རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དེ་ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་རྒྱ་ནག་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་བཞིན་ཡོད་པ་དང་འབྲེལ་བའི་སྐུ་ཞབས་ཀེ་ཐ་བྷི་ར་ཌི་ཤཱར་(KEITH BRADSHER)ལགས་ཀྱི་དབྱེ་ཞིབ་རྩོམ་ཡིག་ཅིག་བོད་སྒྱུར་བྱས་ཡོད།
དཔལ་འབྱོར་རིག་པ་བའི་སྤྱི་མོས། གལ་ཏེ་རྒྱ་ནག་གིས་འཆར་ལོའི་ནང་མུ་མཐུད་དཔལ་འབྱོར་ཡར་རྒྱས་གཏང་འདོད་ཡོད་ན། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་དེ་དོན་དངོས་སུ་དཔལ་འབྱོར་ཆུད་ཟོས་སུ་བཏང་བ་ཞིག་རེད། རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཉོ་ཚོང་དང་དཔལ་འབྱོར་འཛུགས་སྐྲུན་ལ་བཀག་སྡོམ་དང་། དངོས་ཟོག་ཁྲོམས་རྭ་བཀག་སྡོམ། དངུལ་ཁང་དང་མ་རྐང་ཁྲོམ་རྭའི་སྒྲིག་འཛུགས་ལ་སྟངས་འཛིན་བྱེད་ཀྱིན་ཡོད།
༢༠༡༢ ལོའི་རྗེས་སུ་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་སྟངས་འཛིན་བྱས་ཏེ་ལྐོག་ཟ་རུལ་སུངས་ལ་དམ་དྲགས་དང་། གཞུང་གི་སྒྲིག་སྲོལ་དམ་འཛིན་ (ལྐོག་རྔན་ལ་བརྟེན་ནས་དཔོན་རིགས་ལྐོག་འཐེན་བྱེད་པར་གོ) བྱེད་མགོ་བཙུགས་པ་ནས་བཟུང་ཞི་ཅིན་ཕིན་ཕྱོགས་གཏོགས་ཀྱིས་དམར་ཤོག་ཚོགས་པའི་སྲོག་སྙིང་བཟུང་པ་རེད།
སྐུ་ཞབས་ཞི་ཅིན་ཕིན་གྱི་ལོ་ངོ་ ༥ རིང་གི་སྲིད་འཛིན་དུས་ཡུན་རྫོགས་ལ་ཉེ་བའི་དེ་རིང་། དེ་སྔོན་ཞི་ཅིན་ཕིན་གྱི་དཔལ་འབྱོར་སྲིད་ཇུས་ལ་ཡིད་ཆེས་བྱེད་མཁན་དཔལ་འབྱོར་རིག་པ་བ་མང་པོ་ཞིག་གི་རེ་བ་རིམ་གྱིས་ཡལ་བཞིན་ཡོད། ད་ལྟའི་དཔལ་འབྱོར་འཛུགས་སྐྲུན་ལ་བརྟེན་ཏེ་རྒྱ་ནག་མུ་མཐུད་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གི་སྟངས་འཛིན་འོག དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་འགྲོས་ཧ་ཅང་དལ་མོ་ཆགས་ཡོད། དེར་མ་ཟད། ཞི་ཅིན་ཕིན་གཞུང་གིས་ཐེངས་རྗེས་མའི་སྲིད་དབང་སྐབས་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུར་དམིགས་ཏེ་ད་ལྟའི་དཔལ་འབྱོར་སྲིད་ཇུས་ལ་ཏོག་ཙམ་བཅོས་སྒྱུར་བཏང་ཡོད།
སྐུ་ཞབས་ཞི་ཅིན་ཕིན་གྱིས་ད་ལྟའི་བར་ག་རེ་བསྒྲུབས་ཟིན་པ་དང་ག་རེ་སྒྲུབ་མེད་པའི་ལས་དོན་ཁག་གཤམ་ལྟར་རེད།
དངུལ་གྱི་འཛའ་ཐང་།
བཅོས་སྒྱུར། དཔལ་འབྱོར་ཆེད་མཁས་པ་ཚོས་རྒྱ་ནག་གི་འཛའ་ཐང་བཅོས་སྒྱུར་ལ་ཡིད་ཆེས་བྱས་ཡོད། ༢༠༡༥ ལོར་པེ་ཅིན་གཞུང་གིས་རྒྱ་སྒོར་རྒྱལ་སྤྱིའི་ཐེབས་རྩ་ (International Monetary Fund) ནང་ཚུད་དགོས་པའི་ནན་སྐུལ་ཞུས་ཡོད། རྒྱལ་སྤྱིའི་ཐེབས་རྩའི་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་དབུས་དངུལ་ཁང་སོ་སོའི་དངུལ་ལོ་ཟུར་འཇོག་བྱས་ཡོད་སྟབས། གོ་སྐབས་དེ་འཐོབ་ཆེད་རྒྱ་ནག་གཞུང་གིས་རྒྱ་སྒོར་ཕྱིར་གཏོང་ནང་འདྲེན་གྱི་ཁེ་ལས་གཉེར་ཏེ་རྒྱལ་སྤྱིའི་ཁྲོམ་རྭའི་ནང་ཨ་སྒོར་དང་རྒྱ་སྒོར་བརྗེ་ལེན་གྱི་འཁོར་རྒྱུག་འདྲ་མཚུངས་བཟོ་ཐུབ་ལ་འབད་བཞིན་ཡོད།
ཡུན་རིང་གི་དཀའ་ངལ། ཉེ་ཆར་ཞིག་ནས་རྒྱ་ནག་གི་བྱེད་ཐབས་དེ་ཐེ་ཚོམ་ཅན་དུ་གྱུར་ཡོད། རྒྱ་ནག་གིས་ཕྱི་ཕྱོགས་སུ་དངུལ་ཚོང་སྒོ་འབྱེད་བྱས་རྗེས། རྒྱ་ནག་གི་ཚོང་གཉེར་ཁང་དང་རྒྱ་རིགས་མི་མང་གིས་རྒྱ་སྒོར་ཕྱིར་གཏོང་བྱེད་ཀྱིན་ཡོད་ཀྱང་། ཨ་སྒོར་དང་བསྡུར་ན་རྒྱ་སྒོར་གྱི་འཁོར་རྒྱུག་ཆུང་སྟབས། རྒྱ་ནག་གཞུང་གིས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་བཏང་སྟེ་རྒྱལ་སྤྱིའི་ཁྲོམ་ར་ནས་རྒྱ་སྒོར་གྱི་འཁོར་རྒྱུག་ཇེ་ཆེར་གཏོང་གི་ཡོད།
ས་ཁང་འཛུགས་སྐྲུན།
བཅོས་སྒྱུར། ན་ནིང་ལོ་མགོར་རྒྱ་ནག་གི་ཨར་ལས་དང་ཁ་སང་འཛུགས་སྐྲུན་གྱི་ཁེ་ལས་ཆེན་པོ་བརྡིབ་སྐབས། པེ་ཅིན་གཞུང་གིས་དངུལ་ཁང་ཁག་ལ་སྡོད་གནས་གཏའ་དངུལ་འཇོག་པའི་སྲིད་ཇུས་ལྷོད་ཡངས་བཏང་སྟབས། དེ་སྔོན་ལས་འཕྲོར་ལྷག་པའི་གྲོང་ཁྱེར་ཆེ་ཁག་གི་སྡོད་ཁང་མང་པོ་འཛུགས་སྐྲུན་དང་ཉོ་ཚོང་བྱེད་ཐུབ་ཙམ་བྱུང་ཡོད།
ཡུན་རིང་གི་དཀའ་ངལ། ད་ཆར་དཀའ་ཁག་གི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད། ཧྲང་ཧེ་དང་པེ་ཅིན་གཉིས་ནི་འཛམ་གླིང་སྟེང་ས་གནས་ཀྱི་ཡོང་འབབ་ལ་དཔག་པའི་ས་ཁང་རིན་གོང་མཐོ་ཤོས་དང་དཔལ་འབྱོར་འཚོལ་སྒྲུབ་ཀྱི་བུ་ལོན་མང་ཤོས་ཆགས་ཡོད།
མ་རྐང་ཁྲོམ་རྭ།
བཅོས་སྒྱུར། རྒྱ་ནག་གིས་མ་རྐང་ཁྲོམ་རྭ་ཁག་ཏུ་ཕྱི་གླིང་བའི་གཞི་རྒྱ་ཆེ་བའི་ཉོ་འཚོང་ཚོད་འཛིན་བྱས་ཏེ། ཧྲང་ཧེ་དང་ཧྲིན་ཀྲིན། ཧོང་ཀོང་བཅས་ཀྱི་དངོས་ཟོག་ཁྲོམ་རྭའི་ཕྱི་གླིང་བའི་འཛའ་ཐང་མར་ཆགས་བཞིན་ཡོད། གྲོང་ཁྱེར་དེ་དག་ནི་ཕྱིའི་རྒྱལ་ཁབ་ཁག་གི་མ་རྐང་ཁྲོམ་རྭའི་སྒོ་ཆེན་ལྟ་བུ་ཆགས་ཡོད། རྒྱ་ནག་དབུས་གཞུང་གིས་ས་གནས་སྲིད་གཞུང་ཁག་ལ་སྤྱི་ཚོགས་ཞབས་ཞུའི་ཡོང་སྒོའི་ཚོང་གཉེར་ཁང་མང་པོ་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་འདེད་གཏོང་གི་མེད།
ཡུན་རིང་གི་དཀའ་ངལ། ༢༠༡༥ ལོར་རྒྱལ་སྤྱིའི་དངོས་ཟོག་ཁྲོམ་རྭ་རྡིབ་སྐྱོན་བྱུང་རྗེས། རྒྱ་ནག་དབུས་གཞུང་གིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མ་རྐང་ཁྲོམ་རྭ་ཁག་ལ་སྟངས་འཛིན་ནན་མོ་བྱས་ཡོད། རྒྱ་ནག་ཚུད་པའི་རྒྱལ་སྤྱིའི་དངོས་ཟོག་ཁྲོམ་རྭ་ཆེ་ཁག་གི་འཕེལ་འགྲིབ་རེའུ་མིག་ལྟར་ན། ད་ཆར་རྒྱལ་སྤྱིའི་དངོས་ཟོག་ཁྲོམ་རྭའི་འཁོར་རྒྱུག་ཡར་རྒྱས་གཏོང་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཆགས་ཡོད།
གཞུང་འབྲེལ་མིན་པའི་ཉོ་ཚོང་མཉམ་འབྲེལ་སྡེ་ཁག་རྣམས་མུ་མཐུད་དུ་རྒྱ་ནག་གི་གཏའ་དངུལ་ལ་བརྟེན་ཡོད་སྟབས། རྒྱ་ནག་གི་དབང་འཛིན་པ་ཚོས་གཞུང་འབྲེལ་མིན་པའི་ཁེ་ལས་སྡེ་ཁག་དག་གི་སྐུལ་འདེད་ལ་བརྟེན་ཏེ། ས་གནས་སྲིད་གཞུང་དག་གིས་དཔལ་འབྱོར་འཛུགས་སྐྲུན་ཐོག་ནན་ཏན་དང་། སྒེར་གཉེར་ཁེ་ལས་སྡེ་ཁག་མང་པོ་ཞིག་གཞུང་འབྲེལ་ཁེ་ལས་སྒྲིག་འཛུགས་ནང་ཞུགས་པའི་རེ་བ་རྒྱག་གི་ཡོད། སྒེར་གཉེར་ཁེ་ལས་སྡེ་ཁག་དེ་དག་ནི་ས་གནས་སྲིད་གཞུང་གི་གཡར་དངུལ་ལ་བརྟེན་ཏེ། མི་མང་ལ་ལས་ཀ་སྤྲོད་པའི་བར་ཁེ་གཉེར་མཁན་ཁག་ཅིག་ཡིན།
དངུལ་ཁང་ལས་དོན།
བཅོས་སྒྱུར། རྒྱ་ནག་གཞུང་གིས་དངུལ་བུན་སྐྱེད་ཀ་མཐོ་བའི་དངུལ་ཁང་ཁག་ལ་རོགས་སྐྱོར་བྱས་ཏེ། དངུལ་ཁང་ནས་དངུལ་གཡར་བའི་སྐྱིན་ཚབ་སྤྲོད་མ་ཐུབ་མཁན་ཚོའི་མ་རྐང་གཞུང་བཞེས་གཏོང་ཆོག་པ་བཟོས་ཡོད་སྟབས། མ་དངུལ་དོ་དམ་མཐུན་གཉེར་ཁང་གིས་དངུལ་ཁང་དག་གི་ཚུལ་མཐུན་མ་ཡིན་པའི་གཏའ་དངུལ་ཉོ་བཞིན་ཡོད། དངུལ་གཡར་མཁན་གྱིས་དངུལ་ཁང་ཁག་ལ་དངུལ་ག་ཚོད་གཡར་ཡོད་པ་དེ་གཞི་རྩར་བཟུང་སྟེ། དངུལ་ཁང་སོ་སོས་སྐྱེད་ཀ་གཏན་འབེབས་ཆོག་པའི་དབང་ཆ་སྤྲད་འདུག དེ་བཞིན། བཅོལ་དངུལ་གྱི་སྐྱེད་ཀའི་སྟངས་འཛིན་གུ་ཡངས་སུ་བཏང་ཡོད་སྟབས། དངུལ་ཁང་དང་དངུལ་ཁང་བར་བཅོལ་དངུལ་སྐྱེད་ཀའི་མཐོ་དམའ་འགྲན་རྩོད་བྱས་ཏེ། དངུལ་བཅོལ་མཁན་ལ་ཁེ་བཟང་མང་བ་རེག་གི་ཡོད་པ་རེད།
ཡུན་རིང་གི་དཀའ་ངལ། བཅོས་སྒྱུར་དེ་ཙམ་གྱིས་ད་དུང་ཕན་ཐོགས་ཆེན་པོ་ཡོང་ཐུབ་ཀྱི་མེད་སྟབས། དངུལ་ཁང་ཁག་དང་དངུལ་བུན་འབོར་ཆེན་གཡར་མཁན་དག་གི་བར་དཀའ་རྙོག་འབྱུང་བཞིན་ཡོད། འོན་ཀྱང་དངུལ་ཁང་ཁག་གིས་དངུལ་སྐྱིན་སྤྲོད་མ་ཐུབ་མཁན་ཚོ་དང་ཆབ་སྲིད་དང་འབྲེལ་བའི་དངུལ་བུན་གཡར་མཁན་ཚོར་མུ་མཐུད་དངུལ་བུན་གཏོང་ཚད་མཐོ་རུ་གཏོང་གི་འདུག དེའི་ནང་གཞུང་སྒེར་གཉིས་ཀྱི་ཚོང་གཉེར་ཆེ་ཁག་ཚུད་ཡོད། གལ་ཏེ་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཇེ་དལ་དུ་ཕྱིན་ཚེ། དངུལ་བུན་སྤྲོད་མ་ཐུབ་པའི་གྲངས་འབོར་ཇེ་མཐོར་འགྲོ་ངེས་རེད་ལ། དེ་དང་མཉམ་དུ་ཁེ་ལས་པ་དག་གིས་ད་ལྟའི་དཔལ་འབྱོར་འདུ་འགོད་སྲིད་ཇུས་ལ་སྐྱོན་བརྗོད་སྔར་ལས་བྱ་ངེས་ཡིན།
བཟོ་ལས་ཐོན་སྐྱེད་ཀྱི་འགྲོས་དལ་བ།
བཅོས་སྒྱུར། རྒྱ་ནག་གིས་ཚུལ་མཐུན་གྱི་ཐོག་ནས་སོལ་རླངས་དང་རྣོ་ལྕགས་ཐོན་སྐྱེད་ཇེ་ཉུང་དུ་གཏོང་གིན་ཡོད།
ཡུན་རིང་གི་དཀའ་ངལ། རྒྱ་ནག་གཞུང་ལ་ལས་དོན་མང་པོ་ཞིག་སྒྲུབ་འཕྲོར་ལྷག་ཡོད། རྒྱ་ནག་ནི་ད་དུང་འཛམ་གླིང་སྟེང་གི་རྣོ་ལྕགས་ཐོན་སྐྱེད་ཆེ་ཤོས་དེ་ཆགས་ཡོད། རྒྱ་ནག་གིས་རླུང་དང་ཉི་འོད་སོགས་རང་བྱུང་ནུས་ཤུགས་ཐོན་སྐྱེད་ཀྱི་ཚབ་ཏུ་ད་དུང་རྡོ་སོལ་གྱི་ཐོན་ཁུངས་མང་པོ་སྔོག་འདོན་བྱེད་པའི་འཆར་གཞི་བཟོས་ཡོད། བཟོ་ལས་སྡེ་ཁག་གཞན་མང་པོའི་ནང་དངོས་ཟོག་འཁོར་རྒྱུག་གི་འགྲན་རྩོད་དང་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཧ་ཅང་དལ་བ་དེས་སྒེར་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཚད་བཀག་ཐེབས་ཡོད།
གཞུང་འབྲེལ་ཁེ་ལས་སྒྲིག་འཛུགས།
བཅོས་སྒྱུར། རྒྱ་ནག་དབུས་གཞུང་གིས་གཞུང་འབྲེལ་ཁེ་ལས་སྒྲིག་འཛུགས་ཀྱི་ཡོང་འབབ་ལ་ཚོད་འཛིན་བྱས་ཡོད། གཞུང་འབྲེལ་ཁེ་ལས་སྒྲིག་འཛུགས་ཁག་ཅིག་བརྡིབ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ལྕགས་ལམ་འཛུགས་སྐྲུན་ཡོ་ཆས་གཙོས་པའི་ཐོན་ཟོག་ཕྱི་འདྲེན་གྱི་ཁེ་ལས་སྒྲིག་འཛུགས་ཁག་བར་གྱི་འགྲན་རྩོད་ལ་ཚོད་འཛིན་བྱས་ཏེ། གཞུང་འབྲེལ་ཁེ་ལས་སྒྲིག་འཛུགས་མང་པོ་ཟླ་སྒྲིལ་བཏང་ཡོད་པ་རེད།
ཡུན་རིང་གི་དཀའ་ངལ། རྒྱ་ནག་གཞུང་འབྲེལ་ཚོང་གཉེར་ཁག་གིས་ནུས་པ་ཅི་ཡང་འཐོན་གྱི་མེད། རྒྱ་ནག་གི་ཚོང་ལས་དོ་དམ་དང་འཛིན་སྐྱོང་སྡེ་ཁག་གིས་མུ་མཐུད་གློག་འཕྲིན་འབྲེལ་ལམ་དང་ནུས་ཤུགས་བརྒྱུད་གཏོང་སྡེ་ཁག་ལྟ་བུའི་དཔལ་འབྱོར་འདུ་འགོད་སྡེ་ཚན་ཆེ་ཁག་ལ་དབང་སྒྱུར་བྱས་ཡོད། རྣོ་ལྕགས་དང་རྡོ་སོལ་ཐོན་སྐྱེད་སྡེ་ཁག་ལྟ་བུའི་གཞུང་འབྲེལ་ཁེ་ལས་ཁག་གིས། གཞུང་གི་སྟངས་འཛིན་འོག་གི་དངུལ་ཁང་ནས་དངུལ་བུན་ག་ཚོད་གཡར་ཐུབ་མིན་ལ་མ་བལྟས་པར་ལས་བཟོ་བ་མང་པོ་བསྡུ་རུབ་བྱེད་ཀྱིན་འདུག གཞུང་འབྲེལ་ཁེ་ལས་སྡེ་ཁག་གི་ཡོང་འབབ་ཚོད་འཛིན་བྱེད་ཆེད། ཁོ་ཚོས་སྒེར་གཉེར་ཁེ་ལས་སྡེ་ཁག་ལ་འཇོན་ནུས་ལྡན་པའི་མགོ་ཁྲིད་བསྐོ་འཇོག་བྱེད་ངེས་རེད།
སྐྱེ་འཆིའི་གྲངས་ཚད་རེའུ་མིག
བཅོས་སྒྱུར། རྒྱ་ནག་གི་མི་འབོར་དང་ངལ་རྩོལ་སྟོབས་ཤུགས་ཉམས་བཞིན་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། མི་མང་གི་མངལ་ཤོར་གནད་དོན་དང་། དངུལ་གྱི་རོགས་སྐྱོར་སོགས་ལ་བརྟེན་ཏེ། སྐུ་ཞབས་ཞི་ཅིན་ཕིན་གཞུང་གིས་འཆར་ལྡན་བུ་སྐྱེས་སྲིད་བྱུས་མཇུག་བསྡུས་ཏེ། ད་ཆར་ཁྱིམ་ཚང་གཅིག་ལ་ཕྲུ་གུ་གཉིས་སྐྱེ་དགོས་པའི་སྐུལ་སློང་ཤུགས་ཆེན་བྱེད་ཀྱིན་ཡོད།
ཡུན་རིང་གི་དཀའ་ངལ། འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་ནང་ངལ་རྩོལ་སྟོབས་ཤུགས་མ་འདང་བའི་དཀའ་ངལ་མུ་མཐུད་འབྱུང་བཞིན་ཡོད་པ་དེས། དཔལ་འབྱོར་འཕེལ་རྒྱས་ཐད་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད།
གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞི།
བཅོས་སྒྱུར། རྒྱ་ནག་གཞུང་གིས་ཞིང་གྲོང་ནས་ཡོང་བའི་ལས་བཟོ་བའི་འཚོ་གནས་སྟབས་བདེ་བཟོ་བ་དང་། གྲོང་ཁྱེར་ཆུང་བ་ཁག་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཁེ་ཕན་སྒྲུབ་བཞིན་ཡོད། དཔེར་ན། གྲོང་ཁྱེར་ཆེ་ཁག་གི་འདབས་འབྲེལ་གྲོང་ཁྱེར་འཛུགས་སྐྲུན་ཐུབ་མིན་ལ་ཚོད་ལྟ་བྱེད་ཆེད། འདི་ལོའི་ལོ་མཇུག་ནས་རྒྱ་ནག་དབུས་གཞུང་གིས་པེ་ཅིན་གྲོང་ཁྱེར་གྱི་གྲོང་སྡེ་མང་པོ་གྲོང་ཁྱེར་གྱི་མཐའ་འཁོར་དུ་གནས་སྤོ་བྱ་འཆར་ཡོད་པ་རེད།
ཡུན་རིང་གི་དཀའ་ངལ། ཞིང་གྲོང་ནས་ཡོང་བའི་ལས་བཟོ་བ་ཚོས་པེ་ཅིན་དང་ཧྲང་ཧེ་ལྟ་བུའི་གྲོང་ཁྱེར་ཆེ་ཁག་ཏུ་སྡོད་གནས་རག་པའི་རེ་བ་བཟུང་ཡོད། གལ་ཏེ་ཁོ་ཚོར་གྲོང་ཁྱེར་ཆེ་ཁག་ཏུ་སྡོད་གནས་མ་འཐོབ་ཚེ། ཁོ་ཚོར་འཕྲོད་བསྟེན་ལྟ་སྐྱོང་དང་ཕྲུ་གུའི་སློབ་གསོ་སོགས་ཀྱི་ཁེ་ཕན་རག་ཐབས་ཡོད་པ་མ་རེད།
པདྨ་རྒྱལ་གྱིས་བོད་སྒྱུར་བྱས།
མ་རྩོམ་འབྲེལ་ཐག https://www.nytimes.com/2017/03/04/business/china-xi-jinping-economic-reform-scorecard.html