རྒྱ་ནག་ཤར་ཕྱོགས་ཅང་ཞི་ཞིང་ཆེན་གྱི་ཆུ་མཛོད་ཅིག་བསྐྱར་བཟོའི་ཆེད་ཆུའི་མཐོ་ཚད་དམའ་རུ་གཏོང་སྐབས། ཆུ་འགྲམ་བྲག་ངོས་ནས་ལོ་ངོ་ ༦༠༠ ལྷག་ཕྱིན་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་ཞིག་ཕྱིར་ཐོན་ཡོད་འདུག
རྒྱ་ནག་ཞིན་ཧཱ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུལ་དེའི་མི་རྣམས་ཀྱིས་ཟླ་བ་སྔོན་མའི་ནང་ཆུ་མཛོད་ཀྱི་རྐ་མགོ་བསྐྱར་བཟོ་བྱེད་ཆེད་ཆུའི་མཐོ་ཚད་མི་ཊར་ ༡༠ ཙམ་དམའ་རུ་གཏོང་སྐབས། ཆུ་མཛོད་ཀྱི་ཕར་ཕྱོགས་བྲག་ངོས་ནས་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ཡར་མངོན་ཡོད་འདུག
སྐུ་བརྙན་དེ་བྲག་ངོས་ལ་འབུར་གཟུགས་སུ་བརྐོས་ཡོད་ཅིང་། ཧ་ཅང་ཞི་ཞིང་དུལ་བའི་ངང་ཆུ་ཁར་གཟིགས་ནས་བཞུགས་པའི་རྣམ་པ་ཞིག་མངོན་ཡོད་ཅིང་། བྲག་ངོས་དེར་དེ་མིན་གྱི་རི་མོ་དང་གཟུགས་དབྱིབས་འདྲ་མིན་ཞིག་ཀྱང་བརྐོས་ཡོད་འདུག སྐུ་བརྙན་དེ་བྲག་ངོས་སུ་རིང་ཚད་ཕི་ཊི་ ༡༢ དང་ཕྱེད་ཀ་ལྷག་གིས་བཞེངས་ཡོད་པ་དང་། གནའ་རྫས་ཞིབ་འཇུག་པ་ཚོས་སྐུ་བརྙན་དེ་རྒྱ་ནག་མིང་རྒྱལ་རབས་(༡༣༦༨-༡༦༤༤)སྐབས་སུ་བཞེངས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག
ཨ་རིའི་སི་ཨེན་ཨེན་གསར་ཁང་གིས་ཁ་པར་བརྒྱུད་དེ། ཅང་ཞི་ཞིང་ཆེན་གྱི་གནའ་རྫས་ཞིབ་འཇུག་སློབ་གྲྭའི་འགན་འཛིན་ཛུ་ཅང་ཀུའུ་(Xu Changqing)ལ་བཅར་འདྲི་ཞུས་སྐབས། ཁོང་གིས། “ ཞིབ་འཇུག་གི་སྔོན་འགྲོའི་སྐབས་སུ་ཤེས་རྟོགས་བྱུང་བ་ནི། མིང་རྒྱལ་རབས་ཀྱི་ལོ་མགོ་ཙམ་ལ་སྐུ་བརྙན་དེ་བཞེངས་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་མོད། གཅིག་བྱས་ན་ཡོན་རྒྱལ་རབས་ཀྱི་སྔོན་ལ་བཞེངས་པ་ཡིན་ཡང་སྲིད།” ཅེས་བཤད་ཡོད་འདུག
སྐུ་བརྙན་དེ་སྔོན་ཆད་ཞིབ་འཇུག་བྱས་མ་མྱོང་བའི་གནའ་རྫས་རྩ་ཆེན་ཞིག་ཡིན་པ་དང་། ད་དུང་ཆུའི་འོག་ཏུ་སྐུ་འདྲའི་མཆོད་ཁང་ཡོད་པ་ཤེས་ཐུབ་པ་དང་། ཡུལ་དེའི་རྒན་རབས་པ་ཚོས་བརྗོད་པ་ལྟར་ན་ཆུ་མཛོད་དེ་གནའ་སྔ་མོའི་གྲོང་བརྡལ་ཛུ་ཤོ་ཡི་(Xiaoshi)ཡི་ཞིག་རོ་སྟེང་དུ་བརྒྱབ་ཡོད་འདུག
ཛའུ་ཅང་ཀུའུ་(Xu Changqing)ཟེར་བ་ཞིག་གིས། སྐུ་བརྙན་དེ་ཕྱི་ལོ་ ༡༩༦༠ ལོར་ཧོང་མིན་(Hongmen)ས་གནས་སུ་ཆུ་མཛོད་རྒྱག་སྐབས་ཆུ་འོག་ཏུ་ཤོར་བ་རེད་ཅེས་བརྗོད་འདུག ཛུ་ཅང་ཀུའུ་ཡིས་ཡང་བསྐྱར་བརྗོད་པར། སྐུ་འདྲ་དེའི་བཟོ་དབྱིབས་དང་རྡོ་བརྐོས་སོགས་ལས་གསལ་ལྷང་ངེར་མཐོང་ཐུབ་པ་ནི། སྐུ་འདྲ་དེ་ཆུའི་ནང་འཐིམ་སྟེ་སྲུང་སྐྱོབ་ཐུབ་ཡོད་པ་རེད། དེ་མ་གཏོགས་གནམ་གཤིས་སོགས་ཀྱི་དབང་གིས་སྐུ་འདྲ་དེ་གནས་ཐུབ་མེད་ཟེར།
༡༩༦༠ ལོར་རྒྱ་ནག་ནང་རིག་གནས་གསར་བརྗེ་ལས་འགུལ་སྤེལ་ཏེ། མི་མང་གི་རྨོངས་དད་དང་རྒྱུ་དངོས་རྙིང་པ་རྣམས་རྩ་མེད་གཏོང་དགོས་ལབ་སྟེ། རིན་ཐང་ཅན་གྱི་དངོས་པོ་མང་པོ་ཞིག་རྨེག་མེད་བཏང་ཡོད། སྤྱིར་བཏང་རྒྱ་ནག་ལ་ཡིད་དབང་འཕྲོག་པའི་རྡོ་རྐོས་དང་བྲག་རྐོས་མང་པོ་ཡོད། རྒྱ་ནག་ནི་དེ་རིགས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན། འཛམ་གླིང་ཐོག་ཆེས་བརྙན་གྲགས་ཅན་གྱི་སངས་རྒྱས་ཀྱི་བྲག་བརྐོས་སྐུ་བརྙན་རིང་ཤོས་དེ་ལི་ཤ་ཡན་གྱི་སངས་རྒྱས་སྐུ་བརྙན་ (Leshan Giant Buddha)ཞེས་པ་དེ་ཡིན།
ཡུལ་དེའི་གཞུང་འབྲེལ་མི་སྣ་ཇ་ཨེན་ཛི་ཡོང་(Guan Zhiyong)ཟེར་བ་ཞིག་གིས་ཞིན་ཧཱ་གསར་ཁང་ལ་བཤད་པར། སངས་རྒྱས་ཀྱི་སྐུ་འདྲ་དེ་ནི་གནའ་སྔ་མོ་མི་རྣམས་ཀྱིས་ཆུ་བོ་གཉིས་འདྲེས་མདོ་དེར་ཆུ་ལོག་ཆེན་པོ་ཡང་ཡང་ཡོང་གི་ཡོད་པ་དེ་ཉིད་འགོག་ཆེད་དུ་བཞེངས་པ་རེད་ཟེར།
ཡུལ་དེའི་མི་རྒན་པ་མང་པོ་ཞིག་གིས་སྐུ་འདྲ་དེ་ཆུ་ཁར་ཐོན་རྗེས་འདས་དོན་མང་པོ་ཞིག་སླར་དྲན་པ་སོས་ཡོད་འདུག ཡུལ་དེའི་མགར་བ་ད་ལྟ་རང་ལོ་ ༨༢ སོན་པའི་ཧོང་ཀི་པིང་(Huang Keping)ཞེས་པ་ཞིག་གིས། ༡༩༥༢ ལོར་ཁོས་སྐུ་འདྲ་དེ་ཐོག་མར་མཇལ་མྱོང་ཡོད་པ་དང་། སྐབས་དེར་སྐུ་འདྲ་དེ་ཉིད་ཙུང་ཟད་གནམ་ལ་ལྡིང་བ་ལྟ་བུ་ཡོད་ཅེས་བརྗོད་ཡོད་འདུག