བོད་པའི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཁོང་ཆ་རྐྱེན་གང་ཡང་མེ་པའི་ཐོག་ནས་ཀློད་གྲོལ་ཡོང་ཐབས་ལ་རྒྱབ་རོགས་བྱེད་དགོས་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་དྷ་ས་གཙུག་ལག་ཁང་གི་མདུན་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གསོ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་བཀག་བསྐྱིལ་བྱས་ཏེ་ལོ་གཅིག་ཕྱིན་པའི་ཉིན་མོར་ས་ཡིག་བསྡུ་རུབ་བྱས་ནས་རྒྱ་ནག་ནང་གི་ཕྱིའི་རྒྱལ་ཁབ་གཞུང་ཚབ་ཁག་གིས། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཀྲ་ཤིས་དབང་ཕྱུག་ལགས་མྱུར་དུ་ཀློད་གྲོལ་གཏོང་ཐུབ་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་ཚོགས་གཙོ་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་གསར་འགོད་པར། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གསོ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་བསྐྱིལ་བྱས་པ་དེས། རྒྱ་ནག་གིས་བོད་མིའི་ཐོབ་ཐང་དོན་གཉེར་བ་ཚོར་དྲག་གནོན་དང་སྡུག་སྦྱོང་གཏོང་གི་ཡོད་པ་གསལ་བོར་མཚོན་ཡོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་དང་རྒྱ་ནག་གཞུང་གི་རྩ་ཁྲིམས་ཁག་ནང་མི་རིགས་སོ་སོའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་གཏན་འབེབས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་ལ་དམ་དྲག་དང་འཇིགས་སྐུལ་གཏོང་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།
སློབ་ཕྲུག་ཚོགས་པའི་གསལ་བསྒྲགས་ལྟར་ན། དེ་རིང་ཨ་རི་དང་ཁེ་ན་ཊའི་ནང་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་ཁང་གི་ངོས་ནས། ནེའུ་ཡོག་དང་ཊོ་རོན་ཊོ་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་སོགས་སུ། བཀྲ་ཤིས་དབང་ཕྱུག་ལགས་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ཛ་དྲག་གི་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་དང་ནང་མི་ཚོ་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས་པ་དང་། བཀྲ་ཤིས་དབང་ཕྱུག་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་སྟབས། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་མྱུར་དུ་ཀློད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
བོད་ཀྱི་སྐད་ཡིག་སློབ་གསོ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ནི་ད་ལྟ་རང་ལོ་ ༣༡ ཡིན་པ་དང་། ཁོང་གིས་རྒྱ་ནག་དབུས་གཞུང་ལ་བོད་ཁུལ་མིར་བོད་སྐད་བོད་ཡིག་གི་ཐོབ་ཐང་དགོས་དང་། བོད་ཁུལ་དུ་བོད་སྐད་བོད་ཡིག་སློབ་འཁྲིད་བྱེད་དགོས་པའི་སྙན་ཞུ་ཕུལ་བར་བརྟེན་ཏེ། ཡུལ་ཤུལ་ཁུལ་ཉེན་རྟོག་པས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཁོང་འཛིན་བཟུང་བྱས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༣ པའི་ནང་ཁྲིམས་བཤེར་མ་བརྒྱུད་པར་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་འཛུགས་ཏེ། ཁོང་ལ་ལོ་ ༡༥ ཡི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།