བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༡༠༡ འཁོར་བའི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་བོད་སྨན་གྱིས་ཕན་ཆེན་པོ་ཐོགས་ཀྱི་ཡོད་པ་དེང་སང་ཡོངས་གྲགས་ཆགས་ཡོད་ཀྱང་ནམ་ཞིག་གནོད་པ་བྱུང་བའི་གནས་ཚུལ་དེ་འདྲ་སྤྱི་ཚོགས་ཐོག་ཁྱབ་སྲིད་པས་སྨན་གྱི་སྤུས་ཀ་ཡར་རྒྱས་གཏོང་བ་དང་ཚན་རིག་གི་ཞིབ་འཇུག་གྲུབ་དོན་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཡོལ་ཙམ་ལ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པའི་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་དང་། གཞན་ཡང་། བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱི་དབུས་སྨན་པ་རྣམ་པ་དང་དགེ་ལས་སློབ་ཕྲུག་བཅས་འཛོམས་འདུག
མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྨན་རྩིས་ཁང་གི་ཞབས་ལོ་ ༣༠ དང་ ༢༠ ལོན་པའི་ལས་བྱེད་རྒན་པ་ཁག་ཅིག་ལ་གཟེངས་བསྟོད་བྱ་དགའ་གནང་བ་དང་འབྲེལ། བོད་སྨན་དང་ཡོ་ག་སྐོར་གྱི་དཔེ་དེབ་ ༦ དབུ་འབྱེད་གནང་སོང་། དེ་བཞིན་འཕྲོད་བསྟེན་བཀའ་བློན་མཆོག་ནས་སྨན་སློབ་སྐབས་ ༡༨།༡༩ དང་། རྩིས་སློབ་སྐབས་ ༩།༡༠ ཡི་ལོ་འཁོར་རྒྱུགས་འབྲས་རྩེ་ཕུད་བུ་མོ་ ༡༡ དང་བུ་གཅིག དེ་བཞིན་ལོ་རེའི་རྩེད་ཕུད་སློབ་མ་དང་སྤྱི་པའི་རྒན་བདག་བཅས་ལ་ལག་འཁྱེར་དང་གཟེངས་བསྟོད་བྱ་དགའ་གནང་བ་དང་། བོད་ཀྱི་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཚན་ནས་དེང་དུས་དང་མཐུན་པའི་བོད་སྨན་རིགས་ ༤ གསར་དུ་བཟོ་བསྐྲུན་ལེགས་འགྲུབ་བྱུང་བ་དབུ་འབྱེད་བཅས་གནང་སོང་ལ། སྨན་རྩིས་ཁང་གི་ལས་སློབ་ཁག་ཅིག་གིས་མཉམ་གཞས་དང་སློབ་ཕྲུག་རྣམས་ཀྱིས་བོད་ཆོལ་ཁ་གསུམ་གྱི་ཆས་གོས་ཞབས་གཞས་གཟིགས་འབུལ་བཅས་ཞུས་སོང་།
དེ་ཡང་མཛད་སྒོའི་ཐོག་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲ་ཤིས་ལགས་ནས་ལས་བསྡོམས་མདོར་བསྡུས་ཤིག་སྙན་སྒྲོན་ཞུས་པ་ལྟར་ན། ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་ལ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་ཁོངས་སྡེ་ཚན་ ༡༡ དང་། རིག་གཞུང་ཁོངས་སྡེ་ཚན་ ༡༡ བཅས་སྡེ་ཚན་ ༢༢ དང་། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་ ༩ བཅས་ཡོད་འདུག་ལ། སྨན་པ་སྐྱེས་པ་ ༦༩ དང་། བུད་མེད་ ༤༩ བཅས་ཁྱོན་སྨན་པ་ ༡༡༨ དང་། འཕྲོད་བསྟེན་སྨན་པ་སྐྱེས་པ་ ༥ ། སྐར་རྩིས་པ་སྐྱེས་པ་ ༨ དང་བུད་མེད་ ༧ བཅས་ཁྱོན་ ༡༥། སྨན་སློབ་བུ་ ༤༣ དང་བུ་མོ་ ༤༠ བཅས་བསྡོམས་པའི་སྨན་སློབ་ ༨༣ དང་། སྐར་རྩིས་སློབ་ཕྲུག་བུ་ ༨ དང་བུ་མོ་ ༡༤ བཅས་ཁྱོན་ ༢༢། འཛིན་སྐྱོང་ལས་བྱེད་སྐྱེས་པ་ ༡༧༢ དང་། བུད་མེད་ ༡༥༨ ། འཛིན་སྐྱོང་ཆོད་གན་ལས་བྱེད་སྐྱེས་པ་ ༣༣ དང་བུད་མེད་ ༡༦ ། ལས་མི་སྐྱེས་པ་ ༣༡ དང་བུད་མེད་ ༤༤ བཅས་ཁྱོན་བསྡོམས་ལས་བྱེད་དང་སློབ་ཕྲུག་ ༦༩༧ ཡོད་པ་དང་། སྤྱིར་བཏང་ལས་བྱེད་མང་དུ་ཕྱིན་ཡོད་ཀྱང་ད་དུང་སྨན་པས་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
འདས་པའི་ལོ་ལྔ་ཡི་སྨན་རྩིས་ཁང་གི་སྤྱི་ཡོངས་ཀྱི་གནས་སྟངས་ལ་དཔྱད་བསྡུར་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༡།༢༠༡༢ ལོར་རྩིས་སྤྲོད་རྩིས་ལེན་སྐབས་སྨན་ཐོན་གྲངས་ས་ཡ་ ༣༧ དང་འདི་ལོར་ས་ཡ་ ༥༩ ཡིན་པ་དང་། ལོ་ལྔའི་གོང་རིན་ཆེན་རིལ་བུ་ཐོན་གྲངས་ས་ཡ་གཅིག་ཙམ་དང་ད་ལྟ་ས་ཡ་གཉིས་ཙམ། སྔོ་སྦྱོར་སྡེ་ཚན་ཁོངས་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ལོར་ཐོན་སྐྱེད་གྲངས་འབོར་འབུམ་གསུམ་དང་ཁྲི་མེད་དྲུག་སྟོང་ལྔ་བརྒྱ་བདུན་ཅུ་དོན་བརྒྱད་(༣༠༦༥༧༨) དང་། འདི་ལོར་འབུམ་དྲུག་དང་ལྔ་ཁྲི་དགུ་སྟོང་བརྒྱ་མེད་བཞི་བཅུ་(༦༥༩༠༤༠)། ལོ་ལྔའི་གོང་ལོ་རེའི་དངུལ་འབབ་ཧིན་སྒོར་ས་ཡ་ ༡༧.༢ དང་ད་ལྟ་ཧིན་སྒོར་ས་ཡ་ ༥༩.༣། ལོ་ལྔའི་གོང་ཐོན་སྐྱེད་རྣམ་གྲངས་ས་ཡ་ ༤༦ དང་ད་ལྟ་རྣམ་གྲངས་ས་ཡ་ ༥༧། སྨན་རྩིས་ལས་བྱེད་དང་ལས་མིའི་གསོལ་ཕོགས་ལོ་ལྔའི་གོང་དུ་ས་ཡ་ ༧༠.༧ དང་ད་ལྟ་ས་ཡ་ ༡༧༩.༢། སྨན་སྦྱིན་སོང་བ་དེ་སྔོན་ས་ཡ་ ༡༤.༥ ་དང་ད་ལྟ་ས་ཡ་ ༣༤། དེ་སྔ་སྨན་གྱི་ཡོངས་འབབ་ས་ཡ་ ༡༢༥.༧ དང་ད་ལྟ་ས་ཡ་ ༢༥༤.༧། སྔོན་ཆད་གསོ་རིག་ཐོན་དངོས་ཡོང་འབབ་ས་ཡ་ ༢༠.༦་དང་ད་ལྟ་ས་ཡ་ ༩༠.༦། དེ་སྔ་བརྟག་དཔྱད་ཡོང་འབབ་ས་ཡ་༡༡.༤ དང་ད་ལྟ་ས་ཡ་ ༢༥.༧། དངུལ་ཁང་གི་སྐྱེད་འབབ་ལོ་ལྔའི་གོང་ས་ཡ་ ༡༣.༢ དང་ད་ལོར་ས་ཡ་ ༡༥། རྩིས་སྤྲོད་རྩིས་ལེན་སྐབས་ལག་དངུལ་དང་དངུལ་ཁང་ནང་ཡོད་པ་སྒོར་ས་ཡ་ ༢༤༩.༩ དང་ད་ལྟ་ས་ཡ་ ༢༧༨.༦ ཡོད་པ་བཅས་གསལ་འདུག
ཡང་ཚེ་རིང་བཀྲ་ཤིས་ལགས་ཀྱིས་མ་འོངས་ལས་འཆར་དང་ལས་གཞི་གལ་ཆེན་རིགས་མཇུག་སྐྱོང་སྐོར་ངོ་སྤྲོད་གནང་སྐབས། སྨན་རྩིས་ཁང་ལ་སྨན་རྒྱུས་མ་འདང་བའི་དཀའ་ངལ་སེལ་ཆེད་བོད་དང་བལ་པོ། བོད་དང་རྒྱ་གར་ས་མཚམས་ཁུལ་དུ་སྨན་རྩྭ་འདེབས་འཛུགས་དང་། ཡུལ་མཐའ་འཁོབ་ཏུ་སྨན་པ་བསྐོ་འཇོག་བྱེད་པར་ས་གནས་འབྲེལ་ཡོད་ལྷན་དུ་གོ་སྡུར་གནང་བཞིན་ཡོད་པ། དེ་བཞིན་སྨན་པ་ཁག་ཅིག་ནས་ཆེད་དུ་ནད་རིགས་བྱེ་བྲག་པའི་ཐོག་མང་ཚོགས་ལ་གཏམ་བཤད་ཀྱི་འོད་སྡེར་བཟོ་འགྲེམས་གནང་འཆར་ཡོད་སྐོར་དང་། སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་འཕྲོད་བསྟེན་སྔོན་འགོག་ཐོག་འཐུས་ཤོར་ཕྱིན་པའི་བཀའ་ནན་པོ་ཕེབས་པ་ལྟར། བོད་ཀྱི་སྨན་རྩིས་ཁང་ནས་ནུས་ཤུགས་བསྒྲིལ་ཏེ་བརྗོད་གཞི་འདྲ་མིན་ཐོག་ཆེད་དམིགས་ཟབ་སྦྱོང་སྤྲད་པ་དང་། འཕྲོད་བསྟེན་སྔོན་འགོག་དང་བཅོས་ཐབས་སྐོར་གྱི་དཔེ་དེབ་འགྲེམས་སྤེལ་གནང་ཡོད་པ། གཞན་ཡང་། ༧གོང་ས་མཆོག་ནས་མ་འོངས་པར་རྒྱ་ནག་སྐམ་ས་ཆེན་མོའི་ནང་བོད་ཀྱི་གསོ་བ་རིག་པས་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་འཐོབ་སྲིད་པ་རེད་ཅེས་བཀའ་སློབ་ཕེབས་དོན་ལྟར། སྨན་རྩིས་ཁང་གིས་སྔོན་འགྲོའི་གྲ་སྒྲིག་ཏུ་རྒྱ་ཡིག་དྲ་རྒྱ་གསར་འཛུགས་བྱས་ཏེ་རྒྱ་ནག་སྐམ་སའི་གཙོས་ཧོང་ཀོང་དང་ཐའེ་ཝན་སོགས་འཛམ་གླིང་ཡུལ་གྲུ་ཁག་ནང་ཡོད་པའི་རྒྱ་ཡིག་ཤེས་མཁན་ཚོར་བོད་ཀྱི་སྨན་རྩིས་ཁང་ངོ་སྤྲོད་དང་བོད་ཀྱི་གསོ་བ་རིག་པར་རྒྱུས་མངའ་ཡོང་ཐབས་གནང་གི་ཡོད་པ་མ་ཟད། རྒྱ་ཡིག་ཤེས་མཁན་སྨན་པ་གཉིས་དང་། རྒྱ་ཡིག་མི་ཤེས་མཁན་སྨན་པ་གཉིས་བཅས་ཐའེ་ཝན་གཞུང་དང་སྒེར་གྱི་སྨན་ཁང་ནང་ཆེད་གཏོང་གིས་རྒྱ་སྨན་དང་སྐམ་ཁབ་ལ་སློབ་སྦྱོང་བྱེད་བཞིན་ཡོད་སྐོར་བརྗོད་སོང་།
འདས་པའི་ལོ་ལྔའི་ནང་ཕྱིའི་རྒྱལ་ཁབ་ཁག་ནང་བོད་ཀྱི་སྨན་རྩིས་ཞབས་ཞུ་ཁྱབ་སྤེལ་དང་དཔལ་འབྱོར་གྱི་རྒྱབ་རྟེན་གཟེངས་སུ་ཐོན་པ་བྱུང་ཡོད་སྐོར་ཁོང་གིས། བོད་ཀྱི་སྨན་རྩིས་ཁང་གི་སྨན་པར་ཕྱི་སྐྱོད་ལག་འཁྱེར་རག་མིན་གྱི་དཀའ་ངལ་ལ་བརྟེན། ཁ་ཆེའི་རྒྱལ་ཁབ་ཁ་ཤས་ནས་སྨན་པ་དང་འཕྲོད་བསྟེན་ལས་བྱེད་ ༤༠ ཙམ་དྷ་རམ་ས་ལར་ཡོང་སྟེ་ལོ་གསུམ་ཙམ་རིང་བོད་སྨན་ལ་སློབ་སྦྱོང་གནང་ཐུབ་ཡོད་ཀྱང་། ཁོང་ཚོ་ནང་ཆོས་ཞུ་རུ་འགྲོ་ཡི་ཡོད་པ་སོགས་ཀྱི་གླེང་གཞི་བྱུང་སྟེ་རྒྱུན་སྐྱོང་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ད་ལོར་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་བཞི་ཁ་ཆེའི་རྒྱལ་ཁབ་ཁག་ནང་ཕེབས་ཐུབ་པར་འབད་བརྩོན་གནང་རྒྱུ་དང་། གལ་ཏེ་དེ་ལྟར་མ་བྱུང་ན་ཨ་རིའི་ནང་ཡོད་པའི་སྨན་རྩིས་ཁང་གི་སྨན་པ་ཟུར་པ་གསུམ་བཞི་ཞིག་གཏོང་ཐབས་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཨ་རིའི་ཨེ་མོ་རི་མཐོ་སློབ་དང་བོད་ཀྱི་སྨན་རྩིས་ཁང་བར་གྱི་(Emory Tibet Medical Science Program)རོགས་རམ་ལས་གཞི་རྒྱ་ཆེ་རུ་བཏང་ཡོད་པ་མ་ཟད། ཨེ་མོ་རི་མཐོ་སློབ་སྨན་གྱི་གཙོ་འཛིན་དངོས་སུ་དྷ་སར་ཡོང་སྟེ་ཉིན་ཤས་རིང་བོད་སྨན་ལ་རྒྱུས་ལོན་དང་སློབ་ཕྲུག་ཆེད་གཏོང་གིས་བོད་སྨན་ལ་སློབ་སྦྱོང་གནང་ཡོད་པ་དང་། འདི་ལོར་སྨན་རྩིས་ཁང་གི་སྨན་པ་ ༦ ཨེ་མོ་རི་མཐོ་སློབ་ཏུ་སློབ་སྦྱོང་ཆེད་གཏོང་འཆར་ཡོད་པ་སོགས་བརྗོད་སོང་།
དེའི་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་ནས་༧གོང་ས་མཆོག་ནས་བཀའ་སློབ་གནང་བ་ལྟར་ནད་རིགས་སྔོན་འགོག་ཐད་སྔར་ལས་ཤུགས་རྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་གནང་དོན། གོང་དུ་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་ལས་བསྡོམས་ཞིབ་ཅིང་ཕྲ་བ་ཞིག་སྙན་སྒྲོན་ཞུས་གྲུབ་ཡོད་པ་དང་། འདས་པའི་ལོ་ལྔ་ནང་ཕྱག་ལས་ག་རེ་གནང་ཡོད་པ་དང་གྲུབ་འབྲས་ག་རེ་ཐོན་ཡོད་མེད། ལས་གཞི་དང་ལས་འཆར་ག་འདྲ་ཡིན་མིན་ཞིབ་ཕྲ་གསུངས་སོང་། འཕྲོད་བསྟེན་ལྷན་ཁང་གི་ངོས་ནས་དགའ་བསུ་དང་བསྔགས་བརྗོད་ཞུ་ཡི་ཡོད། ཡིན་ནའང་། ད་དུང་སྔར་ལྷག་ལས་དོན་ཐོག་ཤུགས་སྐྱོན་དགོས་སྐོར་འགན་འཛིན་མཆོག་ནས་གསུངས་པ་ལྟར། ང་ཚོའི་ངོས་ནས་རེ་བ་དང་ཡིད་ཆེས་བྱས་ནས་འགྲོ་ཡི་ཡོད་ཅེས་ཞུ་འདོད་བྱུང་། དེ་རིང་གི་ཉིན་མོ་འདི་སྨན་རྩིས་ཁང་དབུ་བརྙེས་པའི་ཉིན་མོ་ཞིག་ལ་ངོས་འཛིན་གྱིས་བརྩི་སྲུང་ཞུ་ཡི་ཡོད་པ་རེད། གོང་དུ་འགན་འཛིན་མཆོག་གི་གསུང་བཤད་ནང་ང་རང་ཚོའི་ཁོག་པའི་སྙིང་དང་ལྟ་བའི་མིག་ཟེར་ན་རེད། བླངས་དོར་ལམ་སྟོན་པ་ཟེར་ནའང་རེད། ང་རང་ཚོའི་མགོན་སྐྱབས་རིན་པོ་ཆེ་མཆོག་ནས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་མཛད་སྒོའི་ཐོག་བཀའ་ཕེབས་པ་དེ། ང་ཚོས་མ་འོངས་པར་ཕྱག་ལས་གནང་ཕྱོགས་དང་འབད་བརྩོན་གྱི་དམིགས་ཚད་འཛིན་ས་རང་བཞིན་གྱིས་ཆགས་བསྡད་ཡོད་སྟབས། ངས་དེ་རིང་གི་གོ་སྐབས་འདི་བཟུང་བའི་ཐོག་ནས་བསྐྱར་དུ་དེ་ནན་པོ་བྱས་ཏེ་ཞུ་འདོད་བྱུང་། ཞེས་དང་། སྨན་རྩིས་ཁང་གི་ངོས་ནས་དུས་ཡུན་ལོ་ངོ་ ༥༦ ནང་བོད་མིའི་ནད་རིགས་བཅོས་ཐབས་སླད་དུ་འབད་བརྩོན་རབ་དང་རིམ་པ་མང་པོ་ཞིག་གནང་ཡོད་ཀྱང་། དེང་སང་བོད་པའི་སྤྱི་ཚོགས་ནང་ནད་རིགས་ཚབས་ཆེན་དེ་འདྲ་འགོས་ཁྱབ་ཏུ་འགྲོ་ཡི་ཡོད་པ་ཟློག་ཐབས་དང་། འགོག་ཐབས་ཅི་ཡོད་ཐོག་ཤུགས་རྒྱག་རྒྱུ་དེ་སྐབས་བབ་ཀྱི་འོས་འགན་གལ་ཆེན་པོ་ཞིག་ཡིན་སྐོར་དང་། དེ་བཞིན་སྨན་རྒྱུའི་ཐད་མོས་པ་རང་གི་ཐོག་ནས་འགྲོ་བ་དེ་འདྲ་ཡོད་ཚེ་ང་རང་ཚོ་བོད་པ་རང་ལ་འགྲིག་འགྲོ་ཡི་ཡོད་ཀྱང་། ཕྱིའི་ཚན་རིག་པའི་ལྟ་སྟངས་ཀྱི་ཐོག་ནས་ཏག་ཏག་བསྡད་ཡོད་མེད་ཀྱི་དཀའ་ངལ་འཕྲད་སྲིད་པས་དེའི་ཐད་སྔར་ལྷག་ཐུགས་སྣང་གནང་དགོས་སྐོར་གསུངས་སོང་།
ཡང་ཁོང་གིས། སྨན་རྩིས་ཀྱི་ལོ་འཁོར་རྒྱུགས་འབྲས་ནང་ཨང་རིམ་ལེན་མཁན་བུ་གཅིག་མ་གཏོགས་གཞན་ཚང་མ་བུ་མོ་ཡིན་པ་དེར་དམིགས་བསལ་གྱིས་ཚོར་སྣང་བྱུང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ནས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་སྐོར་གསུངས་བསྡད་པ་དེར་དཔང་པོའི་ཚུལ་དུ་རྟགས་བསྟན་པ་ཞིག་ཡིན་ལ། ཧ་ཅང་ཡག་པོ་ཡིན་པས་བསྐྱར་དུ་འཚམས་འདྲི་ཞུ་རྒྱུ་དང་། ད་ལྟ་དཀའ་ལས་རྒྱག་བཞིན་ཡོད་པ་དང་མཐར་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་མཁན་དེའང་སློབ་མ་ཚོ་ཆགས་ཡོད་སྟབས། རྒྱུན་འཛིན་པའི་གནས་སྐབས་སུ་སོ་སོས་ཐོག་མར་ག་བ་ནས་སྐུ་ལས་བསྐྱོན་ཡོད་པ་དང་། གང་ནས་ཡར་ལངས་པ་རེད། གོ་སྐབས་སུས་བཟོས་པ་རེད་དེ་ཚོ་ཚང་མ་སེམས་ལ་བཅངས་པའི་ཐོག་ནས་ཚུར་སྤྱི་ཚོགས་ནང་ཁ་ཕྱོགས་ཏེ་ཞབས་ཞུ་ཞུ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
མཇུག་ཏུ་སྲིད་སྐྱོང་མཆོག་ནས་ཉེ་སྔོན་འགན་འཛིན་ལྷན་ཚོགས་ཐོག་ཚེ་རིང་བཀྲ་ཤིས་ལགས་བསྐྱར་དུ་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་གནང་བ་དང་འབྲེལ་ཁོང་གིས། དེང་སང་བོད་པའི་སྨན་པར་སྟོན་རྒྱུ་ཡིན། བོད་སྨན་གྱིས་ཧ་ལས་པ་ཕན་གྱི་འདུག་ཟེར་བ་དེ་ཡོངས་གྲགས་ཆགས་བསྡད་ཡོད་ཀྱང་། སྔ་ཕྱི་མ་གཏོགས་ནམ་ཞིག་ལ་སྨན་གྱི་སྤུས་ཀ་སྐྱོ་བོ་ཆགས་ཏེ་གནོད་པ་བྱུང་བའི་རྐྱེན་གྱིས་གསར་འགྱུར་བརྒྱུད་ལམ་དེ་འདྲར་ཁྱབ་བསྒྲགས་ཆེན་པོ་ཕྱིན་པ་དང་། བོད་སྨན་བཟའ་ན་གནོད་ཆེ་ཡི་རེད་དཱ་ཟེར་བ་ཞིག་བྱུང་ན་སྨན་རྩིས་ཁང་ལ་རང་བཞིན་གྱིས་མིང་ཆད་ཡོང་བ་དང་། སྨན་པ་ཡིན་ནའང་བོད་པའི་སྨན་པར་སྟོན་རྒྱུ་ཡོད་པ་མ་རེད། ཁོ་ཚོས་རྩ་ལ་བལྟས་ཏེ་ཚོད་དཔག་རང་བྱེད་ཀྱི་འདུག་མ་གཏོགས་དངོས་གནས་ན་ཚ་དེ་བཅོས་ཐུབ་ཀྱི་མི་འདུག་ཟེར་བ་དེ་འདྲ་མ་འོངས་པར་ཡོང་སྲིད་པ་རེད། དེང་སང་སྤྱི་ཚོགས་དྲ་ལམ་བསླེབས་བསྡད་ཡོད་པས་ཁྱབ་བསྒྲགས་དེ་འདྲ་ཕྱིན་ན་ཉེན་ཁ་ཆེན་པོ་ཡོད་པར་བརྟེན། ད་ལྟ་བར་དུ་བོད་སྨན་གྱི་སྤུས་ཀ་ཡར་རྒྱས་བཏང་བ་དེ་སྔར་ལས་ལྷག་སྤུས་ཀ་ཡར་རྒྱས་གཏོང་ཐུབ་པ་དང་། ཚན་རིག་གི་ཐོག་ནས་ཀྱང་བརྟག་དཔྱད་བྱས་པ་ཡིན་ལ་དེ་ཕན་ཐོགས་བྱེད་ཅིག་རེད་ཅེས་སྨན་གསར་པ་དེ་འདྲ་བཟོ་བར་འབད་བརྩོན་གནང་དགོས་པ་རེད། ཅེས་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས། སྨན་པ་ག་ཚོད་ཀྱིས་སྐད་གྲགས་ཆེན་པོ་ཡིན་ནའང་རྣམ་འགྱུར་དང་སྐད་ཆ་བཤད་སྟངས། ཡ་ལན་བྱེད་སྟངས། བསླབ་བྱ་རྒྱག་སྟངས་བཅས་རྩུབ་པོ་དང་དུས་ཚོད་མེད་མདོག་མདོག་བྱས་པ་ཡིན་ན། སྨན་པ་སྐད་གྲགས་ཆེན་པོ་ག་འདྲ་ཡིན་ནའང་རྣམ་རྟོག་ཏོག་ཙམ་ཟ་ཡི་འདུག་གཱ། འདིས་ང་ལ་ཡག་པོ་ལྟ་ཡི་ཡོད་ས་མ་རེད་བསམ་པ་ཡོང་གི་རེད། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་ཚོའི་ཁྱད་ཆོས་ཆེ་ཤོས་དེ་ག་རེ་རེད་ཟེར་ན། མི་དང་མིར་འབྲེལ་བ་བྱས་ཏེ་རྩ་ལ་ལྟ་བ་དང་བསླབ་བྱ་རྒྱག་དགོས་པ་རེད་ལ། བཀའ་མོལ་གནང་སྟངས་ཡིན་ནའང་འཇམ་པོའི་ཐོག་ནས་བྱམས་སེམས་གཞིར་བཞག་སྟེ་གནང་རྒྱུ་དེ་ཧ་ལས་པའི་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་དང་། དེང་སང་ནུབ་ཕྱོགས་ཀྱི་སྨན་པ་མང་ཆེ་བས་སྨན་པ་དང་ནད་པའི་འབྲེལ་བ་དེ་དུས་ཚོད་ཉུང་དྲགས་པ་དང་རྩུབ་པོ་འདྲ་ཆགས་ཡོང་དུས་རང་བཞིན་གྱིས་ཡིད་ཆེས་ཏོག་ཙམ་ཉུང་དུ་འགྲོ་ཡི་འདུག་ཟེར་གྱི་ཡོད་པ་རེད། ང་ཚོའི་སྨན་པ་ཚོས་ག་དུས་ཡིན་ནའང་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བྱམས་སྙིང་རྗེ་གཞིར་བཞག་གིས་ནད་པར་ལྟ་སྐྱོང་དགོས་པ་དེ་ངེས་པར་དུ་སེམས་ལ་ཉར་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། དེང་སང་སྨན་པ་ཇེ་མང་ཇེ་མང་དུ་སོང་སྟེ་འགྲན་སྡུར་གྱི་རྣམ་པ་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། བོད་པའི་སྨན་པ་ཚོའི་ངོས་ནས་སྔར་ལྷག་འབད་བརྩོན་དགོས་སྐོར་སོགས་གསུངས་སོང་།
གསར་འགོད་པ། པདྨ་མཚོ།
སྨན་པ་མང་པོ་ཐོན་གྱི་ཡོད་ཀྱང་གཞིས་བྱེས་གཉིས་ཀར་རྒྱུད་གསུམ་བློ་འཛིན་བགྱིས་ཏེ་ངག་རྒྱུགས་འབུལ་མཁན་གྱི་གྲངས་ཉུང་རུ་ཉུང་རུ་འགྲོ་བ་ལ་དཔགས་ན་བརྒྱ་ཆ་ཉི་ཤུ་རྩ་ལྔ་ལོངས་ཀྱི་ཡོད་བཟོ་མི་འདུག