མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

བོད་ཀྱི་དུས་བབ།
༢༠༢༦/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཞུ་སྦྱོར་བས་འོས་བསྡུ་ལས་ཁང་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིར་འགལ་བའི་ཁུངས་སྐྱེལ་ཐུབ་མེད་པས། བསྟན་འཛིན་མཁས་གྲུབ་ལགས་ཁྲིམས་སྒྲིག་དགོངས་དོན་འོག་རྒྱ་བལ་འབྲུག་གསུམ་ནས་འོས་གཞིར་ཞུགས་པ་དང་འོས་འཕེན་མི་ཆོག་པའི་བཅད་ཁྲ་བཏང་སོང་།

དེ་རིང་ཉིན་རྒྱབ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འཚོགས་རར་བཙན་བྱོལ་བོད་མིའི་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་བསྒྲགས་པའི་ཉན་ཞིབ་ཅིག་འཚོགས་སོང་བ་དང་སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། དེ་བཞིན་ཞུ་སྦྱོར་བའི་ཁྲིམས་རྩོད་པ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་དང་རྩོད་ལན་པ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་བཅས་འཛོམས་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐའ་མའི་ཐག་གཅོད་དང་བཅད་ཁྲའི་ནང་། ས་གནས་འོས་བསྡུ་ལས་ཁང་གིས་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ཀྱི་འོས་བསྡུའི་ཐོབ་ཁུངས་བརྗེ་བསྒྱུར་བྱས་པ་ནི་འོས་བསྡུའི་ལས་དོན་འཐུས་ཤོར་བཏང་ཡོད་ཀྱང་། བསྟན་འཛིན་མཁས་གྲུབ་ལགས་སུ་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་འཕེན་དུ་མ་བཅུག་པའི་ཐག་གཅོད་དེ་ནི་ཁྲིམས་སྒྲིག་གི་དགོངས་དོན་ལྟར་བྱུང་ཡོད་སྐོར་དང་། དེ་བཞིན། བསྟན་འཛིན་མཁས་གྲུབ་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་གི་ཐག་གཅོད་བྱས་པ་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་བཅས་པར་འགལ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཐུབ་མེད་སྐོར། དེ་བཞིན། གྱོད་ཡ་ཕྱོགས་གཉིས་ཀྱི་ཞུ་སྙན་དང་དཔང་རྟགས། ཁྲིམས་སྒྲིག་གི་འཇུག་ཚུལ་དང་དེ་དག་གི་རྒྱུ་མཚན་ལ་བརྟེན་ནས། ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་སྦེལ་ཀོབ་ས་གནས་སུ་གནས་སྐབས་བསྡད་པ་ཙམ་ལས། སྦེལ་ཀོབ་ས་གནས་སུ་ཁྲིམས་མཐུན་གནས་སྡོད་བོད་མི་ཞིག་ཡིན་པའི་ཆ་རྐྱེན་ཚང་གི་མེད་སྟབས། ཞུ་སྦྱོར་བ་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་གི་དགོངས་དོན་འོག་རྒྱ་བལ་འབྲུག་གསུམ་ནས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་མི་ཆོག་པའི་བཅད་ཁྲ་བཏང་སོང་།   

ཁྲིམས་ཞིབ་ཁང་གི་ཐག་གཅོད་ངོས་འཛིན།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༡ (༢) པ། ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་སོ་སོའི་འོས་འཕེན་པའི་མིང་གཞུང་མ་དེབ་ལ་སྣོན་འཕྲི་དག་བཤེར་བྱེད་པ་ལས། འོས་བསྡུའི་སྐབས་རེ་རེར་དེབ་སྐྱེལ་ བསྐྱར་དུ་བྱེད་མི་དགོས་ཞེས་གསལ་ཡོད་ནའང༌། དོ་བདག་གྱོད་ཡ་ཞུ་སྦྱོར་བའི་དཔྱ་ཁྲལ་ལག་དེབ་གཞིར་བཞག་གིས་འོས་བསྡུ་དེབ་འགོད་ཨང་ CAON 25༠ ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༥ ཉིན་བྱང་ཨ་རི་ཁོངས་དེབ་འགོད་བྱས་འདུག་པས། འོས་བསྡུའི་ཐོབ་ཁུངས་བྱང་ཨ་རི་ཆགས་ཀྱི་འདུག ཁེ་ཎ་ཊར་འོས་བསྡུ་དེབ་འགོད་ཡོད་བཞིན་དུ་སྦེལ་ཀོབ་ལུགས་བསམ་ས་གནས་སུ་དེབ་འགོད་བསྐྱར་དུ་བྱས་པ་དང༌། དེ་བཞིན་སྦེལ་ཀོབ་ལུགས་བསམ་ས་གནས་འོས་བསྡུ་ལས་ཁང་ནས་གྱོད་ཡ་ཞུ་སྦྱོར་བའི་འོས་བསྡུའི་ཐོབ་ཁུངས་བརྗེ་བསྒྱུར་གྱིས་དེབ་འགོད་ཨང་ ༥༢༠༠ ཕྱི་ ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༤ འཁོད་པ་དེ་གཉིས་ཁྲིམས་སྒྲིག་ལྟར་བྱུང་མི་འདུག

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༡ (༣) [ཀ] ནང་གསལ་འོས་འཕེན་པའི་མིང་གཞུང་མ་དེབ་ གཞིར་བཟུང༌། ཐོབ་ཁུངས་སོ་སོའི་མིང་གཞུང་བཟོ་འགོད་བྱེད་དགོས་པ་གསལ་བ་དང་བསྟུན།  དབུས་འོས་བསྡུ་ལས་ཁང་ལ་འབུལ་དགོས་པ། དེ་བཞིན་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་འགྲེམས་གཏོང་བྱེད་དགོས་པར་དབུས་ས་གཉིས་དབར་གྱི་འོས་བསྡུའི་ལས་དོན་བྱེད་ཕྱོགས་གསལ་བ་དང༌། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༡ (༣) [ཁ] ཐོབ་ཁུངས་སོ་སོའི་འོས་འཕེན་པའི་མིང་གཞུང་གཏན་འབེབས་ཟིན་འཕྲལ། དེའི་འདྲ་བཤུས་དབུས་འོས་བསྡུ་ལས་ཁང་ལ་འབུལ་གཏོང་དགོས་པ་དང་། སླད་མིང་གཞུང་དེ་དག་གཙོར་བཟུང་གིས་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་འགྲེམས་གཏོང་བྱེད་དགོས་ཞེས་གསལ་ཡོད་པར་སོང་། ས་གནས་འོས་ བསྡུ་ལས་ཁང་གི་དབང་ཆ་ནི་མིང་གཞུང་བཟོ་འགོད་དང་དག་བཤེར་གྱི་ལས་འགན་ཡིན་པ་ལས། གང་ཟག་ཅིག་གི་འོས་བསྡུའི་ཐོབ་ཁུངས་གཞན་ཞིག་ཏུ་བརྗེ་བསྒྱུར་བྱ་རྒྱུའི་དབང་ཆ་གོང་གསལ་ཁྲིམས་ཡིག་གིས་གནང་མི་འདུག བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༧ (༡) [ཀ] པ་ནས་ [ཅ] པ་བར་དཀྱུས་གཅིག་ལ་གོ་བ་ལེན་དགོས་པ་ལས། ནང་གསེས་ཀྱི་དོན་ཚན་རེ་རེར་འགྲེལ་བཤད་ཀྱིས་གོ་བ་ལོགས་སུ་ལེན་ཐབས་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༧ པ་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཡིན་པས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༧ པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༧ པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པ་དེ་འོས་བསྡུའི་སྒྲིག་གཞིའི་ནང་ལག་བལྟར་ཆེད། བོད་མི་མང་སྤྱི་འཐུས་རྣམས་ཀྱི་ཡོང་ ཁུངས་དང༌། རྩ་འབོར་གྱི་གྲངས་ཚད་གཏན་འབེབས་བྱས་པ་དང་། དམིགས་བསལ་གྱི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༧ (༥) ནང་རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་མི་ཆོག་ཅེས་གསལ་ཡོད་པར་སོང༌། གོང་གསལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༧ དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༧ གཉིས་དབར་འགལ་བ་ཆགས་ཀྱི་མེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༧ པ། དོན་ཚན་ ༧༡ པ་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་གནས་སྡོད་བོད་མིའི་སྒྲིག་འཛུགས་གཤམ་གསལ་ཞེས་པའི་ནང་གསེས་ ༡ ནས་ ༦ བར་དུ་མ་ཚུད་པའི་བོད་མིའི་གནས་ཡུལ་གཞན་དག་ཚང་མ་དོན་ཚན་དེ་རང་གི་ནང་གསེས་ ༧ པར་གོ་དགོས་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་རྣམས་ཀྱང་དེའི་ནང་དུ་ཚུད་ཀྱི་ཡོད་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༧ པའི་ནང་གསེས་དོན་ཚན་ཆ་ཚང་དཀྱུས་གཅིག་ཏུ་བཀླགས་ན་ཤུགས་ཀྱིས་གོ་བ་ངེས་པ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་འདི་བཙན་བྱོལ་ནང་འོས་བསྡུའི་ནང་ཆ་ཤས་ལེན་མཁན་ཚང་མར་ཁྱབ་ཀྱི་ཡོད།

གོང་གསལ་ཁྲིམས་སྒྲིག་གཞིར་བཟུང་། འོས་བསྡུའི་ཐོབ་ཁུངས་བརྗེ་བསྒྱུར་དང་འབྲེལ་བའི་ཐོག་ས་གནས་ནས་འོས་བསྡུའི་ལས་དོན་བྱེད་ཕྱོགས་འཐུས་ཤོར་སོང་འདུག་ཀྱང༌། གྱོད་ཡ་རྩོད་ལན་པ་དབུས་འོས་བསྡུ་ལས་ཁང་ནས་དོ་བདག་གྱོད་ཡ་ཞུ་སྦྱོར་བར་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་འཕེན་ཐད་ཀྱི་ཐག་གཅོད་བྱས་པ་དེ་ཁྲིམས་སྒྲིག་ལྟར་བྱུང་འདུག

གྱོད་ཡ་རྩོད་ལན་པ་དབུས་འོས་བསྡུ་ལས་ཁང་གི་ཐག་གཅོད་བྱས་པ་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བཅས་པར་འགལ་བའི་ཁུངས་སྐྱེལ་ར་སྤྲོད་གྱོད་ཡ་ཞུ་སྦྱོར་བས་བྱས་ཐུབ་མེད་པའི་ཐག་གཅོད་དུ།

ཁྲིམས་ཞིབ་ཁང་གི་ཐག་གཅོད་ངོས་འཛིན།

གནས་སྡོད་ཅེས་པའི་ཚིག་གི་གོ་བ་ལེན་ཕྱོགས་ནི། ཁྲིམས་སྒྲིག་ནང་གསལ་གྱི་བེད་སྤྱོད་བྱེད་སྟངས་ཀྱི་ཐོག་ནས་གོ་བ་ལེན་དགོས་པ་ལས། སྤྱིར་བཏང་གི་སྐད་ཆའི་ཚིག་དོན་ཁོ་ནར་བརྟེན་ནས་གོ་བ་ལེན་མི་རུང་བར། ཁྲིམས་དང་སྒྲིག་གཞི་དོན་ཚན་ཡོངས་རྫོགས་དང་། དེ་དག་གི་དབར་གྱི་འབྲེལ་བ། ཁྲིམས་ཀྱི་དམིགས་ཡུལ་བཅས་ལ་ཕྱོགས་ཡོངས་ནས་བལྟ་དགོས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༧ (༡) [ག] [ང] [ཅ] དང་། དོན་ཚན་ ༧༡ དང་ ༧༡ (༦) དེ་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༧ (༣) (༤) (༥) བཅས་ཀྱི་ནང་། གནས་སྡོད་ཅེས་འཁོད་ཡོད་པ་དེ་དག་གི་གོ་བ་གཅིག་མཚུངས་ཡིན་པ་ལས། དོན་ཚན་སོ་སོ་དང་བྲལ་ནས་འགྲེལ་བརྗོད་བྱེད་ན་མི་འགྲིག

ས་གནས་དང་ས་གནས་རང་ཁོངས་མི་མང་ཞེས་པ་གཉིས་ཀྱང་གོ་དོན་ཕན་ཚུན་འབྲེལ་ནས་གོ་བ་ལེན་དགོས་པ་ལས། དེ་གཉིས་སོ་སོར་གོ་བ་བླངས་ན། ཁྲིམས་ཡིག་གི་དགོངས་པ་དོར་བའི་ཉེན་ཁ་ཡོད།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༢ པའི་ནང་ས་གནས་རང་ཁོངས་མི་མང་ཞེས་པའི་གོ་དོན་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༧ པའི་ནང་གསལ་གྱི་ས་གནས་དེར་གཏན་འཇགས་གནས་སྡོད་ཀྱི་མི་མང་ལ་གོ་དགོས།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༢ པའི་ནང་ས་གནས་ཞེས་པ་དེའི་ཁྱབ་ཚད་རྒྱ་བལ་འབྲུག་ གསུམ་གྱི་ས་གནས་ཁོ་ནར་ཚད་བཀག་བྱས་ཡོད་པའི་གསལ་ཁ་མེད་ནའང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏན་འཇགས་གནས་སྡོད་བྱས་པའི་བོད་མི་ཡོངས་རྫོགས་རང་བཞིན་གྱིས་ས་གནས་རང་ཁོངས་མི་མང་གི་ཁྱབ་ཁོངས་ནང་ཚུད་ཀྱི་མེད་པར་གོ་བ་བླངས་པ་ནི། སྒྲིག་གཞིའི་ཚིག་དོན་ལས་བརྒལ་བའི་ཚད་བཀག་ཅིག་ཏུ་འགྱུར་ཉེན་ཡོད།

ས་གནས་ཀྱི་གོ་དོན་ནི། ས་གནས་དེ་རྒྱ་བལ་འབྲུག་གསུམ་གྱི་ནང་ཡོད་མེད་ཙམ་ལ་བལྟ་བ་ལས། གལ་ཆེ་བ་ནི། ས་གནས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་དང་མཐུན་པའི་ས་གནས་ཤིག་ཡིན་མིན་དང་། དེར་གང་ཟག་དེས་གཏན་འཇགས་གནས་སྡོད་བྱས་ཡོད་མེད། དེ་བཞིན་ས་གནས་དེ་དང་གང་ཟག་དེའི་དབར་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་གནས་སྡོད་ཅེས་པའི་དོན་དང་ངོས་འཛིན་རུང་བའི་ཁྲིམས་མཐུན་འབྲེལ་བ་ཡོད་མེད་དེ་ཡིན།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༢ པའི་ནང་ས་གནས་གཞན་ནས་གནས་སྤོས་བྱས་པའི་གང་ཟག་ཅིག་ས་གནས་གསར་པའི་རང་ཁོངས་མི་མང་དུ་གཏོགས་པར་ཆ་རྐྱེན་ཁ་གསལ་བཀོད་ཡོད་པ་སྟེ། ས་གནས་སུ་ལོ་ཧྲིལ་པོ་ ༥ ཡན་བསྡད་ཟིན་པ་དང་། གཞིས་ཁོངས་སྔ་མའི་ཐོབ་སྐལ་བློས་བཏང་ཟིན་པ། གཉེན་སྒྲིག་བག་ལེན་གྱི་ལམ་ནས་ལུགས་མཐུན་གནས་སྤོས་བྱས་པ་བཅས་ཡིན་ཞེས་པ་དེའི་ཁྲིམས་དོན་གྱི་གོ་བ་ནི། ས་གནས་རང་ཁོངས་མི་མང་ཞེས་པ་དེ་ས་ཆ་གང་ཞིག་ཏུ་གནས་སྐབས་ཙམ་བསྡད་པའི་གང་ཟག་ཅིག་ལ་གོ་བ་མ་ཡིན་པར། ས་གནས་དེ་དང་གང་ཟག་དེའི་དབར་ཁྲིམས་ཀྱིས་ངོས་འཛིན་རུང་བའི་གཏན་འཇགས་ཀྱི་གནས་སྡོད་ལ་འབྲེལ་བ་ཆགས་ཡོད། གནས་སྡོད་ཀྱི་གོ་དོན་དེ་གནས་སྐབས་ས་གནས་ཤིག་ཏུ་བསྡད་པ་ཙམ་གྱིས་གཏན་འཇགས་ཀྱི་གནས་སྡོད་དང་གཅིག་མཚུངས་སུ་བརྩི་མི་རུང་། གནས་སྐབས་ཀྱི་བསྡད་པ་དང༌། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་གྱི་གནས་སྡོད་གཉིས་དབར་ཁྲིམས་དོན་གྱི་ནུས་པའི་ཆ་ནས་ཁྱད་པར་ཆེན་པོ་ཡོད།

ས་གནས་རང་ཁོངས་མི་མང་དང་གནས་སྡོད་དབར་གྱི་འབྲེལ་བ་ཡང་སྣང་མེད་དུ་གཏོང་མི་རུང༌། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ནང་ས་གནས་དང་དེའི་རང་ཁོངས་མི་མང་ལ་ཁྲིམས་མཐུན་གྱི་གལ་གནད་དམ་ཐོབ་ཐང་གསལ་པོར་བཀོད་ཡོད། གནས་སྡོད་ཀྱི་གོ་དོན་ཡང་དེ་དང་བྲལ་ནས་རང་འཚམས་ཀྱིས་གོ་བ་ལེན་མི་རུང་། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་གྱི་གནས་སྡོད་ཀྱི་གོ་དོན། ཁྲིམས་མཐུན་གྱི་ངོ་བོ་དང་ཆ་རྐྱེན་གང་ཡོད་པ་དེ་དག་ལ་བརྟེན་ནས་གོ་བ་ལེན་དགོས། གནས་སྡོད་ཅེས་པའི་ཁྲིམས་དོན་གྱི་གནས་བབ་ནི། གྱོད་ཡ་ཞུ་སྦྱོར་བ་དང་སྦེལ་ཀོབ་ས་གནས་དབར་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ནང་གལ་གནད་ཅན་དུ་བརྩི་པའི་ཁྲིམས་མཐུན་གྱི་འབྲེལ་བ་ཡོད་མེད་དང་། དེ་འདྲའི་འབྲེལ་བ་ཞིག་སྒྲིག་གཞིའི་ནང་གསལ་པོའམ་ཤུགས་སུ་བསྟན་ཡོད་མེད་ ལ་གཞིགས་ཏེ་དཔྱད་དགོས་པ་ཡིན།

གྱོད་ཡ་ཞུ་སྦྱོར་བ་སྦེལ་ཀོབ་ས་གནས་སུ་གནས་སྐབས་བསྡད་པ་ཙམ་གྱིས། སྦེལ་ཀོབ་ས་གནས་ཀྱི་ཁྲིམས་མཐུན་གནས་སྡོད་བོད་མི་ཞིག་ཡིན་པར་ཐག་ཆོད་མི་ཐུབ། གནས་སྐབས་ཀྱི་གནས་སྡོད་དང༌། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་གྱི་གནས་སྡོད་གཉིས་དབར་ཁྲིམས་དོན་གྱི་ངོ་བོ་དང་ནུས་པའི་ཆ་ནས་ཁྱད་པར་གསལ་པོ་དབྱེ་དགོས།

དོན་དངོས་ཀྱི་གནས་ཚུལ་ཐོག་ཁྲིམས་དོན་སྦྱོར་བའི་སྐབས། གནས་ཚུལ་རེ་རེ་བཞིན་དུ་ཁྲིམས་ཡིག་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་དང་བྱ་རིམ་ཁག་དང་བསྟུན་ནས་བྱས་ཡོད་མེད་ལ་བལྟོས་ནས། དེ་དག་ཚུལ་བཞིན་བསྒྲུབས་མེད་པ་གཏན་འཁེལ་བྱུང་བས། གྱོད་ཡ་ཞུ་སྦྱོར་བས་སྦེལ་ཀོབ་ས་གནས་སུ་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་གྱི་གནས་སྡོད་ཡིན་པ་ཁུངས་སྐྱེལ་ར་སྤྲོད་བྱས་ཐུབ་མ་སོང༌།

གོང་གསལ་ཁྲིམས་སྒྲིག་གི་དགོངས་དོན་དང༌། ས་གནས་རང་ཁོངས་མི་མང་གི་གོ་དོན། དེ་བཞིན་དོ་བདག་གི་དོན་དངོས་གནས་ཚུལ་བཅས་ཕན་ཚུན་སྦྱར་ཏེ་བལྟས་ན། གནས་སྡོད་ཅེས་པའི་ཐ་སྙད་དེ། ས་གནས་གང་ཞིག་ཏུ་དངོས་སུ་བསྡད་པའི་དུས་ཡུན་ཙམ་ལ་གོ་བ་བླངས་པའི་ཐ་སྙད་ཅིག་མིན།

གྱོད་ཡ་ཞུ་སྦྱོར་བ་སྦེལ་ཀོབ་ས་གནས་དེར་བསྡད་པའི་དུས་ཡུན་ཙམ་གྱིས། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་གྱི་གནས་སྡོད་ཀྱི་གནས་བབ་བསྒྲུབ་ཐུབ་མ་སོང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༢ པའི་ནང་གསེས་དོན་ཚན་ཁག་གི་དགོངས་པ་དང་མཐུན་པའི་ཆ་རྐྱེན་ཁག་ཚང་གི་མེད་པ་དང་། ཁྲིམས་ཡིག་ནང་གཏན་འབེབས་བྱས་པའི་བྱ་རིམ་ཁག་ཚུལ་བཞིན་བསྒྲུབས་མེད་པ་ངེས་བརྟན་བྱུང་བར། གྱོད་ཡ་ཞུ་སྦྱོར་བས་སྦེལ་ཀོབ་ས་གནས་ཀྱི་རང་ཁོངས་མི་མང་གི་ཁོངས་སུ་རང་ཉིད་ཚུད་ཀྱི་ཡོད་པའི་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་གྱི་ཁྲིམས་མཐུན་གནས་བབ་ཡོད་པ་ཁུངས་སྐྱེལ་ར་སྤྲོད་བྱས་མ་ཐུབ་པར་བརྟེན།

གོང་གསལ་གྱོད་ཡ་ཕྱོགས་གཉིས་ཀྱི་ཞུ་སྙན་དང་དཔང་རྟགས། ཁྲིམས་སྒྲིག་གི་འཇུག་ཚུལ་དང༌། དེ་དག་གི་རྒྱུ་མཚན་ལ་བརྟེན་ནས་གྱོད་ཡ་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ད་ལྟའི་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་རྒྱ་བལ་འབྲུག་གསུམ་ནས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་ཆོག་གི་མི་འདུག་པའི་བཅད་ཁྲར།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༥ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese