ཕྱི་ལོ་ ༡༩༧༣ ཙམ་ནས་བཟུང་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་བོད་རྒྱ་རིག་པའི་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ལ་རྗེས་དྲན་མྱ་ངན་ཞུས།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པ་ཐོག དྷ་ས་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་སྨྱུག་བཅས་ཀྱི་ཐུན་མོང་གོ་སྒྲིག་འོག བོད་རྒྱ་རིག་པའི་མཁས་དབང་དང་བོད་དོན་རྒྱབ་སྐྱོར་བ་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ཉེ་སྔོན་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་གློ་བུར་དུ་སྐུ་གྲོངས་བ་དེར་རྗེས་དྲན་མྱ་ངན་ཞིག་ཚོགས་སོང་བ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་དམ་པ་ཁོང་ལ་འབྲེལ་འདྲིས་རྒྱུས་མངའ་ཡོད་པའི་བོད་རིགས་ཤེས་ཡོན་པ་དང་དོ་སྣང་ཅན་གྱི་གཞོན་སྐྱེས། དེ་བཞིན། རྒྱ་གར་བ་དང་ཕྱི་རྒྱལ་མི་རིགས་བཅས་ཁྱོན་མི་གྲངས་ ༥༠ ཡས་མས་འཛོམས་འདུག
འདུ་ཚོགས་ཀྱི་ཐོག་མར་བོད་དོན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ཀྱི་སྐུ་པར་མདུན་དུ་མར་མེ་ཞལ་འབྱེད་དང་བསྔོ་སྨོན་གནང་རྗེས། འདུ་ཚོགས་ཀྱི་གཏམ་བཤད་པ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས། བོད་སྨྱུག་གི་སྐུ་ཚབ་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཚེ་ལྷ་ལགས་བཅས་ཀྱིས། རིམ་པ་བཞིན་དམ་པ་ཁོང་གི་སྐུ་པར་ལ་མཇལ་དར་བསྒྲོན་སོང་།
དེ་ནས་གཙོ་སྐྱོང་བ་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་དེ་རིང་གི་འདུ་ཚོགས་དང་སྟབས་བསྟུན་ཏེ། བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་དགུང་ལོ་གཞོན་གཞོན་ཐོག་དགོངས་པ་རྫོགས་པ་དང་། དུས་སྐབས་དང་བསྟུན་ཏེ་རྗེས་དྲན་མྱ་ངན་ཞུ་མ་ཐུབ་པའི་བོད་ཀྱི་རྩོམ་པ་པོ་དང་སྒྱུ་རྩལ་བ། ལོ་རྒྱུས་སྨྲ་བ་བཅས་མཁས་དབང་ཁག་ཅིག་སྟེ་དགུང་ལོ་ ༤༧ ཐོག་དགོངས་པ་རྫོགས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་དང་། རྩོམ་པ་པོ་དང་སྙན་ངག་པ་དོན་འགྲུབ་རྒྱལ་ལགས་དགུང་ལོ་ ༣༢། བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ། རི་མོ་བ་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དགུང་ལོ་ ༤༨། བོད་ཀྱི་སྙན་ངག་པ་དང་ལོ་རྒྱུས་སྨྲ་བ་དོན་འགྲུབ་ལགས་དགུང་ལོ་ ༤༢། བོད་གནས་ལྟ་ཞིབ་(Tibetan Review)ནང་ཡུན་རིང་རྩོམ་སྒྲིག་པའི་ཕྱག་ལས་གནང་མྱོང་བའི་རྩོམ་པ་པོ་ཚེ་རིང་དབང་རྒྱལ་ལགས་དགུང་ལོ་ ༥༡། བོད་ཀྱི་ལོ་རྒྱུས་སྨྲ་བ་དང་སློབ་དཔོན་ཆེན་མོ་ཟླ་བ་ནོར་བུ་ལགས་དགུང་ལོ་ ༥༨ ཐོག་དགོངས་པ་རྫོགས་པ་བཅས་ལ་མཚན་འབོད་རྗེས་དྲན་ཞུས་པ་དང་སྦྲགས། དེ་རིང་རྗེས་དྲན་མྱ་ངན་ཞུ་བཞིན་པའི་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ནི། བོད་ཀྱི་གྲོགས་པོ་དང་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། ཁོང་དགུང་ལོ་ ༦༦ ཐོག་དགོངས་པ་རྫོགས་ཡོད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། དམ་པ་ཁོང་སྐུ་གྲོངས་བའི་གནས་ཚུལ་ཐོས་རྗེས་བྲིས་པའི་བོད་ཡིག་གི་གདུང་འབོད་སྙན་ངག་ཅིག་ཀློག་འདོན་གནང་སོང་།
དེའི་རྗེས་གཏམ་བཤད་པ་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ནས་ཁོང་དང་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་རྣམ་གཉིས་ཐོག་མར་ཕྱི་ལོ་ ༡༩༧༤ ལོར་དྷ་རམ་ས་ལ་ནས་མཇལ་བ་དང་། ཕྱི་ལོ་ ༡༩༨༠ ལོར་དམ་པ་ཁོང་སླར་ཡང་དྷ་སར་འབྱོར་སྐབས་ངོ་ཤེས་སུ་གྱུར་བ་མ་ཟད། བོད་རིག་པའི་ཞིབ་འཇུག་སྐོར་གླེང་སློང་མགོ་བཙུགས་ཏེ་རིམ་གྱིས་གྲོགས་པོ་བློས་ཐུབ་ཅིག་ཏུ་གྱུར་བ་དང་། ཕྱི་ལོ་ ༡༩༩༢ ནས་བཟུང་ཁོང་ལ་བོད་ཡིག་དང་དབྱིན་ཡིག་གི་དཔེ་དེབ་མང་པོ་བླུ་ཉོ་མཐུན་འགྱུར་གནང་བ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༩༩ ལོར་ཨ་རིའི་ཨིན་ཌི་ཡ་ན་མཐོ་རིམ་གཙུག་ལག་སློབ་ཆེན་གྱི་ཚོམས་ཆེན་ནང་དུ། ༧གོང་ས་མཆོག་དང་སྐུའི་གཅེན་པོ་དམ་པ་སྟག་འཚེར་རིན་པོ་ཆེ་རྣམ་གཉིས་ཀྱི་དབུ་བཞུགས་ཐོག་ཨིན་ཌི་ཡ་ན་ས་ཁུལ་དང་གཙུག་ལག་སློབ་ཆེན་དེའི་གལ་ཆེའི་མི་སྣ་མང་པོ་ལྷན་འཛོམས་སར་ཨིན་ཌི་ཡ་ན་མཐོ་རིམ་གཙུག་ལག་སློབ་ཆེན་དང་། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་བར་མཐུན་གྲོགས་མཉམ་འབྲེལ་གྱིས་སློབ་ཕྲུག་དང་། མཁས་དབང་ཕན་ཚུན་བརྗེ་ལེན་གདན་འདྲེན་ཞུ་རྒྱུར་ཁོང་དང་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་གཉིས་ནས་མིང་རྟགས་བཀོད་དེ་དངོས་སུ་ལས་གཞི་དབུ་འཛུགས་གནང་ཡོད་པ་མ་ཟད། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་སྔ་རྗེས་སུ་བོད་རིགས་མཁས་པ་ལྔ་ཨིན་ཌི་ཡ་ན་མཐོ་རིམ་གཙུག་ལག་སློབ་ཆེན་དུ་བཏང་ཡོད་ཀྱང་། གཙུག་ལག་སློབ་ཆེན་དེའི་ངོས་ནས་མཁས་པ་དང་སློབ་ཕྲུག་ཚུར་རྒྱ་གར་ནང་གཏོང་ཐུབ་མེད་སྐོར་དང་། དེ་བཞིན་ཨ་མྱེ་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་དཔལ་འབྱོར་གནས་སྟངས་ཉག་ཕྲ་བའི་སྐབས་ཕྱི་ལོ་ ༢༠༠༩ ནས་བཟུང་མཁས་དབང་དམ་པ་ཁོང་གིས་མཐུན་འགྱུར་རོགས་རམ་རིམ་པ་གནང་ཡོད་སྐོར་བརྗོད་སོང་།
ཡང་ཁོང་གིས། མཁས་དབང་དམ་པ་ཁོང་ནི་བོད་དང་བོད་མིའི་རྩ་དོན་ལངས་ཕྱོགས་ཐད་ཕྱི་ལོ་ ༡༩༧༣ ནས་ད་ལྟའི་བར་དུ་བློ་བརྟན་འགྱུར་མེད་ངང་བཞུགས་པའི་བོད་རང་བཙན་འཐབ་རྩོད་པའི་དཔའ་ཡ་དཔུང་རོགས་དང་བློ་འགེལ་ཆོག་པའི་གྲོགས་པོ་རྙིང་པ་ཞིག་ཡིན་ལ། ཕྱི་ལོ་ ༡༩༥༩ ནས་ད་ལྟའི་བར་དུ་ཕྱི་རྒྱལ་གྱི་མཁས་པ་དང་སློབ་ཕྲུག་མང་པོ་བོད་ལ་སྲིད་བྱུས་གུ་ཡངས་མ་བཏང་གོང་དུ་ཞིབ་འཇུག་ཆེད་རྒྱ་གར་ནང་ཡོང་བ་དང་། བོད་ལ་སྲིད་བྱུས་གུ་ཡངས་བཏང་ཚར་རྗེས་བློ་འགྱུར་ནས་དྷ་རམ་ས་ལར་མིག་གིས་མ་བལྟས་པ་དང་། བཙན་བྱོལ་བོད་མི་དང་བཙན་བྱོལ་གཞུང་ལ་མིག་གིས་ཀྱང་མི་ལྟ་མཁན་དཔེ་མི་སྲིད་པའི་མང་པོ་ཡོད་པ་མ་ཟད། ཁ་ཤས་བློ་འགྱུར་ནས་རྒྱ་ནག་གི་ཕྱོགས་སུ་ལངས་ཏེ་བཙན་བྱོལ་བོད་མིར་སྐྱོན་བརྗོད་ཀྱི་དཔྱད་རྩོམ་དང་དཔེ་དེབ་འབྲི་མཁན་ཡང་གང་འཚམ་བྱུང་ཡོད། ཡང་ཁག་ཅིག་གིས་མགོ་བདེ་དྲན་འཕྲུལ་བྱས་ཏེ་རྒྱ་ནག་གི་ལས་སྒོ་གང་སར་འཛུལ་ཞུགས་བྱེད་པའི་གོ་སྐབས་དང་ཐོབ་ཐང་ལ་དམིགས་ཏེ་བོད་བློས་བཏང་ཡོད་པ། གཞན་ཡང་། ཕྱི་རྒྱལ་གྱི་མཁས་པ་ཁག་ཅིག་ནི་བོད་རིག་པའི་ཞིབ་འཇུག་བྱས་པ་ཙམ་མ་གཏོགས་བོད་ཀྱི་ཆབ་སྲིད་སྐོར་ལ་རྩ་བ་ཉིད་ནས་ཇུས་གཏོགས་མི་བྱེད་མཁན་དང་། བོད་ཀྱི་ཆབ་སྲིད་སྐོར་ལ་སྐད་ཆ་བཤད་ན་ང་ཚོ་ཞིབ་འཇུག་པ་ཡིན་མ་གཏོགས་ཆབ་སྲིད་དང་འབྲེལ་བ་མེད་ལབ་སྟེ། བོད་པའི་བདེ་སྡུག་ལ་ཚོར་སྣང་རྩ་བ་ནས་མེད་པའི་ཞིབ་འཇུག་མཁན་དཔེ་མང་པོ་ཡོད་ཀྱང་། མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་གཏན་ནས་དེ་འདྲ་མིན་པར་ཕྱི་ལོ་ ༡༩༧༣ ནས་བཟུང་བོད་རིག་པའི་ཞིབ་འཇུག་མཐར་ཕྱིན་པ་གནང་བའི་ཐོག་བོད་དོན་རྒྱབ་སྐྱོར་ལྷོད་ཡང་མེད་པ་གནང་ཡོད་སྐོར་བརྗོད་སོང་།
བསྟན་འཛིན་འཇིགས་མེད་ལགས་ཀྱིས་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་མཁན་རྣམ་པ་ནས་བཟུང་འབྲེལ་བ་ཉེ་བོ་ཡོད་པའི་གྲོགས་པོ་རྙིང་པ་ཞིག་ཡིན་ལ། དམ་པ་ཁོང་བོད་རང་བཙན་གྱི་ཚོགས་འདུ་མང་པོར་མཉམ་ཞུགས་གནང་ཡོད་པ་མ་ཟད། དམ་པ་ཁོང་ནི་རང་བཙན་ལྟ་གྲུབ་སྒང་ལ་ལངས་ཐུབ་མཁན་དང་བཤད་ཐུབ་མཁན། བཤད་སྐབས་ཀྱང་རྒྱུ་མཚན་དང་ལོ་རྒྱུས་ཀྱི་ཁུངས་དང་ལྡན་པའི་ཐོག་ནས་བཤད་ཐུབ་མཁན་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་སྟབས། ཁོང་དགོངས་པ་རྫོགས་པར་ཧ་ཅང་ཕངས་པོ་བྱུང་སྐོར་དང་། དམ་པ་ཁོང་དང་དངོས་སུ་འདྲིས་གཤིབ་བྱུང་མེད་ཀྱང་། ཕྱི་ལོ་ ༢༠༡༡ ཙམ་ལ་ཨ་རིའི་ནེའུ་ཡོག་ཏུ་བོད་རང་བཙན་ཚོགས་འདུ་ཞིག་གི་བཞུགས་མོལ་སྐབས། བོད་མི་དང་བོད་མི་མ་ཡིན་པ་མང་པོ་ཡོད་དུས་བོད་སྐད་དང་ཡང་ན་བོད་དབྱིན་ཟུང་འབྲེལ་ཐོག་བཀའ་མོལ་གནང་དགོས་མིན་སྐོར་ལ་སྐད་ཆ་བྱུང་ཡོད་པ་དང་། སྐབས་དེར་མཁས་དབང་དམ་པ་ཁོང་གིས་བོད་སྐད་ཐོག་བཤད་དགོས་པ་གལ་ཆེན་པོ་ཞེ་དྲག་ཡིན་པའི་དགོངས་ཚུལ་བཏོན་པ་ལྟར། མཐའ་མ་ཚོགས་ཆེན་དེ་བོད་སྐད་ཐོག་ནས་འགྲོ་དགོས་པའི་ཐག་གཅོད་བྱུང་ཡོད་པ་དང་། མཁས་དབང་དམ་པ་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་དང་སེམས་ཤུགས་ཞེ་དྲག་ཡོད་མཁན་ཞིག་ཡིན་སྟབས། ཤུལ་ལུས་བུ་མོ་དང་ནང་མི་ཚང་མར་གདུང་སེམས་མཉམ་སྐྱེད་དང་དམ་པ་ཁོང་གི་ཆེད་དུ་བསྔོ་སྨོན་ཞུ་ཡི་ཡོད་སྐོར་བརྗོད་སོང་།
བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ཁོང་རང་མ་སྐྱེས་སྔོན་ནས་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ནི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས། བོད་རྒྱལ་ཁབ་དང་མི་རིགས་ལ་ཞེ་དྲག་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད་མཁན་ཞིག་ཡིན་པ་དང་། ཁོང་རང་གི་ངོས་ནས་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ནི་མཁས་དབང་ཞིག་དང་། དགེ་རྒན་གྱི་རྣམ་པ་ཞིག་ལ་ལྟ་ཡི་ཡོད་པ་ལས་གྲོགས་པོ་ཞིག་ཏུ་བརྩི་ཡི་མེད་ལ། མཁས་དབང་དམ་པ་ཁོང་གི་རྩོམ་ཡིག་མང་པོ་བཀླགས་མྱོང་བ་དང་གཏམ་བཤད་བགྲོ་གླེང་མང་པོ་ཞིག་ལ་ཉན་པ། དེ་བཞིན་རང་དགར་བཀའ་མོལ་སྐབས་སུའང་སློབ་གསོ་ལམ་སྟོན་མང་པོ་ཞུ་མྱོང་ཡོད་པ་དང་། དེའི་ཁྲོད་ནས་མཁས་དབང་དམ་པ་ཁོང་ནི་མི་ཧ་ཅང་གཞུང་དྲང་ཞིག་མཐོང་གི་ཡོད་ལ། དེ་ནི་རིན་ཐང་ཆེན་པོ་ཞེ་དྲགས་ཡིན་པ་དང་། ཁོང་གཞུང་དྲང་པོ་ཡིན་པ་གང་ཞིག་ལ་ཁེ་ཕན་ཡོང་གི་འདུག་ཟེར་ནས་འདོད་རྔམ་གྱི་ཕྱོགས་སུ་མི་འགྲོ་མཁན་དང་། གྱོང་རག་གི་འདུག་ཟེར་ནས་ཞེད་སྣང་མི་བྱེད་པར་བདེན་པ་ར་སྤྲོད་ཀྱི་ཕྱོགས་སུ་འགྲོ་མཁན་ཞིག་དང་། བདེན་པ་དེའང་གཞན་ལ་སྡང་པོ་དང་། སོ་སོའི་ཉེ་བར་འཁྱོག་བཤད་མི་བྱེད་པར་ལོ་རྒྱུས་ཁུངས་དག་པོ་སློབ་སྦྱོང་གནང་སྟེ། རྒྱ་ནག་གི་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་སྐོར་ལ་མཁས་པ་ཡིན་པ་མ་ཟད། ཁ་ཞེ་གཉིས་མེད་ཀྱིས་དྲང་པོ་བྱས་ཏེ་བོད་རྒྱལ་ཁབ་འདི་དང་མི་རིགས་འདི་ལ་གྱོང་རག་འདུག དྲང་པོ་དགོས་ཀྱི་འདུག་ཅེས་ལངས་ཕྱོགས་འཛིན་མཁན་གྱི་མཁས་དབང་ཚོར་སྣང་ཅན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ལ། མཁས་དབང་དམ་པ་ཁོང་ནི་བོད་ཀྱི་གཞོན་སྐྱེས་ཚོའི་དམིགས་དཔེ་བཟང་པོ་ཞིག་ཡིན་སྟབས། དམ་པ་ཁོང་གིས་དབྱེ་ཞིབ་ཀྱི་ཐོག་ནས་བྲིས་གནང་བའི་རྩོམ་ཡིག་ང་ཚོས་ཤེས་པ་དང་མ་ཤེས་པ་མང་པོ་ཡོད་པས། བོད་རིགས་གཞོན་སྐྱེས་ཚོས་རྩོམ་ཡིག་དེ་ཚོ་ཀློག་དགོས་པའི་འབོད་སྐུལ་བཅས་གནང་སོང་།
ལྷ་རྒྱལ་རི་རྣམ་རྒྱལ་སྒྲོན་དཀར་ལགས་ཀྱིས། མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ལ་མྱ་ངན་གྱི་ཉིན་མོ་ཙམ་ཞིག་མ་ཡིན་པར་ཁོང་ལ་དྲན་གསོ་དང་ཁོང་གིས་ད་ལྟའི་བར་དུ་བྱས་རྗེས་བཞག་པ་དེ་ང་ཚོས་ཤེས་པའི་ཐོག་ནས་མི་སྣ་དེ་འདྲ་ཞིག་དགོངས་པ་རྫོགས་པར་སྨོན་ལམ་ཞུ་ཆེད་བཅར་བ་ཡིན་སྐོར་དང་། མོ་རང་སྒེར་ངོས་ནས་ཐད་ཀར་མཁས་དབང་དམ་པ་ཁོང་དང་འབྲེལ་བ་བྱུང་མྱོང་མེད་ཀྱང་། ཁོང་གི་སྐོར་གོ་བ་དང་བཀའ་མོལ་ཞུས་པའི་བརྒྱུད་རིམ་ཁྲོད་དམ་པ་ཁོང་ནི་དམིགས་དཔེ་ལྟ་དགོས་པ་ཞིག་ཡིན་ལ། འདས་པའི་ལོ་ངོ་ ༦༠ མ་ཟིན་ཙམ་ནང་བོད་དོན་འཐབ་རྩོད་ནང་རྒྱབ་སྐྱོབ་གནང་མཁན་མང་པོ་ཞེ་དྲགས་བྱུང་བའི་ཁྲོད་སེམས་པར་འགྱུར་བ་ཐེབས་ཏེ་ཕར་ལོག་འགྲོ་མཁན་མང་པོ་བྱུང་བ་དང་། ལངས་ཕྱོགས་ལ་འགྱུར་བ་ཐེབས་འགྲོ་མཁན་ཡང་མང་པོ་བྱུང་ཡོད་ཀྱང་། མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ནི་བོད་ཀྱི་ལོ་རྒྱུས་ཤེས་པ་དང་། བོད་ནང་གི་བོད་མི་ཚོའི་རེ་འདོད་མགོ་འཚོས་པའི་ཐོག་ནས་དགོངས་པ་མ་རྫོགས་བར་དུ་བོད་རང་བཙན་འཐབ་རྩོད་ཐད་དགོངས་བཞེས་བརྟན་པོ་ཞེ་དྲག་གནང་ཡོད་པར་བརྟེན། དུས་རྟག་ཏུ་ཁོང་ལ་གུས་བརྩི་ཞུ་ཡི་ཡོད་སྐོར་དང་། དམ་པ་ཁོང་གིས་བརྩམས་པའི་དཔྱད་རྩོམ་དང་གཏམ་བཤད་མང་པོ་གནང་ཡོད་པ་དེ་ཚོར་དོ་སྣང་དགོས་སྐོར་བརྗོད་སོང་།
བསྟན་འཛིན་ཚེ་ལྷ་ལགས་ཀྱིས་དབྱིན་སྐད་ཀྱི་ཐོག་ནས་གཏམ་བཤད་གནང་སྐབས། མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་སྐུ་ཚེ་མ་ཟིན་པ་དེར་བློ་ཕམ་ཆེན་པོ་བྱུང་བ་དང་། དམ་པ་ཁོང་ནི་བོད་རྒྱ་རིག་པའི་མཁས་དབང་ཙམ་མིན་པར་ཁོང་ནི་བོད་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན་ལ། ཁོང་དང་ཐོག་མར་མཇལ་སྐབས་ཁོང་གིས་ནུས་སྟོབས་དང་ལྡན་པ་ཞིག་ཇི་ལྟར་བྱེད་དགོས་པ་དང་། ཇི་ལྟར་བདེན་པའི་རྒྱབ་རྩར་ལངས་དགོས་སྐོར་ལམ་སྟོན་གནང་བ་དེས་ཁོང་མོས་བོད་དོན་ལས་འགུལ་ཆེད་ཕྱག་ལས་གནང་བར་སེམས་ཤུགས་སྤར་ཡོད་སྐོར་བརྗོད་པ་དང་འབྲེལ། བོད་ནང་གི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ལ་བྲིས་པའི་གདུང་འབོད་སྙན་ངག་ཅིག་ཀློག་འདོན་གནང་སོང་།
དེའི་རྗེས་བརྙན་རས་བརྒྱུད་མཁས་དབང་དམ་པ་ཁོང་གི་སྐུ་པར་ཕྱོགས་སྒྲིག་ཅིག་ཚོགས་ཞུགས་པ་རྣམ་ལ་གཟིགས་འབུལ་ཞུས་སོང་བ་དང་། ཚོགས་ཞུགས་པ་ཀླུ་མཁར་བྱམས་ལགས་དང་རྒན་ལྷ་བཟང་ཚེ་རིང་ལགས་རྣམ་གཉིས་ནས་དམ་པ་ཁོང་དང་སྒེར་གྱི་འབྲེལ་འདྲིས་དང་། ཁོང་གིས་བོད་ཀྱི་རིག་གནས་དང་འཐབ་རྩོད་ཆེད་བཞག་པའི་མཛད་རྗེས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུས། དེ་ནས་ཚོགས་ཞུགས་པ་ཚང་མས་མཁས་དབང་དམ་པ་ཁོང་གི་སྐུ་པར་ལ་མཇལ་དར་བསྒྲོན་པ་དང་རྗེས་དྲན་སྨོན་ཚིག་གི་ཟིན་ཐོ་བཀོད་དེ་འདུ་ཚོགས་གྲོལ་སོང་།
དེ་རིང་འདུ་ཚོགས་ཐོག་བཅར་བའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ནང་མཉམ་ཞུགས་གནང་མྱོང་མཁན་རྣམས་ལྷན་དུ་འཛོམས་ཏེ་ཐག་གཅོད་བྱུང་བ་ལྟར། གནངས་ཉིན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུའང་མཁས་དབང་དམ་པ་ཁོང་ལ་རྗེས་དྲན་ཞིག་འཚོགས་འཆར་ཡོད་འདུག
གསར་འགོད་པ། པདྨ་མཚོ།