ཉིན་རེའི་གློག་འཕྲིན་གྱིས་ ༢༠༡༧།༤།༢༧ ཉིན་སྤེལ།
ཨ་རིའི་ཊཀ་སི་གཙུག་ལག་སློབ་གྲྭ་(University of Texas)ཆེན་མོས་ཉམས་ཞིབ་བྱས་པ་བརྒྱུད་དེ། འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་མཐོ་སྒང་དུ་འཚོ་སྡོད་བྱས་པའི་བོད་མི་རིགས་ཀྱི་གཟུགས་པོའི་ནང་དུ་ཐུན་མོང་མ་ཡིན་པའི་རྒྱུད་རྒྱུ་(Denisovans)ནུས་པ་ཁྱད་པར་ཅན་ཞིག་ཡོད་པ་ཤེས་རྟོགས་བྱུང་།
༡། རྒྱུད་རྒྱུ་གཉིས་ཡོད་པར་བརྟེན་ཏེ་བོད་མིའི་ཟུངས་ཁྲག་གི་འཁོར་རྒྱུག་ལ་གློ་བ་བརྒྱུད་ནས་སྲོག་འཛིན་རླུང་མཁོ་སྤྲོད་བྱེད་ཀྱི་ཡོད།
༢། བོད་མི་ཚོར་འཚོ་བཅུད་ (D) མེད་ནའང་ཁྱད་འཕགས་རྒྱུད་རྒྱུར་བརྟེན་ཏེ་འཚོ་བཅུད་ (D) ཡི་ཚབ་བྱེད་ཐུབ་པའི་འཚོ་བཅུད་གཞན་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད།
༣། རྒྱུད་རྒྱུ་གཞན་དེ་ནི་ (Denisovans) ཞེས་པ་དེ་ཡིན་པ་དང་། རྒྱུད་རྒྱུ་དེ་ད་ཆར་འགྲོ་བ་མིའི་རིགས་གཞན་ལ་མེད།
༤། བོད་མི་རིགས་ཀྱི་རྒྱུད་རྒྱུའི་མེས་པོ་དེ་དག་ལོ་ངོ་ ༥༠༠༠༠ སྔོན་གྱི་རིགས་རྒྱུད་ཅིག་ལས་མཆེད་པ་རེད།
གྲང་ངར་ཆེ་བའི་རི་བོ་ཧི་མ་ལ་ཡའི་འདབས་རོལ་དུ་འཚོ་སྡོད་བྱས་པའི་བོད་མི་ཚོར་སྲོག་འཛིན་རླུང་གི་ཐོན་ཁུངས་ཉུང་བ་དང་། ས་སྐམ་ཞིང་གནམ་གཤིས་གྲང་ངར་ཆེ་བ་སོགས་རང་བྱུང་ཁམས་ཀྱི་དཀའ་ངལ་ཆེན་པོ་ཡོད།
ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ད་ཆར་གནམ་གཤིས་གྲང་ངར་ཆེ་བའི་གནས་སྟངས་འོག་བོད་མི་ཚོའི་གཟུགས་པོའི་ནང་ཁྱད་དུ་འཕགས་པའི་རྒྱུད་རྒྱུ་ལྔ་ལྷག་འཕེལ་རྒྱས་བྱུང་ཡོད་འདུག
རྒྱུད་རྒྱུ་དེ་དག་ཁྲོད་ཀྱི་གཅིག་ནི་ (Denisovans) ཞེས་པ་དེ་ཡིན་པ་དང་། ད་ཆར་བོད་མིའི་གཟུགས་པོའི་ནང་ཡོད་པའི་རྒྱུད་རྒྱུ་དེ་ནི་འགྲོ་བ་མིའི་རིགས་གཞན་དག་ལ་མེད་པར་མཐོ་སྒང་དུ་འཚོ་སྡོད་བྱས་པའི་བོད་མི་ཁོ་ནར་ཡོད་པའི་ཐུན་མོང་མ་ཡིན་པའི་རྫས་རྒྱུན་ཁྱད་པར་བ་ཞིག་ཡིན་པ་དང་། རྒྱུད་རྒྱུ་དེ་ལོ་ངོ་ ༤༠༠༠༠ ནས་ ༥༠༠༠༠ སྔོན་ལ་བྱུང་བའི་རིགས་རྒྱུན་ཞིག་ཡིན་འདུག
བོད་མི་ཚོའི་གཟུགས་པོའི་ནང་རྒྱུད་རྒྱུ་ཐུན་མོང་མ་ཡིན་པ་དེ་ཡོད་དོན་ནི། བོད་མི་ཚོ་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྐམ་སའི་མཐོ་སྒང་དུ་འཚོ་སྡོད་བྱས་ཤིང་། བོད་མི་འཚོ་གནས་བྱེད་སའི་མཐོ་སྒང་དུ་སྲོག་འཛིན་རླུང་ཉུང་བ་དང་གྲང་ངར་ཆེ་བ། གློག་དང་བཟའ་བཅའ་སོགས་ཀྱི་ཐོན་ཁུངས་ཞན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱས་པའི་བརྒྱུད་རིམ་ཁྲོད། རང་སྟོབས་ཀྱི་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ལ་བརྟེན་ཏེ་རྒྱུད་རྒྱུ་དེ་ག་ལེར་འཕེལ་རྒྱས་བྱུང་ཞིག་ཡིན་འདུག
ཊ་ཁི་སེ་སི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་པས་བོད་མིའི་རྒྱུད་རྒྱུ་མི་འདྲ་བ་ ༢༧ ལས་དགེ་མཚན་ཆེ་བའི་རྒྱུད་རྒྱུ་ཁག་ཅིག་ལ་ཞིབ་འཇུག་བྱས་ཤིང་།ཁོ་ཚོས་ཞིབ་འཇུག་བྱས་པ་བརྒྱུད་དེ་ས་བབ་དམའ་སར་འཚོ་བའི་མི་རིགས་གཞན་ལ་མེད་པའི་ཁྱད་འཕགས་ཀྱི་རྒྱུད་རྒྱུ་ཁག་ཅིག་བོད་མིར་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁྱད་འཕགས་རྒྱུད་རྒྱུ་དེས་བོད་མིའི་ཟུངས་ཁྲག་ལ་འཚོ་བཅུད་ (D) ཡི་སྲོག་འཛིན་རླུང་མཁོ་སྤྲོད་ལ་རམ་འདེགས་བྱེད་ཐུབ་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད་འདུག
ཞིབ་འཇུག་ལས་ད་དུང་མཐོ་སྒང་དུ་འཚོ་བའི་མི་ལ་འཚོ་བཅུད་(EPAS1) དང་ (EGLN1) ཡོད་པའང་ཤེས་རྟོགས་བྱུང་ཡོད་པ་དང་། བོད་མིའི་ཁྱད་འཕགས་རྒྱུད་རྒྱུ་དེ་ནི་འཚོ་བཅུད་ (EPAS1) སོགས་མིན་པར། དེ་ནི་གནའ་བོའི་ (Denisovan) འགྲོ་བ་མིའི་རིགས་རྒྱུད་ཅིག་ལས་བྱུང་བ་ཞིག་ཡིན་འདུག ཡིན་ནའང་ཞིབ་འཇུག་པས་ས་བབ་མཐོ་སྒང་དུ་འཚོ་སྡོད་བྱེད་མཁན་གནའ་བོའི་རིགས་རྒྱུད་གཞན་དག་རྒྱུད་རྒྱུ་ (Denisovan) མིན་པ་ཤེས་རྟོགས་བྱུང་ཡོད་པ་རེད།
མི་རིགས་གཞན་པར་མེད་པའི་རྒྱུད་རྒྱུ་ (Denisovan) དེ་ནི་ལོ་ངོ་ ༥༠༠༠༠ སྔོན་གྱི་བོད་མིའི་མེས་པོ་ལས་བྱུང་བ་ཞིག་ཡིན་འདུག
བོད་མིའི་རྒྱུད་རྒྱུ་དེ་ནི་ཤ་གནད་ (superathlete) ཅེས་པའི་རྒྱུད་རྒྱུ་ལས་བྱུང་བ་ཞིག་ཡིན་པར་ཁུངས་གཏུགས་བྱས་འདུག དེ་ནི་ས་བབ་དམའ་སའི་མི་རིགས་གཞན་གྱི་རྒྱུད་རྒྱུ་ལས་ར་སྤྲོད་བྱུང་ཡོད་པ་དང་། རྒྱུད་རྒྱུ་དེ་རིགས་ཀྱི་ཁག་ཅིག་གིས་རྩེད་འགྲན་པར་ཁྲག་དམར་སྤྲིན་དཀར་ (haemoglobin) དང་ཟུངས་ཁྲག་འཁོར་རྒྱུག་གི་སྲོག་འཛིན་རླུང་ (oxygen) སོགས་མཁོ་འདོན་བྱེད་ཀྱིན་ཡོད་པ་རེད།
ཞིབ་འཇུག་ཚོགས་པ་དེས་ད་དུང་སྲོག་རླུང་ཉུང་བའི་རྒྱུད་རྒྱུ་དང་འབྲེལ་བའི་འཚོ་བཅུད་ (PTGIS) དང་ (KCTD12) གཉིས་གསར་རྟོགས་བྱུང་བ་མ་ཟད། འཚོ་བཅུད་ (D) ཡི་ནང་གི་ (VDR) རིགས་སྣ་ཚོགས་ཡོད་པ་དང་། གཅིག་བྱས་ན་འཚོ་བཅུད་དེ་དག་གིས་འཚོ་བཅུད་ (D) ཡི་ནུས་པ་མཐོར་འདེགས་གཏོང་གི་ཡོད་པ་དང་། སྤྱིར་འཚོ་བཅུད་དེ་བོད་པའི་འབྲོག་པར་ཡོད་པ་ཞིག་ཡིན་འདུག
དེར་མ་ཟད། དབྱེ་ཞིབ་ལས་ད་དུང་ལོ་ངོ་སྟོང་ཕྲག་ ༤༤ ནས་ ༥༨ སྔོན་ལ་རྒྱ་ནག་ཧན་མི་རིགས་དང་བོད་མི་རིགས་གཉིས་ཁ་ཁ་སོ་སོ་ཡིན་པའང་བསྟན་ཡོད། ད་ལྟའི་བོད་མིར་ཡོད་པའི་རྒྱུད་རྒྱུ་དེ་ནི་ཐོག་མ་ལོ་ངོ་ ༩༠༠༠ ཡར་སྔོན་དུ་དར་འཕེལ་བྱུང་ཡོད་པ་ཞིག་རེད།
ཞིབ་འཇུག་པས་བོད་མིའི་མི་གྲངས་འཕེལ་རིམ་གྱི་ལོ་རྒྱུས་དང་། བོད་མི་ཚོས་ས་བབ་མཐོ་སྒང་གི་འཚོ་བར་གདོང་ལེན་བྱས་ཏེ་འཚོ་གནས་བྱས་པའི་བརྒྱུད་རིམ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད།
ཁ་ལེ་ལྷོར་ནེ་ཡ་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་ལས་རོགས་མཁས་དབང་སེ་མོན་སོན་ (Dr Tatum Simonson) ལགས་ཀྱིས། ‘ཐེངས་འདིའི་བོད་མིའི་རྒྱུད་རྒྱུ་དབྱེ་ཞིབ་བྱས་པའི་ཁྲོད་བོད་མིའི་མི་གྲངས་འཕེལ་རིམ་གྱི་དངོས་འབྲེལ་ལོ་རྒྱུས་དང་། བོད་མི་ཚོ་ས་བབ་མཐོ་སྒང་གི་འཚོ་བར་གོམས་འདྲིས་བྱུང་བའི་བརྒྱུད་རིམ་བཅས་ཀྱི་གལ་ཆེའི་ཡིག་ཚགས་ཁག་གཞི་རྩར་བཟུང་བ་ཡིན’ ཞེས་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།
ཟུར་མཆན།
༡) (Denisovan) ཞེས་པ་དེ་ནི་ལོ་ངོ་ ༦༠༠༠༠ སྔོན་དུ་བྱུང་བའི་གདོད་མའི་རིགས་རྒྱུད་ཅིག་ཡིན་འདུག