ཁ་སང་༧གོང་ས་མཆོག་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་ཐོག་མར་བཙན་བྱོལ་དུ་ཕེབས་སྐབས་བོད་དང་རྒྱ་གར་ས་མཚམས་ནས་སྐུ་སྲུང་ཕེབས་བསུ་ཞུ་མཁན་ཨ་སམ་གྱི་དམག་མི་ནཱ་རིན་ཅན་ཌིར་ཌཱ་སི་(Naren Chandra Das)ལགས་ལ་ཐུགས་དགྱེས་ཚོར་ཆེན་པོས་མཇལ་ཁ་གནང་འདུག
༧གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་རྒྱ་གར་བྱང་ཤར་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། ཉིན་དེའི་ཉིན་གུང་ཙམ་ལ་ཨ་སམ་མངའ་སྡེའི་དབྱིན་ཡིག་གསར་ཤོག་ཐོག་མ་ཨ་སམ་ཊིར་བྷུན་(Assam Tribune)བཙུགས་ཏེ་ལོ་ ༧༥ འཁོར་བ་དང་། ཌཱ་ནིག་(Danik )གསར་འགྱུར་ཁང་བཙུགས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བསྩལ་ཡོད་པ་དང་། མཛད་སྒོའི་ཐོག་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སོ་ནོ་ཝལ་(Sarbananda Sonowal )མཆོག་དང་། མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བྷན་ཝ་རི་ལ་ལ་པཱ་རོ་ཧི་( Banwarilala Purohit ལགས་སོགས་མི་ ༢༡༠༠ ལྷག་འཛོམས་ཡོད་འདུག
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་སྐབས། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དེས་ང་ཚོ་ཚང་མའི་སེམས་ནང་ཧ་ཅང་དགའ་ཚོར་སྐྱེས་བྱུང་། དེ་ནི་གཙོ་བོ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཆེ་བའི་ཡོན་ཏན་ཡིན། ང་རང་སྒེར་ལ་མཚོན་ན་དེ་རིང་གི་མཛད་སྒོར་བཅར་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མདུན་ནས་མཇལ་ཁ་ཞུ་རྒྱུ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཟང་སྤྱོད་དང་འབྲེལ་བའི་བཀའ་སློབ་དེ་དག་གཞི་རྩར་བཟུང་ནས་ཨ་སམ་མངའ་སྡེའི་འཛིན་སྐྱོང་ལས་དོན་གཙོ་བོར་གྱུར་བའི་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་སླད་ང་ཚོས་འབད་བརྩོན་གང་ཡོང་ཞུ་དགོས་པ་ཆགས་ཡོད། གང་ཡིན་བརྗོད་ན་ང་ཚོའི་མངའ་སྡེའི་ནང་གཙོ་བོ་མི་བཟང་སྤྱོད་ལྡན་པ་དགོས་རྒྱུ་ དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། གལ་ཏེ་དེ་ལྟར་བྱུང་ཐུབ་ཚེ་མངའ་སྡེའི་ནང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་ངེས་ རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་ཞི་བདེའི་དེད་དཔོན་ཞིག་ཡིན་པ་ཡོངས་གྲགས་རེད། ཅེས་སོགས་གསུངས་ཡོད་འདུག
དེའི་རྗེས་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ཚུལ་གསུངས་པ་དེར་གང་འདྲ་ ཡིན་ནམ་སྙམ་པའི་ཐེ་ཚོམ་ཡོད་ཀྱང་། ངོས་རང་འགྲོ་བ་མི་ཞིག་ཡིན་པ་བརྒྱ་ཆ་བརྒྱ་ནས་བརྒྱ་ཡིད་ཆེས་ཡོད། ངོས་རང་ལོ་ན་ཚོད་རྒས་ཡང་རིག་པ་གྲུང་པོ་ཡོད། དེ་ནི་གཙོ་བོ་ངོས་རང་གཅིག་གི་སྤྲུལ་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་མིན། དེ་ནི་གཙོ་བོ་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་སྐབས་གསུང་ཚད་ཐམས་ཅད་ཡིན་པ་རེད། ཅེས་ཆ་མ་བཞག་པར་དེ་ལྟར་ཡིན་པའི་དགོས་པ་གང་ཡིན། རྒྱུ་མཚན་གང་ཡིན། ཞེས་བརྟག་དཔྱད་བྱས། རིག་པས་བརྡར་ཤ་བཅད་དེ་རྩོད་པ་བྱས་ནས་ཕྱིན་པ་དེའི་དྲིན་ལ་བརྟེན་ནས་རེད། ཅེས་གསུངས་འདུག
ཡང་ཊིར་བྷུན་གསར་ཤོག་ཐོག་བཀོད་པའི་གནས་ཚུལ་དང་འབྲེལ་ཏེ་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བའི་སྐོར་ལ་༧གོང་ས་ མཆོག་གིས། དེ་རིང་གཙོ་བོ་གསར་ཤོག་འདི་དབུ་བརྙེས་ནས་མི་ལོ་ ༧༥ འཁོར་བ་དང་། དེ་རིང་གི་གསར་ཤོག་འདི་རེད། འདིའི་ནང་དུ་ངོས་རང་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས་ངོས་ཀྱི་ཨ་མ་ལགས་དང་གཅེན་མོའི་པར་འདུག ཅེས་དང་། ང་ཚོ་ལྷ་ས་ནས་བྲོས་བྱོལ་དུ་ཡོང་བའི་ཉིན་ཏེ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༧ ཉིན། ངོས་ནས་རང་སྲོག་ལ་མ་འཛེམས་པར་བྲོས་བྱོལ་དུ་ཡོང་བ་དང་། སྐབས་དེར་ང་ཚོའི་བསམ་བློའི་ནང་ང་ཚོ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་འབྱོར་མཚམས་རྒྱ་ནག་དང་ལྷན་སྐད་ཆ་བཤད་ནས་འགྲིག་འཇག་ཡོང་རྒྱུའི་རེ་བ་བྱས་པ་རེད། ངོས་རང་ལྷ་ས་ནས་ཕྱི་ཚེས་ ༡༧ དགོང་མོར་བྲོས་པ་ཡིན། ཕྱི་ཚེས་ ༢༠ སྔ་དྲོར་རྒྱ་ནག་གཞུང་གིས་ལྷ་སར་འབར་རྫས་ཀྱིས་གཏོར་རྒོལ་བཏང་བར་བརྟེན། སྐད་ཆ་བཤད་ནས་འགྲིག་འཇགས་ཡོང་བ་བྱ་རྒྱུའི་རེ་བ་སྟོང་ཟད་དུ་ཕྱིན་པ་རེད། ངོས་རང་རྒྱ་གར་ས་མཚམས་སུ་འབྱོར་སྐབས་རྒྱ་གར་གཞུང་གིས་ས་མཚམས་ནང་འཛུལ་བཅུག་ཨེ་ཡོང་བསམས་པའི་དོགས་པ་བསྐྱེས་སྟབས། ངོས་ཀྱི་ལས་བྱེད་གཉིས་རྒྱ་གར་ས་མཚམས་སུ་བཏང་བ་དང་། ལས་བྱེད་ཁག་གཅིག་འབྲུག་ས་མཚམས་སུ་བཏང་བ་ཡིན། རྒྱ་གར་ཕྱོགས་སུ་བཏང་བའི་ལས་བྱེད་ཚོ་ཕྱིར་ལོག་ནས་རྒྱ་གར་གཞུང་གིས་ངོས་རང་རྒྱ་གར་ནང་ཕེབས་རྒྱུར་ཆོག་མཆན་ཡོད་སྐོར་བརྗོད་དེ། རྒྱ་གར་ས་ཐོག་ཏུ་འཛུལ་ནས་ཀེན་ཛ་མ་ནིར་འབྱོར་སྐབས་ངོས་ཀྱི་གྲོགས་པོ་རྙིང་པ་ སྐུ་ཞབས་མེ་ནོན་ (Menon )དམ་པ་ཁོང་དང་ཨ་ཊུག་བྷ་བྷུ། ཡ་ཝ་ཀ་ཛི་བཅས་ཕེབས་འདུག ཁོང་ཚོ་དང་མཇལ་སྐབས་ཁོང་ཚོའི་སེམས་ནང་ལྷོད་ཤིག་ཤིག་ཆགས་སོང་བའི་རྣམ་པ་མངོན་ བྱུང་། རྒྱ་གར་བྱང་ཤར་ས་ཁུལ་དུ་འབྱོར་སྐབས་ངོས་ལ་རང་དབང་ཐོབ་པའི་སེམས་ཚོར་ཞིག་ བསྐྱེད་བྱུང་། སྐབས་དེར་ས་མཚམས་ས་ཁུལ་ཁག་གི་གཞུང་འབྲེལ་སྣེ་ལེན་གནང་སྐབས་ཁོང་ཚོས་ལྷག་བསམ་རྣམ་དག་ཐོག་ནས་ངོས་ལ་སྣེ་ལེན་གནང་བྱུང་། སྐབས་དེ་ནས་ངོས་ཀྱི་མི་ཚེའི་ནང་གི་ལིའུ་གསར་པ་ཞིག་འགོ་བཙུགས་པ་རེད། ཅེས་སོགས་གསུངས་འདུག
ཕྱི་ཚེས་ ༢ ཉིན་ཨ་སམ་གྱི་རྒྱལ་ས་གྷོ་ཝ་ཧ་ཊི་ (Guwahati)རུ་༧གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་ མང་ཨ་སམ་གྱི་སྐད་ཡིག་ནང་ཕབ་བསྒྱུར་ཞུས་ཡོད་པ་དབུ་འབྱེད་དང་། ཨ་སམ་མངའ་སྡེ་གཞུང་ནས་གོ་སྒྲིག་གནང་བའི་ཡར་ཀླུང་གཙང་པོའི་དུས་སྟོན་ (Namami Brahmaputra)ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བསྩལ་ཡོད་པ་དང་། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཡར་ཀླུང་གཙང་པོའི་དུས་སྟོན་ཐོག་ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་གི་དབུས་བོད་མི་རྣམས་རྒྱ་གར་ནང་ཐོག་མར་བཙན་བྱོལ་དུ་ཕེབས་སྐབས། རྒྱ་གར་གྱི་ས་མཚམས་ནས་སྐུ་འཁོར་དང་བཅས་བདེ་འཇགས་ངང་རྒྱ་གར་ནང་ཕེབས་བསུ་ཞུ་མཁན། ཉེན་སྲུང་དམག་མི་རྒན་པ་ནཱ་རིན་ཅན་ཌིར་ཌཱ་སི་(Naren Chandra Das)ལགས་ལ་ཐུགས་དགྱེས་ཚོར་ཆེན་པོས་མཇལ་ཁ་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་ནས་ལོ་ངོ་ ༥༨ ཀྱི་ཡར་སྔོན་དུ་ངོས་ལ་ཉེན་སྲུང་དང་བསུ་མ་གནང་མཁན་ཨ་སམ་གྱི་ཉེན་སྲུང་དམག་མི་འདི་འདྲ་རྒན་པ་ཞིག་ལ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། ཞེས་གསུངས་འདུག
སྐུ་སྲུང་དམག་མི་དེས་གསར་འགོད་པར། ལོ་ངོ་ཧ་ཅང་མང་པོའི་རྗེས་སུ་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་སྐོར་བརྗོད་པ་དང་འབྲེལ། ཕྱི་ལོ་ ༡༩༥༩ ལོར་ཁོང་ཨ་རུ་ནཱ་ཅལ་གྱི་གྲོང་སྡེ་ལུམ་ལཱ་(Lumla )རུ་བཞུགས་ཡོད་པ་དང་། ཉིན་ཞིག་གི་མཚན་མོའི་ཆུ་ཚོད་ ༣ པ་ཡས་མས་སུ། དམག་དཔོན་གྱིས་གློ་བུར་དུ་ཁོང་ཚོ་གཉིད་ལས་བསླངས་ཏེ། མགྱོགས་པོར་ཞོགས་ཟས་ཟ་དགོས་པ་དང་། ཉིན་གུང་གི་ཟ་མ་ཐུམ་བུར་རྒྱག་དགོས་པའི་བཀའ་བརྡ་བསྒྲགས་ཡོད་པ་དང་། དེ་ནས་དམག་སྡེའི་བཀོད་འདོམས་པ་ནག་ཌེ་བྷ་སིན་གུ་རུང་(Naik Debu Singh Gurung)ལགས་ཀྱིས་སྣེ་འཁྲིད་དེ། ཁོང་ཚོ་ཉེན་སྲུང་དམག་མི་དྲུག་གིས་མེ་མདའ་འཁུར་ཏེ་ཤཱག་ཊི་( Shakti )རུ་ལམ་ལ་ཆས་ཤིང་། ལམ་བར་དུ་འགྲོ་ལམ་དང་འཕྲུལ་འཁོར་རིགས་མེད་ལ། ཐ་ན་སྒྲ་སྡུད་ཀྱི་བརྡ་རྟགས་ཀྱང་མེད་པ་དང་། ཤཱག་ཊི་རུ་རྐང་པ་བརྒྱབ་སྟེ་ཕྱིན་ན་ཉིན་གཉིས་འགོར་གྱི་ཡོད་ཀྱང་ཁོང་ཚོ་ཉིན་གཅིག་གི་ནང་ཤཱག་ཊི་རུ་བདེ་འབྱོར་བྱུང་ཞིང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་གྱི་ཐོ་རངས་ཆུ་ཚོད་ ༦ པ་ཡས་མས་སུ། ༧གོང་ས་མཆོག་དང་ཁོང་གི་སྐུ་སྲུང་བ་ ༢༠ ལ་སྲུང་བྱ་ཕེབས་བསུ་ཞུས་ཏེ་ཕྱིར་ལོག་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ་ལུམ་ལཱ་རུ་བདེ་འབྱོར་བྱུང་། སྐབས་དེར་ཁོང་ཚོ་ལོ་ན་གཞོན་པས་ལམ་བར་ཧྲིལ་པོར་རྒྱུགས་འདུར་གྱིས་༧གོང་ས་མཆོག་གི་ཆིབས་རྟའི་རྗེས་ཆོད་ཐུབ་པ་ཞུས་ཡོད་སྐོར་སོགས་བརྗོད་འདུག
སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། དེ་རིང་སྔ་དྲོར་(Dibrugarh University) མཐོ་སློབ་ཏུ་༧གོང་ས་མཆོག་ནས་བཀའ་སློབ་གནང་ཡོད་པ་དང་། སང་ཉིན་ལུམ་ལཱ་རུ་ལྷ་ཁང་རབ་གནས་མཛད་རྒྱུ། ཕྱི་ཚེས་ ༥ ནས་བཟུང་མོན་རྟ་དབང་དང་ཌེ་རང་(Dirang)། འབུམ་སྡེ་ལ། མ་ན་ལི་སོགས་སུ་རིམ་གྱིས་ཆོས་འབྲེལ་གནང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།