ཉེ་ལམ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གཞུང་དང་དྷ་རམ་ས་ལའི་སྒྲིག་འཛུགས་བར་གྲོས་མོལ་གནང་དགོས་སྐོར་གསུངས་པ་དེར་རྒྱ་ནག་ཆོས་དོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆིན་གྱིས། རྒྱ་ནག་ཁ་བྲལ་གཏོང་ཐབས་བྱེད་མཁན་ཁྲིམས་འགལ་ཚོགས་པ་ཞིག་དང་གྲོས་མོལ་བྱེད་མི་སྲིད་ཟེར།
ཁ་སང་རྒྱ་ནག་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་ (Zhu Weiqun) གྱིས། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་བརྒྱུད་དེ། ཨ་རིའི་གཞུང་གིས་ཏཱ་ལའི་བླ་མ་བེད་སྤྱད་དེ་རྒྱ་ནག་ལ་དཀའ་རྙོག་བཟོ་བཞིན་པ་མཚམས་འཇོག་དགོས་པ་དང་། གནད་དོན་དེས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་བཟོ་རྒྱུ་མ་གཏོགས་ཨ་རི་ལ་ཁེ་ཕན་གང་ཡང་མེད་ལུགས་བཤད་འདུག
ཀྲུའུ་ཝེ་ཆོན་གྱིས། རྒྱ་ནག་གིས་བོད་སྤྱི་ཚོགས་ཡར་རྒྱས་གཏོང་བའི་སྲིད་ཇུས་ལ་འགྱུར་བ་གཏང་མི་སྲིད་ནའང་། རྒྱ་ནག་གིས་བོད་རང་བཙན་ལ་སྲུང་སྐྱོབ་བྱ་མི་སྲིད། ཨ་རིའི་རྒྱལ་དོན་དྲུང་ཆེ་ཊེ་ལིར་སོན་ (Tillerson) གྱིས། ཁོ་རང་བོད་དོན་ཐོག་དོ་སྣང་ཡོད་པའི་རྣམ་འགྱུར་བསྟན་ཡོད་ནའང་རྒྱ་ནག་གཞུང་གིས་མེས་རྒྱལ་ཁ་བྲལ་གཏོང་ཐབས་སུ་དམིགས་པའི་ཁྲིམས་འགལ་ཚོགས་པ་ཞིག་དང་མཉམ་དུ་བོད་རྒྱ་འབྲེལ་མོལ་བྱ་མི་སྲིད་ལ། པེ་ཅིན་གཞུང་གིས་རྒྱ་གར་ཧི་མ་ལ་ཡའི་དྷ་རམ་ས་ལར་རྟེན་གཞི་བྱེད་པའི་བཙན་བྱོལ་བོད་གཞུང་ལ་ངོས་ལེན་མེད། ཅེས་བརྗོད་འདུག
གནས་ཚུལ་འདིའི་ནང་ད་དུང་། གསར་དུ་བསྐོ་བཞག་བྱས་པའི་ཨ་རིའི་རྒྱལ་དོན་དྲུང་ཆེ་ཊེ་ལིར་སོན་ (Tillerson) ལགས་ཀྱིས། གྲོས་ཚོགས་གོང་མའི་འཐུས་མིའི་དྲི་བར་ལན་འདེབས་གནང་སྐབས། ཁོང་མ་འོངས་པར་ཏཱ་ལའི་བླ་མར་མཇལ་འཕྲད་བྱ་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་པ་མ་ཟད། ཁོང་གིས་པེ་ཅིན་གཞུང་དང་བཙན་བྱོལ་བོད་གཞུང་ངམ། ཏཱ་ལའི་བླ་མའི་སྐུ་ཚབ་བར་བོད་རྒྱ་འབྲེལ་མོལ་ཡོང་ཐབས་སུ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། ཞེས་བརྗོད་ཡོད་སྐོར་ཡང་བཀོད་འདུག
ཀྲུའུ་ཝེ་ཆོན་ཟེར་བ་ཁོ་ནི་དེ་སྔ་ ༢༠༠༨ ཡས་མས་ལ་བོད་རྒྱ་འབྲེལ་མོལ་རིམ་པའི་སྐབས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ཡིན་ཞིང་། སྐབས་དེར་བོད་པའི་སྐུ་ཚབ་ཕེབས་མཁན་ཚོས་ཁོ་དང་ལྷན་དུ་བོད་དོན་སྐོར་ལ་བཀའ་མོལ་གནང་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།