ཨི་ཊ་ལི་དྲག་ཆས་ཉེན་རྟོག་པས་ཨི་ཊ་ལིའི་བྱང་བརྒྱུད་མེ་ལན་ (Milan) གྲོང་ཁྱེར་དུ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོར་འཇར་མན་གྱི་ཡེ་ཤུ་འཁྲུངས་སྐར་ཁྲོམ་རྭའི་མི་ཚོགས་ཁྲོད་རླངས་འཁོར་བསྐོར་ཏེ་མི་མང་པོར་ཤི་རྨས་གཏོང་མཁན་མིང་ལ་ཨམ་རེ་ (Amri) ཟེར་བ་ཞིག་ལ་མེ་མདའ་བརྒྱབ་ནས་ཡོད་པ་དང་། ཁོ་འཇར་མན་གྱི་ཁྲོམ་རྭར་འཇབ་རྒོལ་བྱེད་མཁན་ཡིན་པའི་བདེན་དཔང་དོས་སྐྱེལ་རླངས་འཁོར་དེའི་ཐོག་ཁོའི་མཛུབ་རིས་ཡོད་ཡོད་འདུག
ཨམ་རེ་ཟེར་བའི་དྲག་སྤྱོད་པ་དེ་ནི་ཊུ་ནེ་ཤེ་ཡ་ (Tunisia) ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༤ ཡིན་པ་དང་ཆེ་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་ (ISIS) དང་འབྲེལ་བ་ཡོད་འདུག ཕྱི་ལོ་ ༢༠༡༡ ལོར་ཁོས་ཨི་ཊ་ལིའི་ནང་འཇིགས་སྐུལ་འཕྲོག་བཅོམ་གྱི་དོན་རྐྱེན་བཟོས་སྟབས། ཨི་ཊ་ལིའི་ཉེན་རྟོག་པས་ཁོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཕྱིས་སུ་ཨི་ཊ་ལི་གཞུང་གིས་ཁོ་ཀློད་གྲོལ་བཏང་སྟེ་ཨི་ཊ་ལི་ནས་ཕྱིར་འཕུད་བཏང་ཡོད་ཀྱང་ད་ལོའི་ཕྱི་ཟླ་ ༤ ནང་འཇར་མན་དུ་སྐྱབས་བཅོལ་ཞུས་ཡོད་འདུག
འཇར་མན་གྱི་ཡེ་ཤུ་འཁྲུངས་སྐར་ཁྲོམ་རྭར་བྱུང་བའི་དོན་རྐྱེན་ཁྲོད་དུ་མི་ ༡༢ རྐྱེན་འདས་དང་མི་ ༤༩ རྨས་སྐྱོན་ཕོག་ཡོད་པ་རེད།
དེ་རིང་ཞོགས་པར་ཨོ་སི་ཊིར་ལེ་ཡའི་ཉེན་རྟོག་པས། མདང་དགོང་ནས་དེ་རིང་བར་དོགས་ཡོད་འཇིགས་སྐུལ་བ་ ༧ འཛིན་བཟུང་བྱས་ཡོད་པ་དང་། མི་དེ་དག་གིས་འདས་པའི་བདུན་ཕྲག་གཅིག་རིང་ཨོ་སི་ཊིར་ལེ་ཡའི་ལྷོ་རྒྱུད་ཀྱི་ཝེ་ཁི་ཊོ་རེ་ཡ་མངའ་སྡེ་གྲོང་ཁྱེར་མིལ་བྷོར་ནི་ (Melbourne) ཡི་མེ་འཁོར་ས་ཚུགས་དང་སྤྲོ་ཚོགས་ཁང་། ཟ་ཁང་བཅས་སུ་འགད་རྫས་དང་མེ་མདའ། གྲི་སོགས་ཀྱིས་འཇབ་རྒོལ་དྲག་སྤྱོད་སྤེལ་རྒྱུའི་འཆར་འགོད་བྱས་ཡོད་པ་དང་། ཉེན་རྟོག་པས་བརྗོད་པ་ལྟར་ན་མི་དེ་དག་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་ (Islamic State) ལ་འབྲེལ་ཡོད་པ་དང་རང་ལོ་ ༢༡ ནས་ ༢༦ བར་ཡིན་འདུག
གནས་ཚུལ་ལྟར་ན། འཇར་མན་ཁྲོམ་རྭར་དྲག་སྤྱོད་ཀྱི་དོན་རྐྱེན་བསླངས་རྗེས། ཡུ་རོབ་རྒྱལ་ཁབ་ཚང་མས་དོགས་ཟོན་མཐོ་རུ་བཏང་ཡོད་པ་དང་། ཡེ་ཤུ་འཁྲུངས་སྐར་བསླེབ་ལ་ཉེ་བའི་སྐབས་འདིར། མ་ལེ་ཞི་ཡ་དང་ཨིན་ཌི་ནེ་ཤི་ཡ་སོགས་ཨེ་ཤ་ཡའི་ཁ་ཆེ་རྒྱལ་ཁག་གིས་ཀྱང་ཉེན་སྲུང་དམ་པོ་བྱས་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།