ཁ་སང་ཨ་རིའི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ཕོ་བྲང་དཀར་པོའི་འདུ་རྭར་ཨ་རིའི་སྲིད་འཛིན་ ༤༥ པ་སྐུ་ཞབས་ཌོ་ནལ་ཌི་ཊི་རམ་ཕི་ཡིས་ལས་འཁུར་དམ་བཅའ་བཞག་རྗེས་གཏམ་བཤད་སྐར་མ་ ༡༥ རིང་གནང་བ་ཧྲིལ་བོ་འདིར་བོད་བསྒྱུར་བྱས་ཡོད།
“ཁྲིམས་དཔོན་ཆེན་མོ་རོ་ཝཊ་(Roberts)དང་། སྲིད་འཛིན་ཀ་ཊར་(Carter)། སྲིད་འཛིན་ཁཱི་ལིན་ཊོན་ (Clinton)། སྲིད་འཛིན་བྷུ་ཤི་(Bush) སྲིད་འཛིན་ཨོ་བྷ་མ།(Obama) ཨ་རིའི་མི་མང་། དེ་བཞིན། འཛམ་གླིང་གི་མི་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།
ང་ཚོ་ཨ་རིའི་མི་སེར་རྣམས་ཀྱིས་རང་གི་རྒྱལ་ཁབ་བསྐྱར་སྐྲུན་དང་། མི་མང་གི་ཆེད་དུ་ཕུལ་བའི་དམ་བཅའ་དེ་དག་སླར་གསོ་བྱེད་པའི་ཆེད་དུ་ད་ལྟ་ང་ཚོའི་རྒྱལ་ཁབ་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་ཡོད། ང་ཚོ་ཚང་མས་མཉམ་རུབ་ཀྱིས་ཨ་རི་དང་མ་འོངས་པའི་འཛམ་གླིང་གི་ཁ་ཕྱོགས་གཏན་འབེབས་བྱ་རྒྱུ་ཡིན། ང་ཚོས་དཀའ་ངལ་ཕྲག་ཏུ་ལེན་རྒྱུ་ཡིན། ང་ཚོས་དཀའ་སྡུག་ལ་གདོང་ལེན་བྱ་རྒྱུ་ཡིན། ང་ཚོས་ལས་དོན་དེ་དག་འགྲུབ་པ་ཞིག་བྱ་རྒྱུ་ཡིན།
ལོ་བཞི་རེའི་མཚམས་སུ་ང་ཚོས་གོ་རིམ་ལྡན་ཞིང་ཞི་བདེ་ལྷིང་འཇགས་ངང་དབང་ཆ་རྩིས་སྤྲོད་རྩིས་ལེན་བྱེད་ཀྱིན་ཡོད་པ་དང་། ཐེངས་འདིའི་དབང་ཆ་རྩིས་སྤྲོད་ཀྱི་ལས་དོན་ཡོངས་ལ་སྲིད་འཛིན་ཨོ་བྷ་མ་དང་མེ་ཤེལ་ཨོ་བྷ་མ་རྣམ་གཉིས་ཀྱིས་རོགས་རམ་ཡག་པོ་གནང་བ་དེར་ཧ་ཅང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་ཅག་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་རེད།
དེ་རིང་གི་མཛད་སྒོ་འདི་ཧ་ཅང་གལ་གནད་ཅན་ཞིག་ཡིན། གང་ཡིན་ཟེར་ན། དེ་རིང་ང་ཚོས་སྒྲིག་འཛུགས་གཅིག་གིས་གཅིག་ལ་དབང་ཆ་རྩིས་སྤྲོད་བྱེད་པ་མིན་ལ། ཚོགས་པ་གཅིག་གིས་གཅིག་ལ་དབང་ཆ་རྩིས་སྤྲོད་བྱེད་པ་དེ་ལས་ཀྱང་མིན། དེ་རིང་ནི་ཝ་ཤིན་ཊོན་གྱི་དབང་ཆ་སླར་ཡང་ཨ་རིའི་མི་མང་ལ་སྤྲོད་ཀྱིན་ཡོད་པ་རེད།
ལོ་ངོ་ཧ་ཅང་མང་པོའི་གོང་ནས་ང་ཚོའི་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་བསྐྲུན་པའི་རྒྱལ་ཁབ་འདི་རྒྱལ་སའི་ཚོགས་པ་ཆུང་ཆུང་ཞིག་ལ་ལེགས་སྐྱེས་སུ་ཐོབ་ཅིང་། ལེགས་སྐྱེས་དེའི་གོང་ཚད་དང་རིན་ཐང་མི་མང་གིས་བསྐྲུན་ཡོད་ཀྱང་། ཝ་ཤིན་ཊོན་ཡར་རྒྱས་ཅི་ཙམ་ཕྱིན་ཡང་མི་མང་ལ་དེའི་འབྱོར་བའི་སྐལ་བ་ཐོབ་མྱོང་མེད་ལ། ཆབ་སྲིད་པ་ཚོ་འབྱོར་ལྡན་དུ་གྱུར་ཡང་། མི་མང་ལས་མེད་ཆགས་ཏེ་བཟོ་གྲྭ་རྣམས་སྒོ་རྒྱག་དགོས་བྱུང་ཡོད།
འཛུགས་སྐྲུན་གྱིས་མི་སྒེར་སྲུང་སྐྱོབ་བྱས་ཡོད་ཀྱང་། མི་སྒེར་དེ་དག་གི་རྒྱལ་ཁ་ནི་མི་མང་གི་རྒྱལ་ཁ་ཆགས་མེད་ལ། མི་སྒེར་དེ་དག་གི་དགའ་སྟོན་དེའང་མི་མང་གི་དགའ་སྟོན་དུ་གྱུར་མེད། རྒྱལ་ཁབ་ཀྱི་མི་སེར་རྣམས་སྐྱབས་མེད་མགོན་མེད་དུ་ལྷག་ཡོད། ང་ཚོས་རྒྱལ་ཁབ་ཀྱི་རྒྱལ་སར་སྤྲོ་སྐྱིད་ཆེན་པོ་གཏོང་བཞིན་ཡོད་ཀྱང་། རྒྱལ་ཁབ་ཀྱི་ས་གནས་ཁག་ཏུ་དཀའ་ལས་རྒྱག་བཞིན་པའི་མི་མང་རྣམས་ལ་སྤྲོ་སྐྱིད་ཕྲན་བུ་ལས་གཏོང་རྒྱུ་རག་གི་མེད།
དེ་རིང་འདིར་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་རེད། འགྱུར་ལྡོག་དེ་ད་ལྟ་རང་མགོ་འཛུགས་བཞིན་ཡོད། ངའི་སྲིད་འཛིན་གྱི་དུས་ཡུན་དེ་ཁྱེད་ཅག་གི་ལག་ཏུ་ཡོད། ཁྱོད་ཚོ་ལ་བདག་པ་ཡིན། དེ་ནི་དེ་རིང་འདིར་འཛོམས་པ་རྣམས་དང་། ཨ་རིའི་ས་ཕྱོགས་གང་སར་བཞུགས་པའི་མི་མང་ཡོངས་ལ་བདག་པ་ཡིན། དེ་རིང་ནི་ཁྱོད་ཚོའི་ཉིན་མོ་ཡིན། ཁྱོད་ཚོའི་དགའ་སྟོན་ཡིན། ཨ་རི་སྤྱི་མཐུན་རྒྱལ་ཁབ་འདི་ཁྱོད་ཚོའི་རྒྱལ་ཁབ་ཡིན།
དོན་དངོས་ཐོག་ཚོགས་པ་ཞིག་གིས་གཞུང་བཟུང་ཡོད་མེད་དེ་མིན་པར་ང་ཚོའི་གཞུང་དེ་མི་མང་གིས་བཟུང་ཡོད་མེད་དེ་ཡིན། མ་འོངས་པར་མི་རྣམས་ཀྱིས་ ༢༠༡༧ ཟླ་བ་ ༡ ཚེས་ ༢༠ ཉིན་ནི། རྒྱལ་ཁབ་འདི་དབང་སྒྱུར་བྱེད་མཁན་སླར་ཡང་མི་མང་ཆགས་པའི་ཉིན་མོ་དེ་ཡིན་པ་དྲན་ངེས་ལ། སྔར་ནས་བརྗེད་ཟིན་པའི་ང་ཚོའི་རྒྱལ་ཁབ་ཀྱི་ཕོ་མོ་དེ་རྣམས་མ་འོངས་པར་སླར་ཡང་བརྗེད་མི་སྲིད། ད་ནི་ཚང་མས་ཁྱེད་ཅག་ལ་ཉན་ཡོད།
ཁྱོད་ཚོ་ས་ཡ་བཅུ་ལྷག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་འོས་བསྡུའི་ཆ་ཤས་བླངས་པ་ནི། དེ་སྔ་འཛམ་གླིང་གིས་མཐོང་མ་མྱོང་བའི་གནས་ཚུལ་ཞིག་ཡིན། ལས་འགུལ་དེའི་དོན་སྙིང་གཙོ་བོ་ནི་ལྡོག་ཏུ་མེད་པའི་ཡིད་ཆེས་ཏེ། རྒྱལ་ཁབ་འདི་མི་མང་ལ་ཞབས་ཞུ་སྒྲུབ་མཁན་ཡིན་པ་དེ་ཡིན།
རང་གི་ཕྲུ་གུར་སློབ་གྲྭ་ཡག་པོ་དང་། ནང་མིར་བདེ་འཇགས་ཀྱི་ཁྱིམ་མཚེས་དང་ཁོར་ཡུག སོ་སོར་ལས་ཀ་འོས་འཚམ་ཞིག་རག་རྒྱུ་སོགས་ཨ་རིའི་མི་མང་ཚང་མས་འདོད་ཀྱིན་ཡོད། དེ་ནི་མི་མང་གི་རྒྱུ་མཚན་དང་གནས་ལུགས་ལྡན་པའི་དགོས་མཁོ་ཡིན། འོན་ཀྱང་། ང་ཚོའི་མི་སེར་མང་པོ་ཞིག་གི་མི་ཚེ་ནང་གནས་ཚུལ་སྣ་ཚོགས་འབྱུང་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་རེད། གྲོང་ཁྱེར་ཁག་ནང་མ་བུ་གཉིས་ཀ་དབུལ་པོའི་གནས་སུ་ལྷུང་ཡོད་པ་དང་། རྒྱལ་ཁབ་ཀྱི་གང་སར་བཟོ་གྲྭ་མང་པོ་ཞིག་ལ་བཙའ་ཆགས་ཤིང་ནང་དུ་འབར་རྫས་གས་པ་ལྟར་ཐོར་ཡོད།
ཤེས་ཡོན་ལམ་ལུགས་དངུལ་སྒོར་གྱི་རྗེས་སུ་བརྒྱུགས་ཏེ། ང་ཚོའི་གཅེས་སུ་འོས་པའི་གཞོན་སྐྱེས་མང་པོ་ཞིག་ཤེས་ཡོན་གྱིས་ཕོངས་ནས་ཉེས་གསོག་དང་ཇག་ཚོགས། མྱོས་རྫས་སྤྱོད་པ་སོགས་མི་མངོན་པའི་ནུས་སྟོབས་ངན་པ་དེ་དག་གིས་ང་ཚོའི་རྒྱལ་ཁབ་འཕྲོག་བཅོམ་བྱས་ཡོད། དེ་རིང་ནས་ཨ་རིའི་རྒྱལ་ཁབ་ཉམས་རྒུད་དང་ཁྲག་སྦྱོར་གྱི་བྱ་སྤྱོད་དེ་དག་མཚམས་འཇོག་བྱེད་དགོས། ད་ལྟ་རང་ལ་མཚམས་འཇོག་བྱེད་དགོས།
ང་ཚོ་རྒྱལ་ཁབ་གཅིག་རེད། ཁྱོད་ཚོའི་ན་ཟུག་ང་ཚོའི་ན་ཟུག་ཡིན། ཁྱོད་ཚོའི་རྨི་ལམ་ང་ཚོའི་རྨི་ལམ་ཡིན། ཁྱོད་ཚོའི་ལམ་ལྷོངས་ང་ཚོའི་ལམ་ལྷོངས་ཡིན། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་དང་། བློ་གཅིག་སེམས་གཅིག ཐུན་མོང་གི་ཁ་ཕྱོགས་ཀྱང་གཅིག་པ་ཡིན། དེ་རིང་ངས་ལས་འཁུར་དམ་བཅའ་ཕུལ་བ་དེ་ཨ་རི་བ་ཚང་མའི་ཆེད་དུ་དྲང་བདེན་གྱི་དམ་བཅའ་ཕུལ་བ་ཡིན།
ལོ་ངོ་བཅུ་ཕྲག་འགའི་རིང་ང་ཚོས་ཕྱི་རྒྱལ་གྱི་བཟོ་གྲྭ་མང་པོར་འགྲོ་གྲོན་བཏང་སྟེ་ཕྱུག་པོ་བཟོས་ཡོད་པ་དང་། ང་ཚོས་རང་རྒྱལ་གྱི་དམག་མི་ཉུང་དུ་བཏང་སྟེ་རྒྱལ་ཁབ་གཞན་གྱི་དམག་མིར་རོགས་རམ་བྱས་ཡོད། ང་ཚོས་རང་རྒྱལ་གྱི་ས་མཚམས་མ་སྲུང་བར་རྒྱལ་ཁབ་གཞན་གྱི་ས་མཚམས་སྲུང་ཡོད་ལ། ང་ཚོས་རང་རྒྱལ་གྱི་འཛུགས་སྐྲུན་རྨང་གཞི་ཉམས་རྒུད་དུ་བཏང་སྟེ་རྒྱང་རིང་གི་རྒྱལ་ཁབ་དག་གི་ཐོག་ཏུ་ཨ་སྒོར་འབུམ་མང་པོ་བཏང་ཡོད།
ང་ཚོས་རྒྱལ་ཁབ་གཞན་དག་ཕྱུག་པོ་བཟོས་ཏེ་རང་རྒྱལ་གྱི་དཔལ་འབྱོར་དང་། སྟོབས་ཤུགས། བློ་སྤོབས་ཡོངས་རྫོགས་ཉམས་དམས་སུ་ཕྱིན་ཡོད། ཨ་རི་བ་ས་ཡ་མང་པོས་ལས་ཀ་བྱེད་བཞིན་པའི་ཚོང་ལས་ཚོགས་སྡེ་དག་གིས་རང་ཉིད་ཕྱུག་པོ་བཟོས་རྗེས། ཨ་རིའི་ལས་བཟོ་བ་དཀྱུས་མ་རྣམས་གཡུགས་ནས་ཡུལ་གཞན་དུ་ཕྱིན་ཡོད་པ་དང་། ལས་བཟོ་བ་ཁོང་ཅག་གི་རྔུལ་ཁྲག་གི་གྲུབ་འབྲས་རྣམས་ཡུལ་ཕྱོགས་གཞན་ལ་བགོ་འགྲེམ་བྱེད་བཞིན་ཡོད།
འོན་ཀྱང་དེ་དག་ཡོངས་རྫོགས་འདས་དོན་རེད། ད་ནི་ང་ཚོས་མ་འོངས་པ་ཁོ་ནར་དམིགས་པ་གཏད་ཡོད། དེ་རིང་ང་ཚོ་འདིར་འཛོམས་ཏེ་གྲོང་འཁྱེར་ཡོད་ཚད་དང་། ཕྱི་རྒྱལ་གྱི་རྒྱལ་ས་ཡོད་ཚད། དབང་ཤུགས་ཅན་གྱི་ཚོགས་པ་ཚང་མར་གསལ་བསྒྲགས་ཞུ་རྒྱུ་ཞིག་ནི། ཉི་མ་དེ་རིང་ནས་བཟུང་སྟེ་ང་ཚོའི་རྒྱལ་ཁབ་འདི་ཕུགས་བསམ་གསར་པ་ཞིག་གིས་འཛིན་སྐྱོང་བྱ་རྒྱུ་ཡིན་ལ། དུས་འདི་ནས་བཟུང་སྟེ་ཡུལ་དུས་གནས་སྐབས་གང་གི་འོག་ཏུའང་ཨ་རིས་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་ཡིན། ཚོང་འབྲེལ་གྱི་ཐག་གཅོད་དང་། དཔྱ་ཁྲལ་གྱི་ཐག་གཅོད། གནས་སྤོ་བའི་གནད་དོན། ཕྱི་རྒྱལ་ཁག་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ཨ་རིའི་ངལ་རྩོལ་བ་དང་ཨ་རིའི་ཁྱིམ་ཚང་རང་ལ་ཕན་ཐོགས་ཡོད་མེད་ཁོ་ནར་དམིགས་ཏེ་ཐག་གཅོད་བྱ་རྒྱུ་ཡིན།
ང་ཚོས་རང་རྒྱལ་གྱི་མཐའ་མཚམས་ཁག་ཏུ་རྒྱལ་ཁབ་གཞན་གྱིས་གཏོར་བཤིག་དང་། ང་ཚོའི་རྒྱལ་ཁབ་ཀྱི་དངོས་པོ་རྣམས་རྒྱལ་ཁབ་གཞན་གྱིས་ལྐོག་བཟོ་བྱེད་པ། ང་ཚོའི་བཟོ་གྲྭ་རྒྱལ་ཁབ་གཞན་གྱིས་བརྐུ་འཁྱེར་བྱས་ཏེ། ང་ཚོ་ལས་མེད་ཆགས་བཞིན་པའི་གནད་དོན་སོགས་ལས་ང་ཚོས་རང་སྲུང་བྱེད་རྒྱུ་ཡིན་ལ། སྲུང་སྐྱོབ་དེས་ང་ཚོ་རྒྱུ་འབྱོར་དབང་ཐང་ཅན་གྱི་ཕྱོགས་སུ་འཁྲིད་ངེས་ཡིན།
ངས་ཁྱེད་ཅག་གི་ཆེད་དུ་ལུས་སྟེང་གི་དབུགས་ཡོད་ཚད་ཕུལ་དེ་འབད་བརྩོན་བྱ་རྒྱུ་ཡིན་ལ། ངས་ནམ་ཡང་ཁྱོད་ཚོ་སེམས་སྐྱོ་བ་དང་གཉའ་ཆག་གི་འཇུག་རྒྱུ་མིན། ངས་ཡང་བསྐྱར་ཨ་རིའི་རྒྱལ་ཁབ་ལ་རྒྱལ་ཁ་ཞིག་མགོ་འཛུགས་བྱ་རྒྱུ་ཡིན་ལ། དེ་སྔོན་དང་རྦད་དེ་མ་འདྲ་བའི་རྒྱལ་ཁ་ཞིག་འཐོབ་ཏུ་འཇུག་རྒྱུ་ཡིན།
ང་ཚོས་སླར་ཡང་ལས་ཀ་རག་ཐུབ་བྱ་རྒྱུ་ཡིན། ང་ཚོས་སླར་ཡང་མཐའ་མཚམས་བརྟན་པོ་བཟོ་རྒྱུ་ཡིན། ང་ཚོས་རང་གི་རྒྱུ་དངོས་ཕྱིར་འདྲེན་བྱ་རྒྱུ་ཡིན་ལ། ང་ཚོས་རང་གི་རྨི་ལམ་དེ་སླར་ཡང་འཁྱེར་ཡོང་རྒྱུ་ཡིན། ང་ཚོས་ཡིད་དུ་འོང་པའི་རང་གི་རྒྱལ་ཁབ་ཀྱི་ཕྱོགས་གང་སར་ལམ་ཁ་གསར་པ་དང་གཞུང་ལམ་གསར་པ། ཟམ་པ་གསར་པ། གནམ་ཐང་གསར་པ། ཕུག་ལམ་གསར་པ། མེ་འཁོར་གསར་པ་སོགས་བཟོ་རྒྱུ་ཡིན། ང་ཚོས་རང་གི་མི་མང་གི་ཕན་བདེའི་ཆེད་དུ་ཁོང་ཚོར་སླར་ཡང་ལས་ཀ་སྤྲོད་རྒྱུ་ཡིན་ལ། རང་རྒྱལ་གྱི་འཛུགས་སྐྲུན་ལས་ཀ་ཡོངས་རྫོགས་ཨ་རི་བ་དང་ཨ་རིའི་ངལ་རྩོལ་མི་མང་ལ་སྤྲོད་རྒྱུ་ཡིན། ང་ཚོས་ཁ་གསལ་གོ་བདེའི་རྩ་དོན་གཉིས་ཀྱི་ཐོག་ཏུ་ཤར་སྐྱོད་བྱ་རྒྱུ་ཡིན། དེ་ནི་ཉོ་མཁན་ཨ་རི་བ་དང་གླ་གཏོང་ཡུལ་ཡང་ཨ་རི་བ་ཡིན་དགོས།
ང་ཚོས་རྒྱལ་ཁབ་གཞན་དང་ལྷན་དུ་གྲོགས་པོ་སྒྲིག་པ་དང་ཁོང་ཚོར་ལྟ་སྟངས་ཡག་པོ་འཛིན་རྒྱུ་ཡིན་མོད། འོན་ཀྱང་། རྒྱལ་ཁབ་ཚང་མར་སོ་སོའི་མངོན་འདོད་ཨང་དང་པོར་འཇོག་པའི་རང་དབང་ཡོད་པ་ལྟར། ང་ཚོས་རྒྱལ་ཁབ་སོ་སོའི་རང་དབང་དེ་ལ་བརྩི་བཀུར་བྱས་པའི་ཐོག་ནས་འབྲེལ་ལམ་འཛིན་རྒྱུ་ཡིན། ང་ཚོས་སུ་ལའང་ང་ཚོའི་མི་ཚེའི་འགྲོ་སྟངས་ལྟར་བྱེད་དགོས་པའི་བཙན་བཀའ་མི་གཏོང་། འོན་ཀྱང་། ང་ཚོས་རང་གི་འགྲོ་ལུགས་དེ་འོད་སྟོང་ལྡན་པ་ཞིག་ཏུ་བསྐྲུན་ཏེ། གཞན་དག་ཀྱང་ང་ཚོའི་རྗེས་སུ་མི་འཇུག་རང་དབང་མེད་པ་ཞིག་བཟོ་རྒྱུ་ཡིན།
ང་ཚོས་སྔར་ཡོད་མཐུན་ཕྱོགས་ཁག་ལ་སྟོབས་ཤུགས་འཕར་སྣོན་དང་། མཐུན་ཕྱོགས་གསར་པ་རྩ་འཛུགས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བསམ་ཡོད་དག་དང་མཉམ་རུབ་ཐོག་ཁ་ཆེའི་དྲག་སྤྱོད་པར་ཁ་གཏད་བཅག་སྟེ། གོ་ལ་ཟླུམ་པོ་འདིའི་སྟེང་ནས་ཨི་སི་ལམ་དྲག་སྤྱོད་པ་ཡོངས་རྩ་མེད་གཏོང་རྒྱུ་ཡིན།
ང་ཚོའི་ཆབ་སྲིད་ཀྱི་རྨང་གཞི་ལ་ཨ་རིའི་རྒྱལ་ཁབ་ཀྱིས་མཐའ་གཅིག་ཏུ་མོས་མཐུན་དང་དུང་ཞེན་ཡོད་པ་ཞིག་བཟོ་རྒྱུ་ཡིན་ལ། རང་ཉིད་རང་གི་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་དེ་བརྒྱུད་ནས་ང་ཚོའི་མི་མང་ཕན་ཚུན་བར་དགའ་ཞེན་ཡོད་པ་ཞིག་བཟོ་རྒྱུ་ཡིན། ནམ་ཞིག་ཁྱེད་ཀྱིས་རང་གི་སེམས་པ་རྒྱལ་ཞེན་དུ་བཅོས་ན་དེ་ལ་ཕྱོགས་ལྷུང་གི་ཡོང་ཁུངས་མེད།
ཡེ་ཤུའི་བསྟན་བཅོས་(Bible)ཀྱིས་ང་ཚོ་ལ་ “དཀོན་མཆོག་གིས་མི་རྣམས་མཉམ་དུ་མཐུན་བསྒྲིལ་བྱས་ཏེ་གནས་ན། དེ་ལ་ཅི་འདྲའི་བདེ་སྐྱིད་དང་ཡི་རངས་ལྡན་པ་ཞིག་རེད་ཨང་།” ཞེས་གསུངས་ཡོད། ང་ཚོས་གང་བསམ་པ་དེ་ངེས་པར་དུ་ཁ་སངས་ཏེ་བཤད་དགོས། དྲང་བདེན་གྱི་སྒོ་ནས་ང་ཚོའི་བསམ་ཚུལ་མི་མཐུན་པའི་ཕྱོགས་དེར་བགྲོ་གླེང་བྱེད་དགོས། འོན་ཀྱང་། ང་ཚོ་ནམ་ཡང་ཆིག་བསྒྲིལ་དུ་གནས་དགོས། ཇི་སྲིད་ཨ་རི་ཆིག་བསྒྲིལ་ཡོད་པ། དེ་སྲིད་དུ་ཨ་རི་ནི་སུས་ཀྱང་འགོག་ཐབས་མེད་པ་ཞིག་ཡིན།
དུས་ནམ་ཡང་ཞེད་སྣང་བྱེད་དགོས་དོན་མེད། ང་ཚོར་བདེ་འཇགས་ཡོད་ལ། ང་ཚོ་ནམ་ཡང་བདེ་འཇགས་ངང་གནས་ངེས་ཡིན། ང་ཚོའི་རླབས་ཆེན་གྱི་དམག་མི་རྣམས་དང་ཁྲིམས་ཀྱིས་ང་ཚོ་སྲུང་སྐྱོབ་བྱེད་ངེས་ཡིན་ལ། དེ་ལས་ལྷག་པར་དཀོན་མཆོག་གིས་ང་ཚོ་སྲུང་སྐྱོབ་གནང་ངེས་རེད།
མཐའ་དོན་དེར། ང་ཚོས་ངེས་པར་དུ་བསམ་བློ་རྒྱ་ཆེན་པོ་གཏོང་དགོས་ལ། རྨི་ལམ་དེ་ལས་ཀྱང་ཆེ་བ་གཏོང་དགོས། ཨ་རི་བ་ཚོས་དཀའ་ལས་ཇི་ཙམ་རྒྱག་པ་དེ་ཙམ་གྱིས་རྒྱལ་ཁབ་འཚོ་ཐུབ་ཀྱི་ཡོད་པ་ཤེས་དགོས།
ང་ཚོས་དེ་རིང་ནས་ཁ་ནས་བཤད་སྡོད་པ་ལས་ལག་ལེན་མེད་པ་དང་། རྟག་པར་སྐྱོན་བརྗོད་བྱེད་པ་ལས་དེར་ལས་ཀ་གང་ཡང་མི་བྱེད་པའི་ཆབ་སྲིད་པ་དེ་ཚོ་ངོས་ལེན་མེད། ད་ནི་ཁ་ནས་བཤད་སྡོད་པའི་དུས་ཚོད་རྫོགས་ཏེ་དངོས་སུ་ལག་ལེན་བྱེད་པའི་དུས་ཚོད་བསླེབས་ཡོད། ཁྱོད་ལ་དེ་དག་བྱེད་ཐུབ་པ་མ་རེད་ཅེས་སུ་ལའང་བཤད་དུ་མ་འཇུག ཨ་རི་བའི་སྙིང་སྟོབས་དང་། གདོང་ལེན། ནུས་པ་སོགས་ལ་དཀའ་ངལ་གང་གིས་ཀྱང་འགོག་ཐབས་མེད།
ང་ཚོ་མར་ལྷུང་གི་མ་རེད། ང་ཚོའི་རྒྱལ་ཁབ་ཡར་རྒྱས་ཕྱིན་ཏེ་སླར་ཡང་འབྱོར་ལྡན་ཆགས་ངེས་ཡིན། བསླེབས་མ་ཐག་པའི་དུས་རབས་གསར་པ་འདིའི་ནང་འཛམ་གླིང་གི་སྡུག་བསྔལ་གྱི་སྒོ་ལྕགས་ཕྱེས་ཡོད་ཀྱང་། ད་ལྟ་ང་ཚོ་ཡར་འགྲེངས་ཏེ་གྲ་སྒྲིག་བྱས་བསྡད་ཡོད། ནུས་པ་དང་བཟོ་གྲྭ། འཕྲུལ་ཆས་སོགས་འཛུགས་སྐྲུན་བྱས་ཏེ། མ་འོངས་པར་འཛམ་གླིང་འདི་ཉིད་སྡུག་བསྔལ་གྱི་ནད་གཞི་དེ་ལས་གྲོལ་བར་བྱེད་རྒྱུ་ཡིན།
རྒྱལ་ཞེན་གྱི་སྤོབས་པ་གསར་པ་དེས་ང་ཚོའི་སེམས་པ་སྒུལ་ཞིང་། ང་ཚོའི་མཐོང་རྒྱ་ཇེ་ཆེར་བཏང་ཡོད་པ་མ་ཟད། ང་ཚོའི་དབྱེ་འབྱེད་ཀྱི་ལྟ་ཚུལ་ཡང་མེད་པ་ངེས་ཡིན།
དེ་རིང་ང་ཚོའི་དམག་མི་རྣམས་ཀྱིས་ནམ་ཡང་རྗེད་མ་མྱོང་བའི་ཤེས་རབ་རྙིང་པ་ཞིག་དྲན་གསོ་བྱེད་པའི་དུས་ཚོད་རེད། དེ་ནི་ང་ཚོ་ནག་པོ་ཡིན་ཡང་ཆོག་ལ། དཀར་པོ་དང་སེར་པོ་ཡིན་ཡང་རུང་། ང་ཚོ་ཚང་མར་རྒྱལ་ཞེན་གྱི་ཁྲག་དམར་བཞུར་བ་གཅིག་མཚུངས་ཡིན། ང་ཚོ་ཚང་མས་གཟི་བརྗིད་ལྡན་པའི་རང་དབང་གི་བདེ་སྐྱིད་གཅིག་མཚུངས་ལོངས་སུ་སྤྱོད་ཀྱིན་ཡོད། ང་ཚོ་ཚང་མས་ཨ་རིའི་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ལ་གུས་འདུད་གཅིག་མཚུངས་ཞུ་བཞིན་ཡོད།
ཕྲུ་གུ་ཌི་ཊོ་ཨིཊ་(Detroit)ས་གནས་ཀྱི་གྲོང་འཁྱེར་ཞིག་ཏུ་རང་དབང་གིས་སྐྱེས་པའམ། ཡང་ན། རླུང་ཚུབ་ཁྲོད་ཀྱི་ནཱེ་བྷི་རཱ་ཀ་(Nebraska)ཡི་ཐང་ཆེན་དུ་སྐྱེས་པ་གང་ཡིན་ཡང་། ཁོང་ཚོ་ཚང་མས་ཡར་ལྟ་སའི་གནམ་ཁའི་མཚན་ལྗོངས་གཅིག་རེད་ལ། ཁོང་ཚོ་ཚང་མའི་སེམས་ནང་རྨི་ལམ་དང་རེ་བ་གཅིག་མཚུངས་ཡོད། ཁོང་ཚོ་ཚང་མས་དཀོན་མཆོག་གཅིག་གིས་གནང་བའི་སྲོག་དབུགས་འབྱིན་རྔུབ་བྱེད་ཀྱིན་ཡོད།
དེར་བརྟེན། ཨ་རི་བ་ཚང་མ་གྲོང་འཁྱེར་དང་གྲོང་རྡལ། ཐག་ཉེ་དང་ཐག་རིང་། རི་ཀླུང་ནས་རི་ཀླུང་བརྒྱུད། རྒྱ་མཚོ་ནས་རྒྱ་མཚོ་བརྒྱུད་དེ། ཡོད་ཚད་ཀྱིས་ཚིག་འདི་ལ་གསན་རོགས། ཁྱོད་ཚོ་ཚང་མ་ཡང་བསྐྱར་སྣང་མེད་དུ་ནམ་ཡང་གཏོང་གི་མིན། ཁྱོད་ཚོའི་འབོད་སྒྲ་དང་། ཁྱོད་ཚོའི་རེ་བ། ཁྱོད་ཚོའི་རྨི་ལམ་དེ་དག་གིས་ཨ་རིའི་ཁ་ཕྱོགས་མཚོན་ཡོད། ཁྱོད་ཚོའི་སེམས་ཤུགས་དང་ཀུན་སྤྱོད། བརྩེ་བ་སོགས་ཀྱིས་ང་ཚོར་མ་འོངས་པར་ལམ་སྟོན་བྱེད་ངེས་ཡིན།
ང་ཚོ་ཚང་མ་མཉམ་བསྒྲིལ་ཐོག་ཨ་རི་སླར་ཡང་སྟོབས་ལྡན་བཟོ་དགོས།
ང་ཚོས་སླར་ཡར་འབྱོར་ལྡན་བཟོ་དགོས།
ང་ཚོས་སླར་ཡང་ཨ་རི་སྤོབས་པ་ལྡན་པ་བཟོ་དགོས།
ང་ཚོས་སླར་ཡང་ཨ་རི་བདེ་འཇགས་ལྡན་པ་བཟོ་དགོས།
རེད། ང་ཚོས་ལྷན་དུ་ཨ་རི་སླར་ཡང་རླབས་ཆེན་བཟོ་དགོས།
ཐུགས་རྗེ་ཆེ། དཀོན་མཆོག་གིས་ཁྱོད་དང་ཨ་རི་ལ་ཐུགས་རྗེས་གཟིགས་པ་ཤོག”
བཀའ་སློབ་ཀྱི་གནད་འགག
༡.) དེ་རིང་ཝ་ཤིང་ཏོནན་གྱི་དབང་ཆ་མི་མང་ལ་སྤྲོད་པའི་ཉི་མ་ཡིན།
༢.) ང་ཚོ་མི་རིགས་དཀར་པོ་དང་ནག་པོ་སེར་པོ་སུ་ཡིན་ཡང་རྒྱལ་ཞེན་གྱིས་བཞུར་བའི་ཁྲག་གི་ཁ་དོག་དམར་པོ་ཡིན་པ་གཅིག་པ་ཡིན།
༣.) ད་ནས་བཟུང་ང་ཚོས་ང་ཚོའི་ཆེད་དུ་ལས་ཀ་བྱེད་རྒྱུ་ཡིན་ལ། ང་ཚོས་ང་ཚོའི་མི་ལ་ལས་ཀ་སྤྲོད་རྒྱུ་ཡིན།
༤.) ང་ཚོས་གཞན་བཙན་གྱིས་ང་ཚོའི་རྗེས་སུ་བཙན་འགུག་མི་བྱེད་ཀྱང་ང་ཚོས་ང་ཚོར་རིན་ཐང་བསྐྲུན་ཏེ་གཞན་པ་རང་ཤུགས་ཀྱིས་ང་ཚོས་རྗེས་སུ་འབྲིང་དུ་འཇུག་རྒྱུ་ཡིན།
༥.) ང་ཚོ་རང་ཉིད་རང་གི་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་དེ་བེད་སྤྱད་དེ་ང་ཚོས་ང་ཚོའི་མི་མང་ཕན་ཚུན་ལའང་དགའ་ཞེན་ཡོད་པ་ཞིག་བཟོ་རྒྱུ་ཡིན།
༦.) དེ་རིང་ནས་ཁ་ནས་བཤད་སྡོད་པ་ལས་ལག་ལེན་མེད་པ་དང་སྐྱོན་བརྗོད་བྱེད་སྡོད་པ་ལས་དེ་ལ་ལས་ཀ་མི་བྱེད་པའི་ཆབ་སྲིད་པ་དེ་ཚོ་ངོས་ལེན་མེད། ད་ནི་ཁ་ནས་བཤད་སྡོད་པའི་དུས་ཚོད་རྫོགས་ཏེ་དངོས་སུ་ལག་ལེན་བྱེད་པའི་དུས་ཚོད་བསླེབས་ཡོད།
སྲིད་འཛིན་གསར་པ་སྦྲ་ནག་ཁྲོམ་ནས་དམ་འབུལ་སྐབས་ཀྱི་གཏམ་བཤད་དེ་ནི་ཨ་རིའི་མི་མང་དང་གཞོན་སྐྱེས་རྣམས་ཀྱི་ཡིད་སེམས་འགུག་པ་དང་། རྒྱལ་ཁབ་གཞན་གྱི་མི་སེར་ཡིན་ཡང་ཡིད་འགུལ་ཐེབས་པ་ཞིག་གནང་འདུག
ཚོད་དཔག་ནོར་མེད་ན་སྦྲ་ནག་ཁྲོམ་ནི་དགྲ་ནག་བཅོམ་ལ་འགྱུར་ཡང་སྲིད།
གཏམ་བཤད་ཧ་ལས་པ་ཡག་པོ་གནང་འདུག ཡིན་ནའང་ཨ་རིའི་མི་མང་ཚོས་ཁ་སང་དེ་རིང་ངོ་རྒོལ་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག ག་རེ་ཡིན་ནམ།
འཛམ་གླིང་གཅིག་ལ་གཅིག་རྟེན་གྱི་དུས་ཚོད་མིན་པ་འདྲ་ཞིག་བཤད་འདུག ཨ་རིའི་ནང་ཁུལ་རྙོག་དྲ་སླེབས་དུས་རྒྱ་ནག་གི་འདོད་པ་སྐོང་བ་དང་གཅིག་པ་རེད།རྒྱ་ནག་ལ་མཁོ་བ་ནི་ཨ་རི་ཉམས་ཆགས་འགྲོ་རྒྱུ་དེ་རེད།ནང་ཁུལ་རྙོག་དྲ་ཆགས་ཚེ།ཉམས་ཆགས་འགྲོ་བ་ལས་སླ་བོ་རེད། གཏམ་བཤད་འདི་ལག་བསྟར་བྱས་ཚེ་ནང་ཁུལ་རྙོག་དྲ་ཆེན་པོ་ཡོང་ངེས་རེད།
ཨ་རི་ནི་མི་རིགས་སྣ་འཛོམས་ཀྱིས་འཛུགས་སྐུན་བྱས་པ་ཞིག་རེད། གང་ལྟར་ཨ་རིའི་མི་རིགས་རིང་ལུགས་པ་ཚོར་སེམས་ཤུགས་འཕར་བྱེད་ཞིག་བཤད་འདུག དུས་བབ་ཚང་ལ་ཞུ་རྒྱུ་ཞིག་ལ་མཉམ་མ་བཞག་པར་ཡིག་ནོར་འགའ་རེ་ཤོར་འདུག་པས་བསྐྱར་བཅོས་བྱེད་ཐུབ་ན་ལེགས་སྙམ།