རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོའི་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་ལ་ཨོ་སི་ཊོ་ལི་ཡ་(Austrilia)གླིང་དུ་གནས་སྤོ་བྱས་པའི་རྒྱ་རིགས་ཚོར། ཡུལ་དེའི་དབྱིན་ཇིའི་མི་སེར་གྱིས་གཉའ་གནོན་བརྙས་བཅོས་དང་དཔྱ་ཁྲལ་ལྕི་མོ་བཀལ་བ་སོགས་ཀྱི་བྱས་ཉེས་ཐད། ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཝིག་ཊོ་རི་ཡའི་(Victoria)གཞུང་གིས་དགོངས་སེལ་ཞུས་ཡོད་འདུག
ཟླ་འདིའི་ཚེས་ ༢༥ ཉིན་ཨོ་སི་ཊོ་ལི་ཡའི་ཝིག་ཊོ་རི་ཡ་མངའ་སྡེ་མགོ་ཁྲིད་སྐུ་ཞབས་ཌེ་ནིལ་ཨེན་དྲིའུ་(Daniel Andrews)ལགས་ཀྱིས་རྒྱ་རིགས་ཚོགས་པའི་མགོ་ཁྲིད་ཚོར་ཐུག་འཕྲད་བྱས་པ་དང་། ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་ཀྱི་སྡིངས་ཆ་བརྒྱུད་དེ་རྒྱ་རིགས་རྣམས་ལ་དགོངས་སེལ་ཞུས་ཡོད་འདུག
ཌེ་ནིལ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་བརྙན་འཕྲིན་དྲ་བར་བརྙན་ཐུང་ཞིག་སྤེལ་བའི་ནང་། “ ད་དུང་རྒྱ་རིགས་ཚོར་དགོངས་སེལ་ཞུ་རྒྱུ་ཕྱི་དྲགས་མེད།” ཅེས་དང་། “ ཝིག་ཊོ་རི་ཡའི་མངའ་སྡེ་གྲོས་ཚོགས་ཀྱིས་མི་མང་གི་ཚབ་བྱས་ཏེ། ཝིག་ཊོ་རི་ཡའི་ནང་གི་རྒྱ་རིགས་ཚོར་སྙིང་ཐག་པ་ནས་དགོངས་སེལ་ཞུ་བཞིན་ཡོད།” ཅེས་སོགས་བརྗོད་ཡོད་འདུག
སྤྱི་ལོའི་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་ལ་རྒྱ་ནག་གི་ཞིང་ཆེན་ཀུང་ཏོང་(Guan gdong)ནས་རྒྱ་མི་སྐོར་ཞིག་གཏེར་ཁ་སྔོག་འདོན་ཆེད་ཨོ་སི་ཊོ་ལི་ཡའི་ལྷོ་ཝིལ་གསར་པ་(New South Wales) མངའ་སྡེ་དང་། ཝིག་ཊོ་རི་ཡ་(Victoria)མངའ་སྡེ་གཉིས་ནང་འབྱོར་ཡོད་པ་དང་། ས་དེར་སྔོན་མ་ནས་གཞིས་ཆགས་ཡོད་པའི་དབྱིན་ཇི་མི་སེར་ཚོས་རྒྱ་རིགས་གསར་འབྱོར་བ་རྣམས་ལ་གཉའ་གནོན་བརྙས་བཅོས་སྣ་ཚོགས་བྱས་ཡོད་འདུག
རྗེས་སུ་མུ་མཐུད་དུ་ཝིག་ཊོ་རི་ཡ་ས་ཁུལ་དུ་རྒྱ་རིགས་གནས་སྤོ་བ་ཇེ་མང་དུ་ཕྱིན་ཡོད་སྟབས། ༡༨༥༡ ལོར་ཝིག་ཊོ་རི་ཡའི་མངའ་སྡེ་གཞུང་གིས་གནས་སྤོ་བར་ཚོད་འཛིན་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱ་མཚོ་ཆེན་མོ་བརྒྱུད་དེ་ཝིག་ཊོ་རི་ཡར་གསར་དུ་འབྱོར་མཁན་རྒྱ་རིགས་མི་རེར་དཔྱ་ཁྲལ་དབྱིན་སྒོར་ ༡༠ རེ་བསྡུ་མགོ་བརྩམས་ཡོད་འདུག
རྒྱ་རིགས་ཚོར་དངུལ་མང་པོ་སྤྲོད་རྒྱུ་མེད་སྟབས། ཁོང་ཚོ་ཨོ་སི་ཊོ་ལི་ཡའི་ལྷོ་ངོས་ནས་གྲུ་གཟིངས་ལས་བབས་ཏེ། སྤྱི་ལེ་ ༥༠༠ ལྷག་ལ་གོམ་བགྲོད་ཀྱིས་ས་གནས་གཞན་སྐོར་ཏེ་ཝིག་ཊོ་རི་ཡའི་ནང་འཛུལ་ཐབས་བྱས་ཡོད་པ་དང་། ལམ་ཐག་ཧ་ཅང་རིང་བ་དང་ལམ་བར་དུ་དཀའ་སྡུག་དང་བཀྲེས་སྐོམ་ཚད་མེད་མྱངས་ཏེ་རྒྱ་རིགས་མང་པོ་འདས་གྲོངས་སུ་ཕྱིན་ཡོད་འདུག
ཝིག་ཊོ་རི་ཡའི་མངའ་སྡེ་དེར་དབྱིན་ཇིའི་མི་སེར་གནས་སྤོ་བྱས་པའི་རྗེས་ཀྱི་གནས་སྤོ་བ་མང་ཤོས་རྒྱ་རིགས་ཆགས་ཡོད་པ་དང་། ༡༨༦༡ ལོར་ཝིག་ཊོ་རི་ཡའི་ནང་རྒྱ་རིགས་གནས་སྤོ་བ་ ༢༥༠༠༠ ལྷག་དང་། ལྷོ་ཝེལ་གསར་པའི་ནང་རྒྱ་རིགས་གནས་སྤོ་བ་ ༡༡༠༠༠ ཙམ་འབྱོར་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ཕུར་བའི་ཉིན་མགོ་ཁྲིད་ཌེ་ནིལ་གྱིས་དགོངས་སེལ་མ་ཞུས་པའི་ཆུ་ཚོད་ཁ་ཤས་སྔོན་ནས་རྒྱ་རིགས་མི་ཉུང་བ་ཞིག་གྲོས་ཚོགས་མདུན་ཐང་དུ་འཛོམས་ཏེ་ངོ་རྒོལ་བྱེད་པར་གྲ་སྒྲིག་བྱས་ཡོད་འདུག
ཨོ་སི་ཊོ་ལི་ཡ་དང་ཀུང་ཏོང་ཕྱི་གླིང་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཧང་ཀྲང་(Huang Zhuang)ལགས་ཀྱིས། ཐེངས་འདིར་གཞུང་འབྲེལ་ཐོག་མི་རིགས་དབྱེ་འབྱེད་ལ་དགོངས་སེལ་ཞུས་པ་དེ་ནི་ད་རེས་དང་པོ་ཆགས་ཡོད། དེ་ལྟར་དགོངས་སེལ་ཞུ་དགོས་དོན་ནི། ཨོ་སི་ཊོ་ལི་ཡར་ཡོད་པའི་རྒྱ་རིགས་ཚོས་ཆབ་སྲིད་སྡིངས་ཆར་དཔུང་པ་མཉམ་གཤིབ་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། ཤེས་ཡོན་དང་འཇོན་ནུས་ལྡན་པའི་རྒྱ་རིགས་ཀྱི་མི་རབས་གསར་པ་མང་པོ་ཞིག་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་ཡོང་གི་ཡོད་པས་རེད། ཅེས་དང་། ད་དུང་ཁོས། “ ང་ཚོས་ང་ཚོའི་འབོད་སྒྲ་དེ་སྲིད་གཞུང་ལ་ཐོས་སུ་བཅུག་ན་འདོད་པ་དང་། ང་ཚོས་དྲང་བདེན་མིན་པའི་ང་ཚོའི་མེས་པོ་ཚོས་མྱངས་པའི་བཟོད་བསྲན་དང་དཀའ་སྡུག་དེ་དག་ཕྱིར་བསྒྲགས་བྱས་ན་འདོད་ཡོད།” ཅེས་སོགས་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་ཀུང་ཏོང་ཚོགས་པའི་ཚོགས་གཙོ་ཆན་གེ་ཡན་(Qian Guiyuan)ཟེར་བས། ང་ཚོའི་མེས་པོ་ཚོས་ཡུལ་འདིའི་རིག་གཞུང་དང་དཔལ་འབྱོར་ཡར་རྒྱས་ཆེད་བྱས་རྗེས་མི་ཉུང་བ་ཞིག་བཞག་ཡོད་ཀྱང་། ཁོང་ཚོས་མྱངས་པའི་དཀའ་སྡུག་གི་གྲུབ་འབྲས་ལ་ཆེ་མཐོང་མི་བྱེད་པར། ད་དུང་རྒྱ་རིགས་ཚོའི་ཐོག་ཕྱོགས་ལྷུང་གི་རྣམ་འགྱུར་འཛིན་བཞིན་འདུག་སྟབས། “མི་རབས་རྗེས་མ་ཚོས་གནད་དོན་འདིར་འཐབ་རྩོད་བྱས་ཏེ་རྒྱ་རིགས་ཚོར་གུས་བརྩི་ཐོབ་པ་ཞིག་བྱ་དགོས།” ཞེས་བརྗོད་འདུག
ད་དུང་ཁོས། “ང་ཚོའི་མི་རིགས་ཀྱིས་གཉའ་གནོན་བརྙས་བཅོས་མྱངས་ཏེ་ལོ་ངོ་ ༡༦༠ ཕྱིན་ཡོད་པ་དང་། ད་རེབ་གཞུང་འབྲེལ་ཐོག་ནས་དགོངས་སེལ་ཞུས་པ་དེས། མ་འོངས་པར་ས་འདིར་མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ལ་མཐོང་ཆུང་ཁྱད་གསོད་མེད་པ་ཆགས་པའི་རེ་བ་ཡོད། མི་རིགས་གཉའ་གནོན་དང་མཐོང་ཆུང་གི་བསམ་བློ་རྩ་མེད་བཟོས་པ་ཡིན་ན། མ་འོངས་པར་སྤྱི་ཚོགས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོང་གི་རེད།” ཅེས་སོགས་བརྗོད་འདུག
གསར་འགོད་པ། ཉི་མ་ཚེ་རིང་།