དེ་རིང་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་བར་སྐོར་ནང་དཔལ་ཇོ་ནང་པའི་སྨོན་ལམ་ཆེན་མོ་ཐེངས་ ༡༤ པ་དབུ་འཛུགས་གནང་སོང་།
དེ་རིང་ཕྱི་ཚེས་ ༢༨ ནས་ ༣༠ བར་དུ་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་བར་སྐོར་ནང་དུ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བལ་ཡུལ་དང་འཕགས་ཡུལ་གྱི་ཇོ་ནང་དགོན་པ་ཁག་གི་དགེ་འདུན་པ་དང་ཕྱོགས་ཡོང་སེར་སྐྱ་མི་མང་ལྷན་འཛོམས་ཀྱིས་དཔལ་ཇོ་ནང་པའི་སྨོན་ལམ་ཆེན་མོ་ཐེངས་ ༡༤ པ་འཚོགས་བཞིན་འདུག
ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས། ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་སྨོན་ལམ་ཆེན་མོའི་ཐོག འཕགས་ཡུལ་ཇོ་ནང་མ་དགོན་དང་བལ་ཡུལ་ཇོ་ནང་དགོན་གྱི་ལས་ཐོག་མཁན་པོ་རྣམ་གཉིས་ཀྱི་གཙོས་བལ་ཡུལ་དུ་ཡོད་པའི་ཇོ་ནང་དགོན་པ་གཉིས་དང་། རྒྱ་གར་ནང་གི་ཇོ་ནང་དགོན་པ་གསུམ་གྱི་དགེ་འདུན་པ་བཅས་ཁྱོན་དགེ་འདུན་པ་ ༡༠༠༠ ཙམ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་སྐྱ་ཕོ་མོ་བཅས་འཛོམས་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ཙམ་ནས་བཟུང་ཇོ་ནང་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་ཡོད་སྐོར་བརྗོད་བྱུང་།
གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།