ཨ་ཚོགས་མཁས་བཙུན།
__བུ་རམ་ཤིང་ཤུན་སྙིང་བོ་ཅི་ཡང་མེད།།
དགའ་བར་བྱ་བའི་རོ་ནི་ནང་ན་འདུག།
ཤུན་པ་ཟོས་པས་མིས་ནི་བུ་རམ་རོ།།
ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ།།
<མདོ་ལྷག་བསམ་སྐུལ་བ།>
གནད་ཚིག ༼པད་ཚེས་མག་མོག་ཅིག་འཁྲབ་པའི་སྟེང་ཨ་ཚོགས་ཀྱིས་ཤབ་ཤུབ་ཅིག་བཤད་ནས་ཅི་ཡང་གོ་མ་སོང་ཟེར་མཁན་ཡོད་ན་ཐང་།༽
གཅིག
པད་ཚེས་མག་མོག་ཅིག་འཁྲབ་པ་ནི་དབང་བོ་ཤིན་ཏུ་རྣོན་པོ་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ལ་དགོངས་འདུག་པ་དང་། ཨ་ཚོགས་ཀྱིས་ཤབ་ཤུབ་ཅིག་འགྲེལ་བ་ནི་འཆད་སྟབས་མ་བདེ་བའམ་དབང་བོ་རྣོ་བའི་གདུལ་བྱར་ལུང་ཁྲིད་ཙམ་གྱིས་ཆོག་པར་འདོད་པ་མིན་ནམ། ཡིན་ནའང་། ལ་ལ་ཞིག་ལ་དེས་མ་ཆོག་པར་པད་ཚེས་མག་མོག་ཅིག་འཁྲབ་པའི་སྟེང་ཨ་ཚོགས་ཀྱིས་ཤབ་ཤུབ་ཅིག་བཤད་ནས་ཅི་ཡང་གོ་མ་སོང་ཟེར་མཁན་ཡོད་ན་ཐང་། དེ་བས་བདག་གིས་འདིར་བསྐྱར་མ་ཞིག་མ་བྱེད་རང་བྱེད་ཆགས་སོང་། དེ་གང་ཡིན་ཟེར་ན། སྒྱུ་རྩལ་རྩོམ་རིག་ལ་སྒྱུ་རྩལ་དཔྱོད་ཤེས་ཀྱི་མིག་གིས་ལྟ་ན་ལས་ཚོར་ཤུགས་ཕལ་བའི་མིག་གི་ཡུལ་མ་ཡིན་པ་དེ་རེད།
སྒྱུ་རྩལ་རྩོམ་རིག་དང་དངོས་བྱུང་བརྩམས་ཆོས་གཉིས་རྩ་བའི་ཆ་ནས་ལྟ་རྟོག་གི་ངེས་ཤེས་དང་གོ་དོན་གྱི་མྱོང་སྣང་ལ་ཁྱད་པར་ཤིན་ཏུ་ཆེ། སྒྱུ་རྩལ་རྩོམ་རིག་གིས་བྱུང་རིམ་བརྗོད་དོན་བརྗོད་སྙིང་བཅས་པའི་བློས་བསླང་གི་ཚད་མཐོ་ས་ཞིག་དང་། འཚོ་བའི་མྱོང་སྣང་ཆེས་སྤྱིར་བཏང་གི་གནས་ནས་སྤྱི་ཚོགས་ལ་རྟོག་སེལ་དང་སྣེ་ཁྲིད་ཀྱི་འགན་ལྗིད་མོ་ཞིག་ལེན་གྱིན་ཡོད། མ་ཟད་སྲིད་དབང་སྒེར་གཅོད་ཡིན་མིན་གྱི་རྒྱལ་ཁབ་མང་པོས་སྲིད་དོན་གྱི་དགོས་དབང་དང་། སྤྱི་ཚོགས་ཀྱི་གནས་བབས་མ་འདྲ་བ་ལ་གཞིགས་ཏེ། དངོས་བྱུང་ལོ་རྒྱུས་ལའང་སྒྱུ་རྩལ་བརྩམས་ཆོས་ནང་བཞིན་གྱི་འབྲི་རྩོམ་འཁྲབ་འཕྲུལ་ལ་སྐུལ་འདེད་བྱས་དང་བྱེད་བཞིན་པའི་སྣང་ཚུལ་འདིས། སྒྱུ་རྩལ་བརྩམས་ཆོས་ལ་ནུས་པ་ག་འདྲ་ཡོད་པ་མཐོང་ཐུབ། སྒྱུ་རྩལ་བརྩམས་ཆོས་ཀྱི་གོ་དོན་རགས་ཙམ་ཁོ་བོས<<སྒྱུ་རྩལ /སྙན་ངག་དང་སྙན་ངག་པ>>ཞེས་པར་བསྡུས་ཙམ་གླེང་ཡོད་ན་དེར་ལྟའོ། དཔེར་ན། རྒྱ་ནག་གིས་ཀྱང་། རྒྱ་མིའི་མིང་དུ་གྲགས་པའི་དྲག་རྩལ་པ་<ཧུའུ་ཡོན་ཀྱཱ>ཟེར་བ་དང་<ཁྲུན་ཀྲིན> <ཡཱེ་བུན>ཟེར་བ་དག་གི་མི་ཚེའི་ལོ་རྒྱུས་དངོས་ཡོད་ལས་འདས་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ལམ་ནས་གསལ་སྟོན་གནང་སྟེ། སྔ་མའི་དབྱིན་ཇི་དང་འཇར་པན། ཨ་རི་བ་བཅས་ཀྱི་ཞེ་འཁོན་དྲན་སྐུལ་དང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ནག་ཉེས་ཐེར་འདོན་དང་། རྒྱ་མིའི་མི་རིགས་རིང་ལུགས་ལ་སྐུལ་འདེད་བྱེད་བཞིན་པ་གློག་བརྙན་དེ་དག་གི་ཕྱི་ཚུལ་མ་ཡིན་པའི་ནང་སྙིང་ལ་སྙོབ་པ་ཡིན་ན་གསལ་ཐིང་ཐིང་ཡིན། སྤྱིར་རྒྱའི་ཐུན་མོང་མ་ཡིན་པའི་དྲག་རྩལ་རིག་པ་ནི་རྒྱ་ནག་གི་གཏིང་ཟབ་ཤོས་དང་ངོམ་རི་བའི་རིག་པ་གཅིག་པུ་དེ་ཡིན་ཞིང་། དེས་རྒྱ་མིའི་སྙིང་སྟོབས་དང་ལ་ཞེན། མི་གཞི་གཤིས་ཀ་བཅས་པར་སྐུལ་འདེད་དང་ངོ་བོ་མཚོན་གང་ཐུབ་བྱེད་བཞིན་ཡོད། འོན་ཀྱང་། གཞན་ཕམ་རང་རྒྱལ་གྱི་ལྟ་བ་ལས། འཆམ་མཐུན་མཉམ་གནས་ཀྱི་བསམ་བློ་གཏན་ནས་འཁོར་མེད་པ་ནི་དེ་དག་གི་ཞན་ཆ་ཡིན་པ་དང་། དེའི་རིགས་དེས་ལོ་རྒྱུས་ཀྱི་དངོས་ཡོད་ནག་གསུབ་ཏུ་གཏོང་ཉེན་དང་གཏོང་འདོད་འདུག་པས་གཟབ་དགོས་པ་མིན་འགྲོ། ད་དུང་བོད་ནང་དུས་རྒྱུན་པར་བལྟ་དགོས་ཆགས་པ་དང་སྟོན་བཞིན་པའི་རི་འགོག་དམག་འཁྲུག་གི་གློག་བརྙན་འཕྲིན་ཕལ་ཆེར་ཞིག་ཀྱང་། སྒྱུ་རྩལ་བརྩམས་ཆོས་ཀྱི་ཟུར་ནས་བལྟ་ན་ལས་དངོས་བྱུང་ལོ་རྒྱུས་ཀྱི་ངོས་ཁོ་ནའི་བལྟ་བྱ་མིན།
གཉིས།
མདོར་ན། སྒྱུ་རྩལ་བརྩམས་ཆོས་ལ་དངོས་ཡོད་ལོ་རྒྱུས་དང་མ་འདྲ་བའི་བློ་མིག་བསྐྱེད་དེ་མྱོང་སྣང་འདོན་དགོས་པ་དེ་ཡིན། ཡང་གཅིག་བཤད་ན། སྒྱུ་རྩལ་བརྩམས་ཆོས་ལྟ་རྟོག་ནི་དངོས་བྱུང་ལོ་རྒྱུས་ལྟ་བ་ལས་ཕྱི་ཤུན་མ་ཡིན་པའི་ནང་སྙིང་ལ་སྙོབ་པའི་འགན་ཆེ་ཙམ་ལེན་དགོས་སོ།། གང་ཡིན་ཟེར་ན། སྒྱུ་རྩལ་བརྩམས་ཆོས་ལ་ཕྱི་ནང་ཡང་གསང་གི་གོ་དོན་མཆིས་ཤིང་། མ་ཟད་གདུལ་བྱ་དབང་བོ་རབ་འབྲིང་ཐ་གསུམ་གྱི་ཁམས་དབང་བློ་མོས་དང་བསྟུན་པའི་མྱོང་ཚོར་འདྲེན་པ་དང་དགའ་སྣང་སྦྱིན་པར། འཁྲབ་གཞུང་བ་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ་བཅས་པས་རང་སོ་སོའི་སྒོ་གསུམ་གྱི་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་གནང་བཞག་པ་དང་། རྔུལ་ཆུ་དང་ཟུངས་ཁྲག་གིས་ཕབ་པའི་རྗེས་ཤུལ་ཡོད་པས་ཡིན་ནོ།།
རང་རེས་དངོས་བྲིས་ཟིན་ཐོ་དང་རྒྱལ་རབས་ལོ་རྒྱུས་མ་ཡིན་པའི་གློག་བརྙན་དང་། བརྩམས་སྒྲུང་། སྙན་ངག་དང་། གཏམ་བརྗོད་ཟློས་གར། གར་ཆུང་བཅས་ལ་ལྟ་ཉན་དང་ཀློག་འདོན་སྐབས། རྣམ་པ་ཐམས་ཅད་དུ་མི་སེར་དཀྱུས་མ་དང་མ་འདྲ་བར་ཕྱི་ཚུལ་མཐོང་སྣང་ཙམ་མ་ཡིན་པའི་ནང་སྙིང་ལ་སྙོབ་ཐུབ་པ་ཞིག་དགོས་ཤིང་། གློག་བརྙན་<ཐར་ལོ> ཡང་དེ་ལས་མ་འདས་པ་མ་ཟད། ཐར་ལོས་ཐེག་ཚད་ཀྱི་ལྗིད་ཅིག་དང་། ལྗིད་ཚད་ཀྱི་འགན་ཞིག་ཁུར་ཡོད་པ་དེས་ཕྱི་ཚུལ་གྱི་ལྟ་རྟོག་ཙམ་དང་། མཐོང་སྣང་གི་དཔྱད་འཇོག་ཙམ་གྱི་ཡུལ་མིན་ནོ།།
རྒྱལ་རབས་ལོ་རྒྱུས་ཀྱིས་འདས་སོང་གི་བྱུང་བ་ཙམ་ལས་སྟོན་གྱི་མེད་ཀྱང་། སྒྱུ་རྩལ་བརྩམས་ཆོས་ཀྱིས་ནས་རྒྱལ་ཁབ་དང་མི་རིགས་གང་ཡང་རུང་བ་ཞིག་གི་འདས་མ་ད་གསུམ་གྱི་འགྱུར་འགྲོས་དང་། གནས་སྟངས་ཁ་ཕྱོགས་བཅས་སྟོན་པའི་སྤྱི་ཚོགས་མེ་ལོང་ཞིག་ཡིན། སྒྱུ་རྩལ་བརྩམས་ཆོས་ནི་ད་གཟོད་མིའི་རིགས་ཀྱི་ཐུན་མིན་གྱི་སྒེར་ཆོས་ཤིག་དང་། བསམ་བློའི་རྒྱགས་ཕྱེ་ཞིག། མ་ཟད་མངོན་འདོད་འདོན་ཞིང་རེ་འདུན་འཁྱེར་བའི་ཡེ་ཤུའི་ལུགས་ཀྱི་ལྷའི་ཕོ་ཉ་ཟེར་རྒྱུ་ཡོད་པ་དེ་ལྟ་བུ་ཡིན།
ཁོ་བོས་གློག་བརྙན་འདིའི་ཆིག་བརྒྱུད་ཀྱི་གདམས་པ་མན་ངག་གི་གནས་དེ་ཙམ་མཐོང་ཐུབ་ཀྱི་མེད་ཅིང་། མཐོང་ཡང་མན་ངག་ཕྱི་སྒྲོག་གི་རྩ་ལྟུང་ཕོག་འདོད་ཀྱང་མེད། གང་ལྟར། གློག་བརྙན་འདིའི་འཁྲབ་གཞུང་གི་བློས་བསླང་དང་། འཁྲབ་ཁྲིད་པའི་བཀོད་པ། འཁྲབ་སྟོན་པ་རྣམ་པའི་བཅོས་མིན་ངང་གི་འཁྲབ་རྩལ་འགུག་ནུས་བཅས་དང་། དེ་མིན་པའི་རང་བྱུང་འཁོར་ཡུག་གི་བཀོད་པ་དང་། སྤྱི་ཚོགས་འཁོར་ཡུག་གི་གནས་བབས་སོགས་གང་ལ་གང་འཚམ་དེ་ལ་དེ་བསྟུན་གྱི་བཀོད་བཞག་དང་། སྒྲིག་སྦྱོར་སོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་གྱི་རྩེ་མོར་སོན་ཡོད་པ་ནི་རྗེས་སུ་ཡི་རངས་དང་། མངོན་པར་བསྟོད་གནས་ནོར་བ་མེད་པ་ཉིད་དོ།།
གཞན་དུ་བསམ་ཚུལ་ལོག་པའང་འབྱུང་སྲིད་མོད། དེ་ནི་ཆོས་ཉིད་རང་ཡིན། དགྲ་གཉེན་གཉིས་ཀྱི་ལྟ་བ་ལོག་པ་ཡིན་པ་དང་། ལྗོན་ཤིང་ལྟ་བུ་ཡུལ་གཅིག་ལ་སློབ་སྦྱོང་གི་བྱང་ཚད་དང་ལས་རིགས་ཀྱི་ཐོབ་དབང་། འཁོར་ཡུག་གི་ཤུགས་རྐྱེན་མ་འདྲ་བས་མཐོང་ཕྱོགས་དང་བེད་སྤྱོད་མ་འདྲ་བ་ཆོས་ཉིད་རེད། དེ་བས་བརྟག་དཔྱད་མེད་པའི་གཏམ་བཤད་མ་སྔ་བར་རང་བློ་ལ་དཔག་པས་ཚོར་བ་བཙལ་ཞིང་མྱོང་སྣང་ལ་རོལ་རྒྱུ་དེ་སྒྱུ་རྩལ་རྩོམ་རིག་གི་དམིགས་ཚད་ཆེ་ཤས་དེ་ཡིན།
གསུམ།
རྒྱ་ནག་གི་བརྩམས་སྒྲུང་གྲགས་པ་ཅན་<རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད>ཀྱིས་སྤྱི་ལོའི་དུས་རབས་གསུམ་པའི་(220—280)སྔ་རྗེས་ཀྱི་རྒྱ་ནག་གི་སྤྱི་ཚོགས་དེ་མཚོན་ཐུབ་པ་ཡིན་ཞིང་། <ཆུ་ངོགས་གཏམ་རྒྱུད>ཀྱིས་སྤྱི་ལོའི་དུས་རབས་བཅུ་བའི་དཀྱིལ་ནས་བཅུ་གསུམ་པའི་སྨད་ཙམ་བར་གྱི་(960—1279) སུང་རྒྱལ་རབས་དང་། <ཐོག་ཁང་དམར་བོའི་རྨི་ལམ>གྱིས་ཆིན་རྒྱལ་རབས་(1616—1912)ཀྱི་དུས་དཀྱིལ་ཙམ་གྱི་རུལ་སུངས་ཆོ་མེད་ཀྱི་ཉམ་ཉེས་མཚོན་པ་སོགས། སྤྱིར་གནའ་དེང་གི་རྩོམ་པ་པོ་ཀུན་པོ་ཁོམ་སོང་བས་མིན་པ་དང་། བརྩམས་ཆོས་རྣམས་ཀྱང་གནམ་ཡིག་ཐོག་བབས་ལྟ་བུ་མིན་པར་དུས་སྐབས་རེ་དང་། དུས་རབས་རེ་གསལ་བར་མངོན་པའི་མེ་ལོང་ལྟ་བུ་དང་། དུས་དེ་དང་རབས་དེས་བསྐྲུན་པའི་བཟོ་བཀོད་ཆེན་པོ་ཞིག་ལ་བལྟའོ།། དེ་ལ་ལྟ་རྟོག་དང་ཉམས་ཞིབ་ནི་བཟོ་བཀོད་ཆེན་པོ་དེར་ཉམས་སུ་མྱོང་བ་དང་། བེད་བླངས་པ་དང་འདྲ་བས། རང་རེའི་<སྦ་བཞེད>དང་། <བཀའ་ཐང་སྡེ་ལྔ> <བཀའ་ཆེམས་ཀ་འཁོལ> <གླིང་སྒྲུང་> <རྗེ་བཙུན་མི་ལའི་རྣམ་ཐར་རྣམ་མགུར>རྣམས་ཀྱང་དུས་སྐབས་སོ་སོས་ཚུར་ལ་བསྐྱལ་པའི་ཐོན་དངོས་ཤིག་དང་། སླར་ཡང་དུས་དེ་དང་རབས་དེར་ཕར་སྦྱོར་ཤེས་ཤིང་དངོས་ར་འཕྲོད་པར་མྱོང་སྣང་འདོན་ཞིང་། ཉམས་ཞིབ་ཡོང་བའི་རྣམ་དཔྱོད་ཀྱི་རྩལ་སྤྲུགས་པར་རེམ་ཡོད།
ད་ལྟ་བོད་ནང་ལྟ་རྟོག་རྒྱུག་ཆེས་ཤས་དང་དོ་སྣང་ཆེས་ཤས་ཀྱི་གློག་བརྙན་དང་། བརྙན་འཕྲིན་ཟློས་གར་དེ་དག་ནི་གཞུང་གི་སྟངས་འཛིན་འོག་གནས་བསྡད་ཡོད་ཅིང་། འཁྲབ་རྩལ་བཟང་ཤས་ཀྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལོ་རེར་སྤུས་འབོར་གཉིས་ཀར་ཧ་ལས་པའི་ཡར་རྒྱས་ཆེན་པོ་བྱུང་འདུག ཡིན་ནའང་། རྒྱ་མི་རིགས་རང་ལས་གཞན་པའི་མི་རིགས་ཁག་གི་འཚོ་བ་མཚོན་པའི་རིགས་དེ་ཙམ་མཐོང་དཀོན་པོ་རེད། སྐབས་ཤིག་རིང་རྒྱ་ནག་ནང་ལྷོ་ཀོ་རི་ཡའི་གཉེན་སྒྲིག་རང་དབང་མེད་པ་དང་། རྩ་བའི་ཁྱིམ་འཛིན་སྒྱུག་མོ་རྣམས་ཀྱི་དབང་ཚད་ཐལ་ཆ་ཆེ་རིགས་ལ་འགོག་རྒོལ་དང་། གཞན་ཕ་མ་རྒན་རབས་ལ་བརྩི་མཐོང་དང་རྩ་བའི་རྒྱལ་ཁབ་དེའི་སྤྱི་ཡོངས་ཀྱི་གུས་ལུགས་ལ་གདེང་འཇོག་ལྡན་པའི་རིགས་རྒྱུག་ཆེ་བར་བསྟན་སོང་། དེ་བཞིན། ཐེ་ལན་ཌི་རྒྱལ་ཁབ་ཀྱི་གློག་བརྙན་འཕྲིན། ཁྱིམ་ཆེན་ཕྱུག་བདག་རྣམས་དང་དེ་མཚུངས་གཞིས་ཀ་ཆེན་པོ་དེ་འདྲའི་ནང་ཚགས་ཀྱི་རྙོག་གླེང་སྐྱིད་སྡུག་གི་གནས་སྟངས་ཏེ། རྒྱུ་ནོར་ཁོ་ནས་ཡོད་ཚད་ཐག་ཆོད་མ་ནུས་པའི་ངོས་དང་ཟུར་མངོན་པའི་རིགས་ཀྱང་སྐབས་དང་མཚམས་རེར་བསྟན་ཡོང་།
ད་ལྟའི་ཆར་རྒྱ་ནག་རང་གི་འཁྲབ་རྩལ་ཆེ་རུ་སོང་བས་ཡིན་ནམ། རང་མིས་རང་སར་འཁྲབ་པའི་གློག་བརྙན་འཕྲིན་གྱི་ལྟད་མོ་ཤིན་ཏུ་ཆེ། དེར་གཉིས་ཕན་གྱི་དཔལ་འབྱོར་རྩོལ་སྒྲུབ་ཀྱི་ལམ་ཁ་མདུན་ལྗོངས་དང་། གཉིས་མེད་ཀྱི་རྒྱུ་ནོར་ལ་རྔམ་པའི་འགྲན་རྩོད་རྙོག་གླེང་གི་མཇུག་འབྲས། རྒྱ་མི་རིགས་རང་གི་བཟང་སྤྱོད་ཉམ་ཉེས་ཀྱི་དཀའ་ངལ་གདོང་ལེན་དང་། དབུལ་ཕྱུག་གི་ཧེ་བག་ཐལ་ཆ། དེས་བསྐྱེད་པའི་རྒྱ་མི་ནང་ཁོངས་སེམས་ཀྱི་དཀའ་ངལ་དང་། རུས་རྒྱུད་ཁྱིམ་རྒྱུད་རིང་ལུགས་ཀྱི་མཁྲེགས་བཟུང་ནག་ཉེས། དེས་བསྐྱེད་པའི་རྒྱ་ནག་སྤྱི་ཚོགས་ཀྱི་མངལ་གནས་ཕྲུ་གུ་མོ་ཁྱད་གསོད་ཀྱི་གནད་དོན་དང་། དེའི་ཤུགས་རྐྱེན་ཀྱིས་ཕྲུ་གུ་ཕོ་མོ་ལས་མང་ཐལ་བའི་དཀའ་རྙོག། བཟའ་འཐོར་གཉེན་བྲལ་གྱི་གནས་སྟངས་རྒྱུ་རྐྱེན། ཕོ་མོའི་ཁེ་དབང་གི་བར་ཁྱད་གནས་སྟངས་བཅས་མངོན་པའི་གློག་བརྙན་དང་། བརྙན་འཕྲིན་ཟློས་གར་འཁྲབ་རྩལ་འབུར་ཏུ་ཐོན་པ་མང་པོ་མུ་མཐུད་ཐོན་དང་འཐོན་མུས་ཡིན། དེ་ལྟར་སྒྱུ་རྩལ་བརྩམས་ཆོས་ཀྱིས་སྤྱི་ཚོགས་དང་། རྒྱལ་ཁབ། མི་རིགས་བྱེ་བྲག་པ་གང་ཡང་རུང་བ་ཞིག་གི་སྐབས་དང་དུས་ཀྱི་སྐྱིད་སྡུག་ལེགས་ཉེས་དང་། གནས་སྟངས་ཁ་ཕྱོགས་དེ་མཚོན་བཞིན་ཡོད་ཅིང་། ད་དུང་རྒྱལ་ཁབ་སོ་སོ་དང་། ཁྱད་པར་དུ་སྲིད་དབང་སྒེར་གཅོད་དུས་སྐབས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་ཀྱང་། དེའི་གསར་འགྱུར་ལས་རིགས་བས་དེའི་སྒྱུ་རྩལ་རྩོམ་རིག་པའི་སྨྱུག་རྩེ་དང་རྔུལ་ཁྲག་ལས་མངོན་ཡོང་བས་དོ་སྣང་དགོས་རྒྱུ་གལ་ཆེ་བར་ཡོད་དོ།།
བཞི།
དེ་ལྟར་ཐར་ལོས་ཀྱང་མགོ་བརྩམས་མ་ཉིད་དུ་མའོ་ཡི་གསུང་བཏུས་བློར་ཤར་མར་སྐྱོར་བཞིན་པ་ནས་རིག་གསར་གྱི་བསླབ་བྱ་དང་། གཡོན་ལྷུང་གི་ནག་ཉེས་དྲན་སྐུལ་དང་ཐེར་འདོན་བརྗེད་ཐབས་མེད་པ་མཚོན་ཞིང་། བརྙན་གྱི་ཚོན་ཁྲ་སྐྱ་བོར་ཡོད་པ་རང་རེའི་ཁྱོན་ཡོངས་ཀྱི་གསོན་ཚད་ཀྱི་རང་མདོག་དང་གནས་བབས་མཚོན་པ་ཞིག་ཡིན། པར་ཁང་གི་རྒྱབ་ལྗོངས་བརྗེ་ལེན་ལ་འདོད་ཁ་ཁེངས་མ་ཁེངས་ནི་དད་མོས་བག་ཆགས་ཤིག་དང་རེ་བསྙེགས་ཤིག་གིས་མིན་འགྲོ།
དུས་བབས་དང་མ་འཚམ་པའི་ཚོན་མདངས་སྐྱ་བོར་ཡོད་པ་དང་། ཐོབ་ཐང་དཔང་ཡིག་ཇག་རྐུན་ཤན་འབྱེད་ཀྱི་ལག་དེབ་ཙམ་པ་དང་། གློག་དྲའི་གཞི་རྒྱ་གནམ་གྱི་དགུ་ཚུགས་ལྟ་བུའི་འོག་ཏག་ཏག་ལ་ཐར་ལོའི་རུ་བ་ཇི་འདྲའི་ཉམ་ཆུང་དང་དེ་འདྲའི་སྣང་མེད་ཅིག ཁོ་རང་ཕྱི་ཚུལ་ལ་མགོ་རྔ་ཆ་ཚང་བརྗེ་བོ་བརྒྱག་ཐུབ་ཡོད་ཀྱང་། ཡང་སྙིང་སྐེ་ནས་ཕྱག་མདུད་ལོན་དཀའ་ཙམ་པ་དང་། མི་གྲལ་ལ་མ་བཞག་སྟེ་རང་མིང་རང་ལོའང་མ་ཤེས་ཤིང་དེ་འདྲའི་མདོག་ཉེས་པ། ཐལ་ལྕག་གསུམ་གྱིས་ལུག་རྫི་ཙམ་གྱི་དངོས་ར་སྤྲད་པ་བཅས་ནི་གཞན་དབང་སྟབས་བསྟུན་གྱི་ངོས་ཟུར་ནས་བལྟ་རྒྱུ་ཞིག་དང་། ལུག་ཁྱུ་རྩ་འཚོང་ནུས་པའི་ངོ་ལོག་རྟོག་སད་ནས་མགོ་སྐྲ་སྤྱི་ཐེར་བཏང་བ་དང་། འདྲ་པར་བསྐྱར་མ་དགོས་པ། གསུང་བཏུས་རྩ་བརྗེད་སོང་བ་དག་ནི་རང་རེར་ཁ་ཚ་དགོས་གཏུགས་ཀྱི་རྩ་བའི་འགྱུར་འགྲོས་ཤིག་ལོས་ཡིན། ཁྲོམ་སྲང་གི་དོག་ཚད་དང་དེའི་དགོས་མེད་ཀྱི་འུར་ཟིང་། དུ་རྐྱལ་ཆང་རྐྱལ་དག་གི་སྣང་མེད་ལྷོད་གཡེང་། ཤོག་སྦག་ཙམ་དང་ཀི་རིང་བོ་ཞིག་གི་འགྲོ་ཐབས་ཙམ་པ་བཅས་ནི་རང་བབས་རང་ཐོག་གི་ཟུར་ནས་ལྟ་བ་སོགས། གཞན་དབང་སྟབས་བསྟུན་དང་རང་བབ་རང་ཐོག། དེ་གཉིས་གང་མིན་པའི་ཕུང་སུམ་པ་བཅས་ཕྱོགས་གསུམ་གྱི་ངོས་ནས་བལྟ་དགོས་པར་ཡོད་དོ།།
དེ་ལྟར་པདྨ་ཚེ་བརྟན་ཕྱི་ཚུལ་ལ་ཕོ་ཡག་གཤིས་འཇམ་ཐུགས་ལྷོད་ལྷོད་ལྟ་བུར་ཡོད་ཀྱང་། ནང་ཁོག་སྙིང་གཟེར་དང་རྒྱུ་གཟེར་སོགས་ན་ཚ་འདྲ་མིན་གྱིས་ཟིན་བསྡད་པའི་ནད་པ་ཁོག་སྡུག་ཅན་ཞིག་ཡིན་ཚོད་རེད། ཞི་བདེ་ཉི་མ་ཡང་སྔ་མའི་ཁ་ཤགས་དང་གར་ཆུང་འཁྲབ་སྐབས་དང་མ་འདྲ་བ། འདིར་མ་བཅོས་རང་བཞིན་གྱི་འཁྲབ་རྩལ་གྱི་རྩེ་མོར་ལེགས་འགྲུབ་བྱུང་ཡོད་ད། རྡོ་རྗེ་སོའོ་ཀྲང་དང་པར་ལེན་མ་བདེ་སྐྱིད་དང་། ཉེན་རྟོག་པ་ངོ་འཁྱག་དེ། གཞན་ཡང་པར་ལེན་ཏུ་ཡོང་བའི་བཟའ་ཚོ་གཉིས་དང་། རྒ་རྒས་གཉིས་སོགས། འཁྲབ་སྟོན་པ་དེ་དག་གིས་གཅིག་ལ་གཅིག་ལྟོས་པའི་ཇི་འདྲའི་ངོ་མ་དང་དེ་འདྲའི་ཐག་ཉེ་ཞིག་འཁྲབ་ཡོད་ཀི། དངོས་གནས་མཐེ་མོ་བསྒྲེང་དགོས་པའི་ཡུལ་རང་རེད། འོ་་་ད་དུང་གཡང་ཕྱུག་འཚོ་བརྗེད་འདུག། མོ་སྤྱིར་གི་མཛེས་མ་ཞིག་ཡོད་པ་ལ་གློག་བརྙན་འདིར་དེ་བས་ཀྱང་ཡག་ལ་རྒྱན་གྱི་དཔེ་ནང་བཞིན་བཞིན་གྱི་མདངས་དང་མིག་གི་འོད་དེས་འདོད་ལྡན་གྱི་སྐྱེ་བོ་མང་པོའི་སྲོག་བླངས་འགྲོ་བ་ལྟ་བུ་ཞིག་ལ། ཁོ་མོ་འགྱུར་བ་མགྱོགས་པོ་སྒོར་གྱི་ཆེད་དུ་གང་དང་ཅི་ཡང་བྱ་སྲིད་པའི་རང་རེའི་ད་ལྟའི་བུད་མེད་རྣམས་ཀྱི་འགྱུར་འགྲོས་གནས་སྟངས་དང་། ད་དུང་ཁོ་མོས་རང་རེའི་དྲིན་ཆེན་མ་ཡུམ་རྣམས་ཀྱི་ཐོབ་དབང་དང་གནས་བབ། མངོན་འདོད་བཅས་ཀྱི་འགན་ལྗིད་ཚད་ཅིག་ཁུར་ཏེ་ལམ་ལ་ཆས་སོང་། གང་མྱུར་རང་གནས་རང་ཡུལ་ལ་ལོག་ཕེབས་པའི་རེ་བ་ཡོད་ཅིང་། ཐར་ལོའི་རུ་བ་དང་དེའི་ལུག་ཁྱུ་དེ་དོན་དམ་པར་སུ་ལ་དབང་བདེན་པ་དཔང་བཞག་གིས་རྩོད་དགོས་ཐུག་པས། མ་བདག་བདག་ཚུལ་གྱི་ལུག་བདག་སྨྱོན་པ་དེ་དང་། ལུག་རྫི་ཙམ་གྱི་ངོ་སོ་ལས་མ་བྱིན་པའི་ཐར་ལོ་མི་ལྷག་གཉིས་ཁོ་ནས་འདའ་འདེད་ཐག་གཅོད་ཀྱི་ཡུལ་མིན་ནོ།།
མཐོང་སྣང་རབ་རིབ་རྒྱབ་ན་སྙོབ་རྒྱུ་ཞིག།
གྲགས་སྟོང་ཤབ་ཤུབ་ཟུར་ནས་ཚོར་རྒྱུ་ཞིག།
རྩལ་སྣང་སྒྱུ་མའི་ལྟད་མོ་གཉུག་མའི་འཕྲུལ།།
རིག་པ་དམར་འཇུ་བརྗོད་མེད་རང་རིག་ཉིད།།
ཅེས་སྒྲུང་རྩོམ་དང་སྙན་ངག ཟློས་གར། གར་ཆུང་། གློག་བརྙན་དང་། བརྙན་འཕྲིན་ཟློས་གར་སོགས་ལ་ལྟ་རྟོག་དང་ཉམས་ཞིབ་ཇི་ལྟར་བྱ་ཚུལ་གྱི་མན་ངག་ཆིག་བརྒྱུད་བཀའ་རྒྱ་མ་འདི་བཞིན། ཕྱི་རབས་གཞོན་གཅེས་རྣམས་ཀྱི་ཆེད་ཨ་ཚོགས་མཁས་བཙུན་གྱིས་དགོངས་གཏེར་ཏུ་བཏོན་པ། སཿམཿཡཿརྒྱ་རྒྱཿ
༢༠༡༧། ༡ ༡༧ ཉིན། བཏོན་གནས་མཚོ་ལྷོ་བྲག་དཀར་རྫོང་།
ཆབ་སྲིད་རྐྱང་རྐྱང་གི་ཟིང་འཁྲུག་ནང་དུ་སྒྱུ་རྩལ་རྩོམ་རིག་སྐོར་རེ་གླེང་ན་ཚོར་བ་གསར་པ་དང་ར་རྡིབ་སངས་ནས་ཡོང་གི ཡིན་ནའང་ངས་ཆབ་སྲིད་སྐོར་ཡག་པོ་མི་འདུག་རྩ་བ་ནས་ཞུ་གི་མེད། མཚམས་རེར་སྒྱུ་རྩལ་རྩོམ་རིག་རེ་ཟུང་ཀློག་རྒྱུ་རེག་ན་ཤ་རྐྱང་རྐྱང་ཟོས་པའི་མཚམས་ལ་སྔོ་འཚལ་རེ་ཟ་རྒྱུ་རེག་པ་ལྟ་བུ་རེད།