་འཇོག་གི་འགྲེལ་བ་ཡང་འགྲེལ་འགྲེལ་ཆེན་ལུགས་སུ་རེ་ཟུང་འབར་བཞིན་པ་གོ་ཐོས་ཡོད་མོད། གྲི་རང་ལ་འཛུགས་ན་ཐེ་ཚོམ་ཞིག་ཅེས་པའི་དཔེ་བཞིན་རིག་གསར་འདྲ་བ་དེ་འདྲའི་གཏིང་བརྣག་པ་ཞིག་ཨེ་ཡིན་ནམ། འདས་སོང་གི་ལོ་རྒྱུས་ལ་མཁས་ངོམ་དང་ཞེན་ཕྱོགས་ཀྱིས་མ་འཁྱེར་བའི་མིག་གིས་ལྟ་བ་ཡིན་ན་ཀུན་ལ་དབང་བའི་ལམ་ཞིག་སྟོན་ཐུབ་བོ།
ཞེས་རང་རེའི་གནའ་བོའི་ལོ་རྒྱུས་ལ་ཕྱི་རབས་གཞོན་སྐྱེས་རྣམས་ཀྱི་རིང་བསྐྱར་ཞིབ་ཅིག་ཡོང་རེ་ཡིས་ཁ་ཟིན་སྣ་ཟིན་གྱིས་ཐོ་ཙམ་ལས། བདེན་ཐག་ཆོད་པའི་བཤད་པས་མ་ཁྱབ་ཅིང་། ལོ་རྒྱུས་ལ་ཇི་ལྟར་བསྐྱར་ཞིབ་དང་ག་འདྲའི་འདང་རྒྱག་གི་ཐོ་དང་ཐིག་བཏབ་པ་ཙམ་ཡིན། ད་དུང་རང་རེའི་ཕ་མེས་ཡང་མེས་ལ་གདོན་གནོད་སྦྱིན་དང་། ཕ་ས་ཕ་ཡུལ་ལ་འདྲེ་ཡུལ་འདྲེ་ལུང་དུ་བཏགས་པ་ཙམ་ལས་དོན་ལ་སྔ་མོ་ཞིག་ནས་གནས་འདི་ཡང་། དཔལ་ཡོན་ལྡན་པའི་རྒྱལ་རབས་དུ་མ་དང་རྒྱལ་ཁབ་མང་པོའི་འཚོ་རྟེན་དང་། མིའི་ཡུལ་ལུང་རང་ཡིན་པའི་གསལ་འདེབས་ལ་ཨ་ཚོགས་མཁས་བཙུན་གྱིས་མདོ་སྨད་ས་ཡི་ཐིག་ལེ། ཙོང་ཁ་བདེ་ཁམས་ཀྱི་གནའ་མཁར་ཟི་ལིང་། ཞིང་ཆེན་བོད་སྨན་ཁང་དུ་རང་ལ་སྨན་བཅོས་ཞོར་རེག་ཟིག་ཏུ་བགྱིས་སོ།
2012 / 12 / 12 ཉིན།།
མཁས་བཙུན་ལགས་ཀྱིས་རྩོམ་ཡིག་རྩ་ཆེན་པོ་ཁག་ཅིག་སྔ་རྗེས་སུ་བྲིས་གནང་སོང་བར་ཐུགས་རྗེ་ཆེ་ཞུ། དེང་སྐབས་ངོ་དེབ་དང་སྐད་འཕྲིན་སོགས་ཀྱི་ནང་གི་གད་སྙིགས་ལྟ་བུའི་བབ་ཅོལ་དེ་དག་གིས་མགོ་ན་རུ་བཅུག་སོང་། དེང་གི་སྤྱི་ཚོགས་ནང་དུ་མི་ཚང་མ་བརྡ་འཕྲིན་གྱི་གཡོག་པོར་གྱུར་ཏེ་རྩོམ་ཡིག་ཀློག་རིན་ཡོད་པའི་རིན་ཐང་ཅན་འབྲི་མཁན་ཤིན་ཏུ་དཀོན་པོ་རེད། སྨྱུག་ཐོག་པ་ཚོས་སྔར་སྲོལ་རྩོམ་ཡིག་འབྲི་སྟངས་ཀྱི་ཕྱོགས་ལ་ཁ་བསྒྱུར་ན་ཡག་པོ་འདུག
ཁྲི་སྲོང་གིས་བོད་ལ་མཁན་སློབ་གཉིས་གདན་དྲངས་པ་འདི་དང་། མཁན་སློབ་གཉིས་མི་སྣ་གང་འདྲ་ཞིག་ཡིན་པ་ནི་བློན་ཆེན་པོ་སྟག་སྒྲ་ཀླུ་གོང་གི་ལོ་རྒྱུས་དེས་གསལ་བཤད་བྱས་འདུག་གཤིས། ད་དུང་འདི་འདྲའི་བབ་ཅོལ་སྒྲོག་པ་ནི་ཉི་མ་སྐྱེལ་ཐབས་ཙམ་དུ་ཟད་དོ།