ཁ་སང་ཨ་རིའི་བདམས་ཐོན་སྲིད་འཛིན་ཊི་རུམ་ཕི་(Trump)དང་རྒྱ་ནག་གི་ཨ་ལེ་པཱ་པཱ་དྲ་ལམ་ཚོང་གཉེར་ཁང་གི་སྤྱི་ཁྱབ་པ་སྐུ་ཞབས་ཇེག་ཁུ་མཱ་ (Jack ma) གཉིས་ཨ་རིའི་ནེ་ཡོག་ཏུ་ཡོད་པའི་ཊི་རུམ་ཕི་ཁང་བརྩེགས་ནང་ཐུག་འཕྲད་བྱས་ཡོད་འདུག
མ་འོངས་པར་ཨ་ལེ་པཱ་པཱ་དྲ་ལམ་ཚོང་གཉེར་ཁང་གིས་ཨ་རིའི་ནང་དུ་ཚོང་ལས་ཆུང་ཙག་རིགས་ཀྱི་ལས་མི་ས་ཡ་གཅིག་ལ་ལས་ཀ་མཁོ་བསྒྲུབ་བྱ་རྒྱུ་ཡིན་པ་དང་། ཁོ་ཚོའི་དམིགས་ས་གཙོ་བོ་དེ་རྒྱ་ནག་དང་ཡེ་ཤ་ཡའི་མཛད་སྤྱོད་པ་དག་ལ་ཚོང་ལས་ཆུང་ཙག་རིགས་ཀྱི་ཐོན་སྐྱེད་ཚོང་འགྲེམས་བྱ་རྒྱུ་ཡིན་འདུག
ཁོང་གཉིས་ཐུག་འཕྲད་རྗེས་སུ་སྐུ་ཞབས་ཊི་རུམ་ཕི་ཡིས་ཊི་རུམ་ཕི་ཁང་བརྩེགས་བར་ཁྱམས་ནས་གསར་འགོད་པར། “ཐེངས་འདིར་སྐུ་ཞབས་ཇེག་ཁུ་མཱ་དང་ཐུག་འཕྲད་བྱས་ཏེ་ཡག་པོ་ཞེ་དྲགས་བྱུང་སོང་། ཇེག་ཁུ་མཱ་ནི་ཧ་ཅང་གི་ཁེ་ལས་པ་རླབས་ཆེན་ཞིག་རེད།” ད་དུང་ཁོང་གིས། “ངས་ནམ་རྒྱུན་རྒྱ་ནག་དང་ཚོང་འབྲེལ་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་མོད། ཇེག་ཁུ་མཱ་དང་ངེད་གཉིས་མཉམ་འབྲེལ་གྱིས་ལས་དོན་རླབས་ཆེན་ཞིག་བསྒྲུབ་ཐུབ་ངེས་ཡིན།”ཞེས་སོགས་བརྗོད་འདུག
སྐུ་ཞབས་ཇེག་ཁུ་མཱ་ཡིས་ཀྱང་ “ཊི་རུམ་ཕི་ནི་འགན་འཁུར་ཅན་ཞིག་ཡིན་པ་དང་ཁོང་གིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་བདེ་འཇགས་ལ་ང་ཚོས་ག་རེ་བྱ་ཐུབ་པའི་ཐད་སྐད་ཆ་བཤད་འདོད་ཡོད་པ་དང་། ཁོང་གིས་ད་ཐེངས་ཁོ་གཉིས་ཐུག་འཕྲད་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དུ་འགྲོ་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་བར་ཡིད་ཆེས་བྱེད་བཞིན་འདུག” ཅེས་དང་། “ང་ཚོའི་ཚོང་ལས་ཀྱི་ལམ་ཁ་བརྒྱུད་ནས་འགྲོ་ཐུབ་ན། ཨ་རི་དང་རྒྱ་ནག་གི་ཆབ་སྲིད་གནས་བབ་ཐོག་ཕན་ཚུན་བསམ་ཤེས་བྱ་ཐུབ་རྒྱུར་ཁེ་ཕན་ཡོད།” ཅེས་སོགས་བརྗོད་ཡོད་འདུག
ཁ་སང་ཁོང་གཉིས་ཐུག་འཕྲད་མ་བྱས་སྔོན་ལ་སྐུ་ཞབས་ཇེག་ཁུ་མཱ་ཡི་མགྲིན་ཚབ་པས་(CNBC)གསར་ཁང་ལ། རྒྱ་ནག་གི་དྲ་ལམ་ཚོང་འབྲེལ་ཁེ་ལས་ཁང་གིས་ལོ་ལྔའི་ནང་ཨ་རིའི་ནང་མི་ས་ཡ་གཅིག་ལ་ལས་ཀ་མཁོ་བསྒྲུབ་བྱ་རྒྱུ་དང་། དེ་ནི་སྐུ་ཞབས་མཱ་ཡིས་ཚོང་ལས་ཆུང་ཙག་གཉེར་མཁན་ཚོར་རོགས་འདེགས་བྱ་རྒྱུ་གཙོ་བོར་བཟུང་ཡོད་སྐོར་བརྗོད་འདུག
ཡིན་ཡང་ཚོང་ལས་ཐོན་སྐྱེད་དེ་དག་གང་ནས་བཟོ་སྐྲུན་དང་མཁོ་འདོན་བྱ་འཆར་ཡོད་མེད་ད་དུང་ཁ་གསལ་བོ་མེད་ན་ཡང་། ཨ་ལེ་པཱ་པཱ་ཁེ་ལས་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང་། ཨ་རིའི་ཚོང་ལས་ཆུང་ཙག་སྒྲུབ་མཁན་དང་། ཞིང་བ་ས་ཡ་གཅིག་གིས་ཚོང་གཉེར་ཅ་ལག་ཨ་ལེ་པཱ་པཱ་ཚོང་ལམ་བརྒྱུད་ནས་རྒྱ་ནག་དང་ཡེ་ཤ་ཡའི་མཛད་སྤྱོད་པ་དག་ལ་མཁོ་ཚོང་བྱ་རྒྱུ་ཡིན། ཅེས་སྤེལ་འདུག
ཐེངས་འདིའི་ཨ་རིའི་བདམས་ཐོན་སྲིད་འཛིན་ཊི་རུམ་ཕི་དང་རྒྱ་ནག་གི་དྲ་ཐོག་ཚོང་གཉེར་བ་ཇེག་ཁུ་མཱ་གཉིས་ཐུག་འཕྲད་དེར་མི་མང་པོ་ཞིག་གིས་སེམས་ཚུབ་བྱས་ཡོད་ཅིང་། དེ་ནི་སྔོན་ཆད་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ། སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་དང་ཚོང་འབྲེལ་བྱེད་ཕྱོགས་སྐོར་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྗེས་སུ་ཐེ་ཝན་སྲིད་འཛིན་ཚའེན་ཡེན་ཝན་ལ་འབྲེལ་བ་བྱས་ཏེ་རྒྱ་ནག་གཞུང་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་སོགས་ལ་བརྟེན་ཏེ། ཐེངས་འདིར་གནས་ཚུལ་ག་རེ་བྱུང་ཡོང་ན་སྙམ་པའི་ཚོད་དཔག་སྣ་ཚོགས་བྱས་ཡོད་པ་རེད།
ཨ་ལེ་པཱ་པཱ་དྲ་ལམ་ཚོང་གཉེར་ཁེ་ལས་ཁང་ནི་རྒྱ་ནག་ནང་གི་དྲ་ལམ་ཚོང་གཉེར་ཆེ་ཤོས་ཤིག་ཡིན་པ་དང་། ལོ་རེར་རྒྱ་ནག་གི་ཚོང་ལས་ཁྲོམ་རའི་ནང་དུ་ཚོང་གཉེར་བ་ས་ཡ་ ༡༥ ལྷག་ལ་ལས་ཀའི་གོ་སྐབས་སྤྲོད་ཀྱི་ཡོད་འདུག