ཐའེ་ཝན་མཚོ་འགག་ཏུ་གཙུག་ལག་སློབ་ཆེན་གྲངས་ ༡༥༧ ཡོད་པའི་གྲས་ནས་ཉེ་ལམ་ཞིག་ནས་སློབ་ཆེན་གྲངས་ ༨༠ ཙམ་གྱིས་རྒྱ་ནག་གཞུང་ལ་ “ཐའེ་ཝན་རང་བཙན” དང་། “རྒྱ་ནག་གཅིག་དང་ཐའེ་ཝན་གཅིག” སོགས་གླེང་སློང་མི་བྱེད་པའི་ཁག་ཐག་མིང་རྟགས་བཀོད་ཡོད་ཅིང་། གནས་ཚུལ་དེས་ཐའེ་ཝན་སྤྱི་ཚོགས་ལ་གཡོ་སྒུལ་ཆེན་པོ་བསླངས་ཡོད།
རྒྱ་ནག་གཞུང་ལ་མགོ་བསྐུར་ཟིན་པའི་ཐའེ་ཝན་གཙུག་ལག་སློབ་ཆེན་དེ་དག་གིས་ཐའེ་ཝན་མཚོ་འགག་གི་ཤེས་རིག་སློབ་གསོའི་གཙོ་གནད་བཟུང་ཡོད་ལ། དེ་དག་གི་གྲས་སུ་ཐའེ་ཝན་རྒྱལ་ཡོངས་ཚིན་ཧྭ་གཙུག་ལག་སློབ་ཆེན་ (National Tsing Hua University) དང་། རྒྱལ་ཡོངས་ཁྲིན་ཁྲི་གཙུག་ལག་སློབ་ཆེན་ (National Chengchi University) སོགས་ཚུད་ཡོད།
སློབ་གཉེར་ཁང་དེ་དག་གིས་ཁོ་ཚོས་རྒྱ་ནག་གཞུང་ལ་མཉམ་འབྲེལ་མིང་རྟགས་བཀོད་པ་དེ་ནི། ཁོ་ཚོས་ “རྒྱ་ནག་གཅིག” གི་རྩ་དོན་ལ་ངོས་ལེན་བྱས་པ་ཞིག་མིན་སྐོར་ཤོད་ཀྱིན་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་ནམ་རྒྱུན་ཤོད་བཞིན་པའི་ “རྒྱ་ནག་གཅིག” ཞེས་པ་དེ་ནི་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་དང་དུས་ནམ་ཡང་ཁ་འབྲལ་ཐབས་མེད་པའི་དོན་རེད།
ཐའེ་ཝན་རང་བཙན་རྩོད་གླེང་དེ་ཐའེ་ཝན་གྱི་མཐོ་རིམ་སློབ་གྲྭ་དང་གཞི་རིམ་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་དང་འབྲེལ་བ་ཡོད། སྤྱིར་ཐའེ་ཝན་སློབ་གྲྭ་ཁག་གི་སློབ་དེབ་དེ་ཐའེ་ཝན་ཤེས་རིག་ལྷན་ཁང་གིས་གཏན་འབེབས་བྱེད་དགོས་ཀྱིན་ཡོད་ཀྱང་། གོ་མན་ཏང་གཞུང་ཟུར་བས་གོ་གུང་གཉིས་ནི་མིན་རྒྱལ་རབས་སྐབས་ནས་སྲིད་ཚོགས་གཅིག་ཡིན་སྟབས། ལོ་རྒྱུས་རང་བཞིན་ལྡན་པའི་གནད་དོན་དེར་བསྐྱར་ཞིབ་བྱེད་དགོས་པའི་སྐུལ་སློང་བྱས་ཏེ་ ༢༠༡༥ ལོའི་ཟླ་ ༨ པའི་ནང་ངོ་རྒོལ་སྐད་འབོད་བྱུང་བ་དེས། ཤེས་རིག་ལྷན་ཁང་གི་སློབ་དེབ་རྩོམ་སྒྲིག་ལ་འགོག་རྐྱེན་འཕྲད་ཡོད།
ཐའེ་ཝན་གཙུག་ལག་སློབ་ཆེན་ཁག་གིས་སྨྲ་བརྗོད་རང་དབང་ཁ་རུ་ཁྱེར་ཏེ་སློབ་ཚན་རྩོམ་སྒྲིག་གི་དབང་ཆ་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་དཔོན་ཆེན་མོ་ཚོར་ཡོད་ལུགས་བཤད་དེ། ཁོ་ཚོས་གསང་བའི་ཐོག་ནས་རྒྱ་ནག་གཞུང་ལ་མཉམ་འབྲེལ་མིང་རྟགས་བཀོད་པ་དེས་ཐའེ་ཝན་མི་མང་ཧ་ལས་སུ་བཅུག་ཡོད།
སྔོན་ཆད། ཐའེ་ཝན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྥན་ཡེན་ (Fan Yun) དང་ཧྲེ་ཧི་སེན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཟུར་བ་ལཱེ་ཐིང་མིན་ (Lai Ting-ming) སོགས་ཀྱིས་སློབ་ཆེན་ཁག་གི་མོས་མཐུན་དེ་ལ་སྐྱོན་བརྗོད་ཞུ་ཡིག་ཕུལ་ཡོད་ལ། ཐའེ་ཝན་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱི་སློབ་ཕྲག་ཚོགས་པ་དང་། སློབ་ཆེན་དེའི་མཐར་ཕྱིན་སློབ་ཕྲུག་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། གསང་བའི་འབྲེལ་ལམ་དེ་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། སློབ་ཕྲུག་ཁག་ཅིག་གིས་དྲ་ལམ་བརྒྱུད་དེ་སློབ་ཆེན་ཁག་གི་འཛིན་སྐྱོང་རང་དབང་ཚོང་སྒྱུར་བྱེད་མི་ཆོག་པའི་མཚན་རྟགས་བསྡུ་རུབ་ཀྱང་བྱས་ཡོད། ཡིན་ནའང་ད་ཆར་ཐའེ་ཝན་སློབ་གསོ་སྡེ་ཁག་གིས། སློབ་ཆེན་ཁག་གིས་གསང་བའི་ཐོག་ནས་རྒྱ་ནག་གཞུང་ལ་མོས་མཉམ་འབྲེལ་བྱེད་བཞིན་པའི་གནད་དོན་དེ་སྣང་མེད་དུ་བཞག་འདུག
གཙུག་ལག་སློབ་ཆེན་ཁག་གི་འཛིན་སྐྱོང་གིས་སློབ་ཕྲུག་ཚོགས་པ་ཁག་གི་ཚོགས་མི་མིན་པའི་སློབ་ཕྲུག་ཚོ་ཐའེ་རྒྱ་གཉིས་བར་ཕར་གཏོང་ཚུར་གཏོང་བྱེད་པ་བརྒྱུད་དེ། རྒྱ་ནག་གཞུང་ལ་འབྲེལ་ལམ་འཛིན་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཐའེ་ཝན་གྱི་མཐོ་སློབ་ཁག་ཏུ་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར། སློབ་ཆེན་དེ་དག་གི་འཛིན་སྐྱོང་གིས་སློབ་ཕྲུག་ཇེ་མང་དུ་བཏང་སྟེ་སློབ་གཉེར་ཁང་མུ་མཐུད་འཛིན་སྐྱོང་བྱེད་པར་ཤུགས་རྒྱག་དགོས་སྟབས། སློབ་ཆེན་ཁག་གིས་རྒྱ་ནག་གཞུང་ལ་མཉམ་འབྲེལ་བྱེད་ཀྱིན་པ་དེ་ནི། ཐའེ་རྒྱ་གཉིས་བར་སློབ་ཕྲུག་གཏོང་རེས་ཡོང་ཆེད་ཐའེ་ཝན་སློབ་ཆེན་ཁག་གིས་རང་གི་འཛིན་སྐྱོང་དབང་ཆ་རྒྱ་ནག་གཞུང་ལ་བཙོང་བ་དང་གཅིག་མཚུངས་ཆགས་ཡོད།
ཐའེ་ཝན་སློབ་ཆེན་ཁག་གིས་ཁེ་བཟང་ཆེན་པོ་ཞིག་ལ་རེ་ལྟོས་བྱེད་ཀྱི་ཡོད་ཀྱང་། དོན་དངོས་སུ་ཐའེ་ཝན་ནང་རྒྱ་ནག་གི་སློབ་ཕྲུག་ཚོར་ཁེ་བཟང་མང་བ་འཐོབ་ཀྱི་ཡོད། ཐའེ་ཝན་སློབ་ཆེན་ཁག་གིས་འཛིན་སྐྱོང་རང་དབང་རྒྱ་ནག་ལ་བཙོང་བ་དེ་ནི། ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་ནག་གི་ཚོགས་སྡེ་ཁག་ལ་བཙོང་སྟེ། ཐའེ་ཝན་གྱིས་གསར་འགོད་རང་དབང་དང་སློབ་ཆེན་འཛིན་སྐྱོང་རང་དབང་གཉིས་ལ་གོང་ཚད་བརྒྱབ་པ་རེད།
ཐའེ་ཝན་ནང་གི་རྒྱ་ནག་གི་སློབ་ཕྲུག་དང་རྒྱལ་སྤྱིའི་སློབ་ཕྲུག་ཚོ་ཐའེ་ཝན་གྱི་ “མེ་ཏོག་ཉི་དགའི་ལས་འགུལ”དང་ “རང་དབང་སྤྱི་ཚོགས་ལས་འགུལ” སོགས་སུ་མཉམ་ཞུགས་བྱེད་དུ་བཅུག་སྟེ། མི་རབས་གསར་བ་ཚོར་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་ཧམ་སེམས་བཅངས་པའི་སྲིད་ཇུས་གསལ་སྟོན་བྱེད་དགོས།
རྒྱ་ནག་གཞུང་གིས་ཐའེ་ཝན་དང་སློབ་གསོའི་ཐད་ཀྱི་མཉམ་ལས་ལ་དོགས་ཟོན་བྱེད་པར་རྒྱུ་མཚན་ཆེན་པོ་ཡོད། དེ་ནི་ཉེ་ཆར་ཐའེ་ཝན་ནང་ཡོང་བའི་རྒྱ་ནག་གི་སློབ་ཕྲུག་ཁག་ཅིག་ཐའེ་ཝན་གྱི་མཚན་མཐུན་གཉེན་སྒྲིག་རང་དབང་ལས་འགུལ་ནང་མཉམ་ཞུགས་བྱས་པ་བརྒྱུད་དེ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད། འོན་ཀྱང་ཐའེ་ཝན་གཙུག་ལག་སློབ་ཆེན་ཁག་གིས་རྒྱ་ནག་གཞུང་ལ་མཉམ་འབྲེལ་བྱེད་དོན་གཙོ་བོ་ནི། རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཚོས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པས་ཡིན་ཡང་སྲིད།
ཐའེ་ཝན་གཙུག་ལག་སློབ་ཆེན་ཁག་གིས་གསང་བའི་སྒོ་ནས་པེ་ཅིན་གཞུང་ལ་མཉམ་འབྲེལ་བྱས་པའི་རྩོད་གླེང་ཐད། ཐའེ་ཝན་ཤེས་རིག་ལྷན་ཁང་གིས། ཐའེ་རྒྱ་གཉིས་བར་སློབ་ཕྲུག་བརྗེ་གཏོང་གི་ལས་རིམ་དེ་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན་ཡང་། སློབ་ཆེན་ཁག་གི་འཛིན་སྐྱོང་རང་དབང་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལུགས་བཤད་ཡོད། དེ་བཞིན། ཐའེ་ཝན་མི་མང་གི་ངོས་ནས་ཀྱང་། གཙུག་ལག་སློབ་ཆེན་ཁག་ནས་ཁོ་རང་ཚོའི་རང་དབང་རྒྱ་ནག་ལ་ཚོང་སྒྱུར་བྱེད་བཞིན་པའི་གནད་དོན་དེར་བཟོད་བསྲན་བྱེད་ཐབས་ཡོད་པ་མ་རེད།
དེ་རིང་ཧོང་ཀོང་རང་དབང་གསར་ལམ་ཐོག ཐའེ་ཝན་རང་བཙན་དོན་གཉེར་བ་བྷི་རེན་ཧྭི་ (Brian Hioe)ལགས་ཀྱིས་བརྩམས། པདྨ་རྒྱལ་གྱིས་བསྒྱུར།