ཨོ་སི་ཊིར་ལེ་ཡའི་མཐའ་སྲུང་ཉེན་རྟོག་པས་རྒྱ་རིགས་ནག་ཚོང་གཉེར་མཁན་གྱི་གྲུ་གཟིངས་ཤིག་ལ་ཞིབ་བཤེར་བྱས་ཏེ་ཡུ་སྒོར་ས་ཡ་ ༦༠ ལྷག་གི་ཁོ་ཁེན་ལག་སོག་བྱུང་སྟེ་རྒྱ་རིགས་ ༡༠ འཛིན་བཟུང་བྱས་ཡོད་འདུག
དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨོ་སི་ཊིར་ལེ་ཡའི་མཐའ་སྲུང་དྲག་ཆས་ཉེན་རྟོག་པས་ཨོ་སི་ཊིར་ལེ་ཡའི་ལྷོ་རྒྱུད་མཚོ་ཁུལ་དུ་རྒྱ་རིགས་ནག་ཚོང་གཉེར་མི་ ༡༠ འཛིན་བཟུང་གིས་ཞིབ་བཤེར་བྱས་ཡོད་པ་དང་། རྒྱ་རིགས་དེ་ཚོའི་གྲུ་གཟིངས་ནང་ཨོ་སི་ཊིར་ལེ་ཡའི་ཌོ་ལོར་ས་ཡ་ ༦༠ ལྷག་གི་ཁོ་ཁེན་ (cocaine) སྐྱེལ་འདྲེན་བྱེད་ཀྱིན་ཡོད་པ་ལག་སོན་བྱུང་ཡོད་འདུག
ཁོ་ཁེན་ (cocaine) ཞེས་པ་དེ་ནི་ཁོ་ཁ་ (coca) ཤིང་ལྡུམ་གྱི་ལོ་མ་དང་ལྕུག་ཕྲན་གྱི་རྩི་བཅུད་དྭངས་མ་ལས་བཟོས་པའི་སྦྲིད་སྨན་དང་སྨྱོས་རྫས་རིགས་ཤིག་ཡིན་འདུག
རྒྱ་རིགས་དེ་ཚོ་ཚང་མ་སྐྱེས་པ་ཡིན་ཞིང་རང་ལོ་ ༢༣ ནས་ ༥༠ བར་ཡིན་པ་དང་། གལ་ཏེ་རྒྱ་རིགས་དེ་ཚོས་ཨོ་སི་ཊིར་ལེ་ཡའི་ནང་ནག་ཚོང་གཉེར་བྱེད་བཞིན་པའི་ནག་ཉེས་ར་སྤྲོད་བྱུང་བ་ཡིན་ན། རྒྱ་རིགས་དེ་ཚོར་མ་མཐར་ཡང་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་ཡིན་འདུག
རེས་གཟའ་སྔོན་མར་ཨོ་སི་ཊིར་ལེ་ཡའི་མཐའ་སྲུང་དྲག་ཆས་ཉེན་རྟོག་པས་ཨོ་སི་ཊིར་ལེ་ཡའི་ལྷོ་བརྒྱུད་མཚོ་ཁུལ་གྱི་ཊ་སི་མ་ནེ་ཡ་ (Tasmania) གླིང་ཕྲན་སྟེང་དུ་དངོས་ཟོག་དབོར་འདྲེན་གྲུ་གཟིངས་ཤིག་ལ་ཞིབ་བཤེར་བྱས་པ་བརྒྱུད། གྲུ་གཟེངས་དེའི་ནང་ཁོ་ཁེན་ (cocaine) སྤྱི་རྒྱ་ ༡༨༦ ཡོད་པ་ལག་སོན་བྱུང་ཡོད་པ་དང་། གྲུ་གཟིངས་དེ་ཡང་རྒྱ་རིགས་ནག་ཚོང་གཉེར་མཁན་གྱི་གྲུ་གཟིངས་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།