ཧི་ལིར་ཅི་ཡཱང་(Helier Cheung)ལགས་བྷི་བྷི་སིའི་གསར་འགོད་པ་ཡིན། ཁོང་མོ་ཧོང་ཀོང་དུ་སྐྱེས་ཤིང་འཚར་ཏེ་སློབ་གྲྭ་རིམ་པར་བརྒྱུད་དེ་དབྱིན་ཡུལ་ནས་སློབ་མཐར་ཕྱིན་རྗེས་ཕྱིར་ཧོང་ཀོང་དུ་ལོག་སྟེ་ཕྱག་ལས་གནང་ཡོད་ཅིང་ད་ལྟ་རང་ལོ་ ༢༩ ཡིན། ཁོང་མོས་ ༡༩༩༧ ལོར་དབྱིན་ཇི་ཡིས་ཧོང་ཀོང་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ད་བར་ལོ་ངོ་ ༢༠ འཁོར་བའི་རིང་གི་འགྱུར་ལྡོག་ལ་ཕྱིར་དྲན་བྱས།
ང་ཚོ་ཕྲུ་གུ་ཡིན་པའི་སྐབས་སུ་ལོ་རྒྱུས་ནི་གལ་ཆེན་པོ་ཞིག་ཡིན་པ་མཐོང་གི་མེད། ༡༩༩༧ ཟླ་བ་ ༧ ཚེས་ ༡ ཉིན་དབྱིན་ཇིས་རྒྱ་ནག་ལ་ཧོང་ཀོང་རྩིས་སྤྲོད་བྱས་སྐབས། རྒྱ་ནག་གི་དཔོན་རིགས་ཚོ་དང་འཛམ་གླིང་གི་ཕྱོགས་གང་ས་ནས་ལྟད་མོ་ལྟ་མཁན་ས་ཡ་མང་པོའི་མདུན་སར། ང་ནི་སྡིངས་ཆའི་སྟེང་གི་མཉམ་གཞས་གཏོང་མཁན་ནང་གི་གཅིག་ཡིན།
དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་རེད། འོན་ཀྱང་། སྐབས་དེར་ང་ནི་རང་ལོ་ ༩ ཡིན་པས། གསལ་ལྷང་ངེར་ངའི་དྲན་པར་ཡོད་པ་དེ་དག་ནི།
- སྡིངས་ཆའི་རྒྱབ་ལོགས་སུ་དབྱིན་ཇིའི་བག་ལེབ་(sandwich)དྲོ་བ་མེད་པ་ཞིག་བཟས་པ།
- ཆར་པ་ཤུགས་ཆེན་བཏང་ཡང་འཇའ་ཤར་ཡོད་པ།
- རྒྱ་ནག་སྤྱི་སྐད་(Mandarin)ཐོག་གླུ་གཞས་ཀྱི་ནང་དོན་ཕྱེད་ཀ་གོ་བ་དང་ཕྱེད་ཀ་མ་གོ་བ་ཞིག་ལེན་པ་དེ་ཙམ་དྲན་གྱི་འདུག
ང་ཚོ་མཉམ་གཞས་གཏོང་མཁན་ཚང་མ་ཀེན་ཏོ་ནིས་(Cantonese)སྐད་ཡིག་བེད་སྤྱོད་བཏང་སྟེ་འཚར་ལོངས་བྱུང་བ་ཤ་སྟག་ཡིན་སྟབས། ང་ཚོས་རྒྱ་ནག་སྤྱི་སྐད་ཐོག་གླུ་གཞས་ལེན་སྐབས་ནང་དོན་ཕྱེད་ཀ་མགོ་འཚོས་པ་དང་ཕྱེད་ཀ་མགོ་འཚོས་ཀྱི་མེད་པའི་ཚོར་བ་གཉིས་བྱུང་། སྤྱིར་བཏང་རྒྱ་ནག་སྤྱི་སྐད་(Mandarin)ནི་ང་ཚོའི་རིག་གཞུང་ཡིན་ཡང་། ང་ཚོ་རིག་གཞུང་དེའི་ཁྲོད་དུ་འཚར་ལོངས་བྱུང་མེད།
སྐབས་དེར་གཞས་སྣ་འཁྲབ་སྟོན་བྱེད་མཁན་རྣམས་ལ་ཚོན་མདོག་ཟིང་སྐྱ་ཅན་གྱི་གཤོག་པ་བཟོས་ཡོད་པ་དང་། ངས་སྲིད་འཛིན་ཟུར་པ་ཅིང་ཙེ་མིན་(Jiang Zemin)གྱིས་ “ཧོང་ཀོང་གི་མ་འོངས་ནི་འོད་སྟོང་ལྡན། Hong kong’s Tomorrow will be better)” ཞེས་བྲིས་པའི་ཡི་གེ་ཞིག་ལག་ཏུ་བཟུང་བསྡད་ཡོད་པ་དྲན་གྱི་འདུག
འོན་ཀྱང་། དེའི་དགོང་མོར་ངས་གཟུགས་མཐོང་བརྙན་འཕྲིན་ནང་མི་ཁ་ཤས་ཤིག་གིས་ཧོང་ཀོང་རྩིས་སྤྲོད་བྱས་པ་དེར་ངོ་རྒོལ་རྒྱག་བཞིན་པ་མཐོང་བ་དང་། དེ་ནས་ངས་ཧོང་ཀོང་ལ་ཤོག་ཁག་གཉིས་ཡོད་པ་ཐོག་མར་ཤེས་སོང་། ཁ་ཤས་ཤིག་གིས་ཧོང་ཀོང་རྒྱ་ནག་གི་ཆ་ཤས་སུ་གྱུར་བར་དགའ་བསུ་བྱེད་ཀྱིན་འདུག་ལ། ཁ་ཤས་ཤིག་གིས་དེ་ལ་ཞེད་སྣང་དང་ངོ་རྒོལ་རྒྱག་བཞིན་པ་མཐོང་སོང་།
སྐབས་དེར་ངས་ཆབ་སྲིད་ཀྱི་སྐོར་ཅི་ཡང་ཤེས་ཀྱི་མེད་མོད། འོན་ཀྱང་། གནས་ཚུལ་དེས་ང་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་། ངའི་གྲོགས་པོ་ཁ་ཤས་ཧོང་ཀོང་རྩིས་སྤྲོད་མ་བྱས་གོང་ནས་ས་ཆ་གཞན་ལ་གནས་སྤོ་བྱས་སོང་། གང་ཡིན་ཟེར་ན། ཁོང་ཚོའི་ཕ་མ་ཚོས་རྒྱ་ནག་གི་འོག་ཏུ་འཚོ་བ་སྐྱེལ་འདོད་མེད་པ་དང་། གལ་སྲིད་རྒྱ་ནག་གི་འོག་ཏུ་འཚོ་བ་བསྐྱེལ་དགོས་བྱུང་ན་མི་ཚེ་ལ་དོན་སྙིང་མེད་པ་ཞིག་ཚོར་གྱི་ཡོད་འདུག
ངས་མི་རྒན་པ་ཚོའི་ཁ་ནས་ ༡༩༩༧ ལོར་ཨེ་ཤ་ཡའི་དཔལ་འབྱོར་ལ་ཡང་ཉམས་རྒུད་ཆེན་པོ་ཐེབས་ཏེ། ཚོང་གི་མ་རྩ་བརྡིབ་ནས་ཧོང་ཀོང་གི་མི་མང་པོས་རང་སྲོག་གཅོད་བཞིན་པའི་སྐོར་ཐོས་མྱོང་། ང་རང་ཕྲུ་གུའི་སྐབས་ནས་གནས་ཚུལ་གསལ་པོ་ཤེས་འདོད་བྱེད་མཁན་ཞིག་ཡིན།
ང་དང་ངའི་གྲོགས་པོ་རྣམས་རང་ལོ་ ༡༣ ཟིན་ཏེ་འབྲིང་རིམ་སློབ་གྲྭར་ཕྱིན་ཡང་། རྗེས་མ་ཆེན་པོ་ཆགས་ན་རྒྱ་ནག་སྐམ་ས་ཆེན་མོ་ཡར་རྒྱས་དང་འཛུགས་བསྐྲུན་གསར་པ་བྱ་རྒྱུའི་བསམ་བློ་མེད།
༢༠༠༣ ལོར་རྒྱ་ནག་གི་ལྷོ་ཕྱོགས་བརྒྱུད་དེ་ཧོང་ཀོང་ལ་ཁ་རླུང་གི་ནད་སཱར་སི་(SARS)ཞེས་པའི་འགོ་ནད་ཅིག་བསླེབས། སྐབས་དེར་ང་ཚོའི་ཉིན་རེའི་འཚོ་བ་ལའང་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་སོང་། གློ་བུར་དུ་ཚོང་ཁང་ཆེན་པོ་དང་། སློབ་གྲྭ་ཁག་སྒོ་བརྒྱབས་པ་དང་། ཡིག་རྒྱུགས་ཚར་མ་ཐག་ང་ཚོའི་འཛིན་གྲྭ་ཡང་མཚམས་འཇོག་བྱས།
འགོ་ནད་དེ་ཐོག་མར་རྒྱ་ནག་ལ་བྱུང་ཡང་། རྒྱ་ནག་སྐམ་ས་ཆེན་མོའི་གཞུང་འབྲེལ་མི་སྣ་ཚོས་སྦེད་གསང་བྱས་ཏེ་མཐར་གང་སར་ཁྱབ་པའི་གནས་ཚུལ་ཐོན་པ་དེར། ཁ་ཤས་ཤིག་གིས་དེ་ནི་དྲང་བདེན་གྱི་བྱེད་སྟངས་ཤིག་མིན་པའི་རྣམ་འགྱུར་བསྟན་སོང་།
སྐབས་དེར་ཧོང་ཀོང་གྲོང་འཁྱེར་གྱི་མི་གྲངས་ ༣༠༠ མ་ཟིན་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་བྱེད་ས་གཙོ་བོར་གྱུར་ཡང་། ཧོང་ཀོང་གིས་འགོ་ནད་དེར་སྟངས་འཛིན་བྱས་ཏེ་ཕྱི་གསལ་ནང་གསལ་ཞིག་བཟོ་ཐུབ་མེད།
སྐབས་དེར་ང་དང་ངའི་གྲོགས་པོ་ཚོ་ཧ་ཅང་ཁ་ལ་ཉན་པོ་ཆགས་ཤིང་། ང་ཚོར་གང་ཞིག་བྱ་རྒྱུའི་སྐུལ་མ་བཏང་ཡང་དེ་དག་ཏག་ཏག་བསྒྲུབས་པ་ཡིན། ཉིན་ལྟར་སློབ་གྲྭ་འགྲོ་དུས་ཁ་ལ་ཁ་རས་གྱོན་པ་དང་། ལག་པ་དོན་མེད་དུ་གང་སར་མ་འཆང་བ་མ་ཟད། ལུས་ཀྱི་ཚ་དྲོད་རྟག་ཞིབ་ཡོ་ཆས་ཊིམ་པི་རེ་ཅར་(Temperature)དུས་རྟག་ཏུ་ཁྱེར་ནས་ཕྱིན་པ་ཡིན།
འོན་ཀྱང་། ང་ཚོས་དུས་རྒྱུན་ལྟར་སློབ་གྲྭ་གྲོལ་རྗེས་མེཀ་ཌོ་ནལ་(McDonald)ལ་ཕྱིན་པ་ཡིན། ངའི་གྲོགས་པོ་ཞིག་གིས། “གལ་སྲིད་ཁྱོད་ཤི་འདོད་ན་ཤི་རྒྱུ་རེད། དེ་ལ་བཅོས་ཐབས་མེད། ཁྱོད་རང་གིས་བྱེད་དགོས་པ་དེ་རང་ཉིད་ཀྱི་ངོས་ནས་གང་ཐུབ་བྱ་རྒྱུ་དེ་རེད།” ཅེས་ལབ་སོང་།
ནམ་དུས་དབྱར་ཁ་བསླེབས་སྐབས། ཧོང་ཀོང་ནས་སར་སཱི་(SARS)འགོ་ནད་རིམ་གྱིས་ཡལ། ཡིན་ན་ཡང་དུས་དེ་ནས་རྙོག་ཁྲ་གཞན་ཞིག་ཏེ་ཆབ་སྲིད་རྩོད་རྙོག་གི་ལྡིར་སྒྲ་བསྒྲག་མགོ་བརྩམས་སོང་།
གཞུང་ངོས་ནས་རྒྱལ་ཁབ་བདེ་འཇགས་ཆེད་ཁྲིམས་གསར་པ་དོན་ཚན་ ༢༣ (Article 23)ཞེས་པ་ཞིག་གཏན་འབེབས་བྱེད་འདོད་བྱས་བྱུང་། དེ་ནི་རང་རྒྱལ་གྱི་ཁྲིམས་ལ་རྒྱབ་བསྟན་པ་དང་། ཁ་བྲལ་སྨྲ་བ་དང་། ཁ་བྲལ་གྱི་ཆེད་དུ་ངན་སྐུལ་བྱེད་མཁན་རྣམས་རྒྱང་འབུད་གཏོང་རྒྱུ་དེ་རེད། རྒྱ་ནག་སྐམ་ས་ཆེན་མོས་ང་ཚོའི་ཁྲིམས་ལ་རྩི་མེད་གཏོང་མཁན་དང་། ཁ་བྲལ། ཁ་བྲལ་ལ་ངན་སྐུལ་བྱེད་མཁན་བཅས་ཚིག་གསུམ་པོ་དེ་ཤེས་པར་བྱས་ཏེ། དེ་འདྲ་བྱེད་མཁན་གྱི་ཚོགས་པ་རྣམས་རྒྱང་འཕུད་གཏོང་སྐབས། ང་ཚོས་བྱ་འགུལ་དེ་ལ་རྒྱབ་སྐྱོར་བྱས་ཏེ་རྒྱང་འཕུད་གཏོང་བཅུག་དགོས་པ་དེ་ཡིན།
ཁྲིམས་འཆར་དེས་ཧོང་ཀོང་མི་མང་ཧང་སང་དུ་བཅུག ༢༠༠༣ ཟླ་བ་ ༧ ཚེས་ ༡ ཉིན་ཁྲིམས་འཆར་དེ་ལ་མི་ས་ཡ་ཕྱེད་ཀ་ཙམ་གྱིས་ངོ་རྒོལ་གོམ་བགྲོད་བྱས་པ་དང་། གོམ་བགྲོད་ཁྲོད་ངའི་འཛིན་གྲོགས་ཁ་ཤས་ཀྱང་འདུག
ཉིན་འགའི་རྗེས་སུ་གཞུང་གི་ཆབ་སྲིད་ཚོགས་པ་ཁག་ཅིག་དང་ཚོང་འབྲེལ་མི་སྣ་ཚོས་ཁྲིམས་འཆར་དེར་རྒྱབ་སྐྱོར་མ་བྱས་སྟབས། ཁྲིམས་འཆར་དོན་ཚན་ ༢༣ (Article 23) ཞེས་པ་དེ་ཉིད་རེ་ཞིག་ཕྱིར་འཐེན་བྱས། ངའི་གྲོགས་པོ་ཚོ་ཧ་ཅང་དགའ་སྤྲོ་ཆེན་པོས་ང་ལ་ག་རེ་བཤད་སོང་ཟེར་ན། “ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཆགས་ཡོད་” ཟེར། སྐབས་དེར་མང་པོ་ཞིག་གིས་ཧོང་ཀོང་ལ་དམངས་གཙོ་མེད་ཀྱང་འོས་ལྡུག་པའི་རང་དབང་རག་གི་རེད་དྲན་འདུག
ཧོང་ཀོང་གིས་སཱར་སཱི་ནད་གཞི་(SARS)བཀག་འགོག་བྱེད་ཐུབ་པ་དང་། ཁྲིམས་འཆར་དོན་ཚན་ ༢༣ (Article) ཕྱིར་རྒྱང་བྱེད་ཐུབ་པ་དེས་མི་མང་གི་བསམ་བློའི་ནང་། རྒྱ་ནག་གི་ཆབ་སྲིད་དེ་ཧོང་ཀོང་མི་མང་གི་ཉིན་རེའི་འཚོ་བ་དང་འབྲེལ་བ་ཡོད་པའི་ངེས་ཤེས་གསལ་བོ་རྙེད།
༢༠༠༠ ལོའི་མཇུག་ནས་དེ་སྔ་དང་མ་འདྲ་བར་རྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་གཉིས་བར་འབྲེལ་འདྲིས་ཆེ་རུ་ཕྱིན་སོང་།
ང་བྱིས་པ་ཡིན་དུས། ངའི་སློབ་གྲོགས་ཁ་ཤས་ཀྱིས་བསམ་ངན་བྱས་ཏེ། རྒྱ་ནག་སྐམ་ས་ཆེན་མོའི་མི་དེ་ཚོ་འཚོ་བ་སྐྱོ་བོ་དང་ཙོག་པུར་སྡོད་མཁན་ཡིན་ཞེས་ཟེར་ནས་ཁྱད་གསོད་བྱེད་ཀྱིན་ཡོད། འོན་ཀྱང་། བར་སྐབས་ཤིག་ནས་མི་མང་པོ་ཞིག་གིས་ད་ཆ་ཧོང་ཀོང་གི་མ་འོངས་དཔལ་འབྱོར་དེ་ཉིད་རྒྱ་ནག་ལ་བསྟུན་དགོས་པ་མཐོང་སྟེ། རྒྱ་ནག་གི་སྤྱི་སྐད་མན་ཌ་རི་ཡན་(Mandarin)སྦྱོང་མགོ་བཙུགས་སོང་།
བར་སྐབས་ནས་རྒྱ་ནག་གིས་འགྲིམ་འགྲུལ་སྲིད་ཇུས་གུ་ཡངས་སུ་བཏང་སྟེ། རྒྱ་ནག་སྐམ་ས་ཆེན་མོའི་མི་རྣམས་ཧོང་ཀོང་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་རྒྱུ་བསླར་རུ་ཕྱིན། གནས་ཚུལ་དེ་དག་ལ་བརྟེན་ཏེ། ཧོང་ཀོང་གི་དཔལ་འབྱོར་ལ་ཁེ་ཕན་ཆེན་པོ་རག་གི་ཡོད་ཀྱང་། དེ་མཚུངས་སུ་གཞུང་ལ་མ་དགའ་བའི་སྡང་ཟུག་ཀྱང་ཇེ་ཆེར་སོང་།
སྐབས་དེར་ང་ཕྱི་རྒྱལ་དུ་སློབ་གཉེར་བྱེད་བཞིན་ཡོད། ང་ག་དུས་གུང་སེང་ལ་ནང་དུ་ཡོང་ཡང་། ཡུལ་མི་ཚོས་ཡུལ་སྐོར་སྤྲོ་འཆམ་པ་དག་གི་བྱ་སྤྱོད་ངན་པར་སྡུག་སྐད་རྒྱག་བཞིན་པ་གོ་རྒྱུ་འདུག ཡུལ་སྐོར་སྤྲོ་འཆམ་པ་ཁ་ཤས་ཀྱིས་སོ་སོར་དགོས་མིན་ལ་མ་ལྟོས་པར། ཁྲོམ་རྭ་ནས་ཕྲུ་གུའི་འོ་ཕྱེ་(Milk Power)ཡོད་ཚད་འཁྱེར་འགྲོ་བཞིན་ཡོད་སྟབས། ཧོང་ཀོང་ཡུལ་མིའི་ཕ་མར་ཕྲུ་གུའི་འོ་ཕྱེ་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་ཐོས།
ང་དང་འཛིན་གྲོགས་ཚོ་བྱིས་པ་ཡིན་སྐབས་ཡང་ཡང་འགྲོ་སའི་ཚོང་ཁང་མང་པོ་ཞིག་ད་ཆ་ངོས་མི་ཟིན་པ་ཆགས་འདུག སྐབས་དེར་ང་ཚོས་རྒྱན་ཆ་དང་རྔན་པ་ཙག་ཙིག་གོང་ཁེ་བོས་ཉོ་རྒྱུ་རག་སའི་ཚོང་ཁང་དེ་དག་དེང་སྐབས་ཡུལ་སྐོར་སྤྲོ་འཆམ་པ་ཕྱུག་པོ་དག་གིས་ཉོ་ཚོང་བྱེད་སའི་ཚོང་ཁང་ཆེན་པོ་དང་། དེ་དག་ནང་གི་ཅ་དངོས་ཀྱང་བཟོ་གྲྭ་གྲགས་ཅན་དག་ནས་ཐོན་པའི་དངོས་ཟོག་གོང་ཆེན་རྐྱང་རྐྱང་ཆགས་འདུག
ད་དུང་འགྱུར་བ་ཆེན་པོ་ཞིག་ནི་ཆབ་སྲིད་ཐོག་ཕྱིན་འདུག ང་ཚོ་སློབ་གྲྭར་ཡོད་སྐབས་ཆབ་སྲིད་ལ་དབྱིངས་ཡོད་ལབ་ན་མི་ཚོས་བསྔགས་བརྗོད་ལས་ལྡོག་སྟེ་གད་མོ་དགོད་པ་རེད།
འོན་ཀྱང་། ༢༠༡༢ ལོའི་རྗེས་ནས་བཟུང་རྒྱ་ནག་གཞུང་གིས་ “རྒྱལ་གཅེས་སློབ་གསོ་” (Patriotic Education)ཞེས་པའི་སློབ་ཚན་གསར་པ་ཞིག་འཛིན་གྲྭ་སོ་སོར་ངོ་སྤྲོད་བྱེད་སྐབས། སློབ་ཕྲུག་ཚོས་གཞུང་ལ་ངོ་རྒོལ་བྱས་ཏེ་ཟས་བཅད་ངོ་རྒོལ་གནང་བ་རེད།
༢༠༡༤ ལོར་བསམ་ཡུལ་དུ་མེད་པ་དང་། ཧང་སང་དགོས་པའི་གནད་དོན་ཞིག་བྱུང་བ་རེད། དེ་ནི་སློབ་ཕྲུག་རང་གིས་སྣེ་ཁྲིད་དེ་སློབ་མ་སྟོང་ཕྲག་ ༡༠ ལས་བརྒལ་བ་ཞིག་གཞུང་ལམ་སྟེང་ཐོན་ཏེ་སྲིད་གཞུང་ལ་དམངས་གཙོ་དགོས་པའི་སྐད་འབོད་བྱས་པ་དེ་རེད། གནས་ཚུལ་དེ་འདྲ་རྒྱ་ཆེ་རུ་ཕྱིན་སྐབས་ཆབ་སྲིད་སྐོར་བཤད་དུ་མ་བཅུག་ན་འགོག་ཐུབ་ཀྱང་། སྐབས་དེར་སློབ་མ་ཚོ་བདུན་ཕྲག་ཁ་ཤས་རིང་རྒྱ་ལམ་དུ་ཉལ་བསྡད་པས་ངོ་རྒོལ་ལས་འགུལ་དེ་གློ་བུར་དུ་འགོག་ཐུབ་མེད།
དུས་དེ་ནས་བཟུང་ལས་དོན་དེའི་སྐོར་ལ་ནང་མི་ཕན་ཚུན་དང་གྲོགས་པོ་ཕན་ཚུན་དངོས་སུ་གདོང་དང་གདོང་ཐུག་སྟེ་གྲོས་བསྡུར་བྱས་པ་དང་། སྤྱི་ཚོགས་དྲ་ལམ་ངོ་དེབ་སོགས་སུའང་དེའི་སྐོར་གླེང་མོལ་བྱེད་མགོ་བརྩམས། གལ་སྲིད་མི་གང་ཞིག་ལས་དོན་དེར་མོས་མཐུན་མེད་མཁན་ཞིག་དང་ཐུག་ན་རང་གི་ངོ་དེབ་སོགས་ནས་ཕྱིར་འཕུད་བཏང་།
ལས་དོན་དེར་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་བསམ་པར། ཧོང་ཀོང་མི་མང་གི་དོན་དམ་པའི་དམངས་གཙོའི་རང་དབང་གི་ཆེད་དུ། རང་གི་གནས་སྐབས་ཀྱི་ལས་ཀ་དང་དཔལ་འབྱོར་གསོག་སྒྲུབ་བྱས་པ་ཡོངས་རྫོགས་བློས་གཏོང་བྱས་ཀྱང་། དོན་མེད་ཆུད་ཟོས་སུ་མ་བཏང་བ་ཞིག་ཚོར་གྱིན་ཡོད་ཀྱང་། དེ་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་དེ་ནི་ཧོང་ཀོང་ཐོར་ཞིག་ཏུ་འགྲོ་བའི་ལས་ཀ་ཞིག་ལ་བརྩིས་པ་རེད།
བུད་མེད་ཅིག་གིས་ང་ལ་བརྗོད་རྒྱུར། ཁོ་མོས་ངོ་རྒོལ་ལས་འགུལ་དེར་མཉམ་ཞུགས་བྱས་སྟབས། མོ་རང་གི་གཉེན་ཚན་དག་གིས་ཁོ་མོའི་སྟེང་ཁོང་ཁྲོ་ཟོས་ཡོད་པ་དང་། ད་ལྟ་ལས་འགུལ་དེའི་ནང་ཞུགས་རྒྱུ་མཚམས་འཇོག་བྱས་ཏེ་ལོ་ངོ་གཉིས་སོང་ཡོད་ཀྱང་། ད་དུང་ནང་མི་ཚོ་དང་ལྷན་དུ་ཁ་ལག་མཉམ་དུ་ཟ་འདོད་འདུག་ཀྱང་། ཁོ་རང་ཚོས་ཁ་ཡ་བྱེད་ཀྱི་མི་འདུག་སྟབས། ཧོང་ཀོང་ཧ་ཅང་ཁ་ཐོར་ཆེན་པོ་ཞིག་ཆགས་འདུག་ཟེར།
ཉེ་ལམ་ང་དབྱིན་ཡུལ་དུ་ལོ་གཅིག་བསྡད་རྗེས་ཕྱིར་ཧོང་ཀོང་ལ་གསར་འགོད་པ་ཆགས་ནས་ལོག་པ་ཡིན། གནས་སྟངས་མང་པོ་ཞིག་རང་འཇགས་ཡོད་པ་ཚོར་སོང་། ས་ཆ་དེ་ཚོ་སྔར་བཞིན་གཙང་མ་དང་། མི་རྣམས་ལས་ཀར་འཇོན་པོ། གང་ས་གང་དུ་ཟས་ཞིམ་པོས་ཁེངས་འདུག
འོན་ཀྱང་། གཞོན་སྐྱེས་རྣམས་ཀྱི་སེམས་ལ་ཆབ་སྲིད་དང་། ཧོང་ཀོང་གི་ཁང་གླ་ཇེ་མཐོར་འགྲོ་བཞིན་པ་དེར་ཞེད་སྣང་ཆེན་པོ་བྱེད་བཞིན་འདུག་ལ། དེས་རྐྱེན་བྱས་ཏེ་ཁོང་ཚོའི་བསམ་བློ་གཏོང་སྟངས་དེ་རང་བཞིན་གྱིས་སྡུག་ཕྱོགས་སུ་ལང་ཤོར་ལྟ་བུ་ཆགས་འདུག
ཞིབ་འཇུག་བྱས་པ་བརྒྱུད་དེ་ཤེས་རྟོགས་བྱུང་བ་ལྟར་ན། གཞོན་སྐྱེས་རྣམས་ནི་ལོ་ངོ་ ༡༠ དེའི་ནང་ཧ་ཅང་སེམས་པ་མ་སྐྱིད་པ་ཆགས་ཤིང་། དེ་དག་ལས་བརྒྱ་ཆ་ ༦༠ ཙམ་གྱིས་རང་རྒྱལ་བཞག་ནས་ཡུལ་གཞན་ལ་འགྲོ་འདོད་ཡོད་པའི་གནས་ཚུལ་འཐོན་འདུག
རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་འགྲོ་གི་མེད་སྟབས། ཉེ་ལམ་ཁ་ཤས་ཀྱིས་པེ་ཅིན་གཞུང་ལ་མ་དགའ་བར་རྒྱ་ནག་ལས་ལོགས་སུ་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་དགོས་ཞེས་ངོ་རྒོལ་བྱེད་མགོ་བཙུགས་ཡོད།
ཁོང་ཚོའི་ཁོང་ཁྲོ་དེ་ནི་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་སྐབས་ནས་ཡོད་པ་མ་ཟད། ༡༩༨༠ ལོར་རྒྱ་ནག་དང་དབྱིན་ཇིའི་བར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་ཕྱོགས་སྐོར་ལ་གྲོས་མོལ་བྱས་པའི་ཉིན་དང་པོ་དེ་ནས་ཁོང་ཁྲོ་ལང་མགོ་བཙུགས་ཡོད།
འཐབ་རྩོད་པ་ཞིག་གིས། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས་ “ང་ཚོར་ནམ་ཡང་གདམ་ཀ་སྤྲད་མ་སོང་”ལ། “སུས་ཀྱང་ཧོང་ཀོང་བ་ལ་འདོད་པ་གང་ཡོད་ཅེས་སྐད་ཆའང་དྲིས་མ་སོང་།” ཞེས་ཟེར།
ངས་ད་ལྟའི་བར་དུ་ངོ་རྒོལ་དེ་དག་འཆར་ཅན་དུས་ཆེན་སྲིང་གཙི་ཞུ་བ་ལྟ་བུར་ཞི་བདེའི་ངང་བྱེད་ཀྱིན་ཡོད་པ་མཐོང་སོང་ཡང་། ད་ནི་ག་ལེར་ངོ་རྒོལ་དེ་དག་གི་རྣམ་པ་འགྱུར་ནས་ཟིང་ཆ་ཆེ་རུ་འགྲོ་བཞིན་འདུག
ད་ནི་འདུ་འཛོམས་དེ་དག་ནང་འཁྲུག་རྩོད་འབྱུང་རྒྱུའི་ཉེན་ཁའང་ཇེ་ཆེར་འགྲོ་བཞིན་འདུག གང་ཡིན་ཟེར་ན། གཞུང་ངོས་ནས་དེ་ལ་འདུམ་སྒྲིག་བྱེད་པའི་བསམ་པ་ཞིག་ཡོད་པར་མཐོང་གི་མི་འདུག
གཞུང་ལ་མི་དགའ་མཁན་གྱི་ཚོགས་པ་ཚོས་དྲ་རྒྱའི་ཐོག་ཏུ་ལས་དོན་དེའི་སྐོར་ལ་འགྲེལ་བརྗོད་བྱེད་པའི་ཚིག་ལ་འོས་བླུགས་སྐབས། མི་མང་གིས་ ༢༠༡༦ ལོའི་ཧོང་ཀོང་ནི་ “ཟང་ཟིང་མགོ་རྙོག་”(Chaos)ཞེས་པའི་ཚིག་དེ་བདམས་ཡོད། འོན་ཀྱང་། དེ་ལ་ཡ་མཚན་དགོས་དོན་མི་འདུག སྐབས་དེར་ལས་དོན་མགོ་བཙུགས་པ་དང་ངོ་རྒོལ་དྲག་པོ་བྱུང་བ། གྲོས་ཚོགས་ནང་གི་ཁྲིམས་བཟོའི་དམ་བཅའི་ཉིན་མོ་ངོ་ལོག་བྱས་པ་སོགས། མདོར་ན། སྐབས་དེར་དངོས་གནས་ཆབ་སྲིད་ལ་ཟང་ཟིང་མགོ་རྙོག་ཆེན་པོ་བྱུང་ཡོད།
དེ་ནི་ཟང་ཟིང་མགོ་རྙོག་ཅན་ཞིག་ཡིན་ན་འདྲ་ལ། མིན་ན་ཡང་འདྲ། གང་ལྟར། ངས་གང་བསམ་བཞིན་འདུག་ཟེར་ན། ཧོང་ཀོང་ནི་ཇི་འདྲའི་གསོན་པོ་དང་། གང་ལ་ཡང་གོམས་འདྲིས་བྱེད་ཐུབ་པ་ཞིག་ཡིན། ཧོང་ཀོང་མི་མང་གིས་ཆབ་སྲིད་དང་ཚོང་ལས་སོགས་གང་ཡིན་ཡང་། དེ་ལ་དཀའ་སྤྱད་དྲག་པོ་བྱེད་ཀྱིན་ཡོད་པ་མཐོང་རྒྱུ་འདུག་ལ་ཐོས་རྒྱུའང་འདུག
འོན་ཀྱང་། དུས་ཚོད་དེ་འདྲའི་སྐབས་སུ་ཚོང་བདག་ཚོས་ཐབས་མཁས་པོའི་ཐོག་ནས་རྙོག་དྲ་དེ་ཞི་རུ་མ་བཅུག་པར། རྙོག་དྲ་དེ་མུ་མཐུད་བསླངས་ཏེ་རང་ཉིད་ལ་དངུལ་གྱི་ཡོང་མགོ་འཚོལ་བཞིན་འདུག དཔེར་ན། ཁོང་ཚོའི་ལས་དོན་གྱི་གྲོས་བསྡུར་ཆེད་གསང་བའི་ཐོག་ནས་རང་གི་ཁང་པའི་ནང་གི་དམིགས་བསལ་སྡོད་ཤག་(Capsule units)ཁང་གླ་གཏོང་བ་དང་། རི་བོང་ཁང་(Rabbit Café དེང་སང་ཧོང་ཀོང་ནང་ཇ་ཁང་དང་ཟ་ཁང་སོགས་ཀྱི་ཟུར་ལ་མི་རྣམས་སྒུག་ཕྱིར་སེམས་ཅན་གྱི་སྡོད་གནས་བཟོས་ནས་སེམས་ཅན་བཞག་ཡོད་འདུག)ཞེས་པའི་ཇ་ཁང་དང་ཟ་ཁང་གསར་དུ་མགོ་ཕྱེས།
དེ་བཞིན། སྒྱུ་རྩལ་གྱི་འཁྲབ་སྟོན་པ་ཚོར་ལས་དོན་དེ་དང་འབྲེལ་ཡོད་ལ་མཉམ་ཞུགས་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་སོགས་སྒྱུ་རྩལ་བ་ཚོས་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེང་སང་ཁྲོམ་རྭར་ཆབ་སྲིད་དང་འབྲེལ་བའི་སྒེར་གྱི་གཞས་སྣ་མང་དུ་འཐོན་བཞིན་འདུག་པ་མ་ཟད། ཟུར་ཟའི་དྲ་རྒྱ་གསར་པ་དང་གསར་འགྱུར་བརྙན་འཕྲིན་ཁང་སོགས་ཀྱང་གསར་དུ་འཐོན་གྱིན་འདུག
ཧོང་ཀོང་ལ་མི་འབོར་ས་ཡ་གསུམ་དང་ཕྱེད་ཀ་ཡོད་པ་དང་། དེའི་ས་ཆའི་རྒྱ་ཁྱོན་ནི་ཆུང་ཆུང་ཞིག་ཡིན་ཡང་། མི་གཞན་ལ་ཡ་མཚན་སྐྱེ་རུ་འཇུག་ཐུབ་པའི་དངོས་ཡོད་ཀྱི་ནུས་པ་དེ་དུས་ནམ་ཡང་བརླག་ཐབས་མེད་པ་དེར། ང་རང་ཧ་ཅང་དགའ་པོ་ཡོད།
མ་ཡིག་གི་འབྲེལ་ཐག http://www.bbc.com/news/world-asia-china-38489435