རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་གཙང་བཤེར་ལེགས་བཅོས་གཏོང་བའི་ལས་གཞིའི་འོག་འདི་ལོར་ཁེ་ལས་ཁང་དང་བཟོ་ལས་ཁང་ཆེན་མོ་ ༥༥༠༠ བརྒལ་བ་གཙང་བཤེར་ལེགས་བཅོས་བྱ་རྒྱུ་ཡིན་འདུག
འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་ཁོར་ཡུག་སྲུང་སྐྱོབ་ཁང་གིས་ཁོར་ཡུག་འབག་བཙོག་ལེགས་བཅོས་གཏོང་ཆེད། ཁོར་ཡུག་བཅའ་ཁྲིམས་ལག་བསྟར་བ་ ༥༦༠༠ ཙམ་ཆེད་མངག་གིས་ལོ་གཅིག་ཧྲིལ་པོར་ཞིབ་འཇུག་གི་ལས་གཞི་སྤེལ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་ལྟར། འདས་པའི་ཟླ་གཉིས་ལྷག་གི་ནང་ཞིབ་འཇུག་ཚན་པ་མང་པོ་ཁག་བགོས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་དོན་ཡར་ཞུ་བྱས་ཡོད་པ་དང་། ཆེད་གཏོང་ཞིབ་འཇུག་ཚན་པ་ཞིག་གིས་རྒྱ་ནག་བྱང་ཕྱོགས་ཀྱི་འཕེལ་རྒྱས་ཆེས་ཆེ་བའི་གྲོང་ཁྱེར་ཁག་ ༢༨ ནང་ཞིབ་འཇུག་བྱས་ཏེ་སྙན་ཐོ་བཏོན་པ་ལྟར་ན། བྱང་ཕྱོགས་ཀྱི་ཁེ་ལས་ཁང་དང་བཟོ་ལས་ཁང་ཆེན་མོ་ཆིག་ཁྲི་བཞི་སྟོང་ཙམ་ལ་ཞིབ་བཤེར་བྱེད་སྐབས་བརྒྱ་ཆ་ ༧༠ ཡིས་མཁའ་དབུགས་འབག་བཙོག་ཚོད་འཛིན་ཀྱི་བྱེད་ཐབས་ཚད་ལྡན་ལག་བསྟར་བྱེད་ཀྱི་མེད་པ་དང་། ཁེ་ལས་ཁང་ ༤༧༠༠ ལྷག་ནས་བཙོག་བཟོ་ཡི་གནད་དོན་རྩད་ཆོད་ཡོད་པ་དང་། དེ་བཞིན་ཉེ་སྔོན་གྱི་ཞིབ་འཇུག་གྲུབ་དོན་གཞན་ཞིག་གི་ནང་ཚོང་ལས་ཁང་ ༤༦༧ ནང་ནས་ ༣༥༠ ལ་འབག་བཙོག་གི་གནད་དོན་ཡོད་སྐོར་བརྗོད་ཡོད་པ་རེད།
དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཁོར་ཡུག་སྲུང་སྐྱོབ་ཁང་གིས་སྣེ་འཁྲིད་དེ་ཕྱོགས་ཡོངས་ནས་གཙང་བཤེར་ལེགས་བཅོས་ཀྱི་ལས་གཞི་སྤེལ་ཏེ། འདི་ལོར་གྲོང་ཁྱེར་ཡོངས་ཀྱི་འབག་བཙོག་ཅན་གྱི་ཁེ་ལས་ཁང་དང་བཟོ་ལས་ཁང་ཆེན་མོ་ཁྱོན་ ༥༥༠༠ བརྒལ་བ་གཙང་བཤེར་ལེགས་བཅོས་བྱ་རྒྱུ་ཡིན་ལ། འདི་ལོའི་ཕྱི་ཟླ་ ༨ ཚེས ༡ ཉིན་གྱི་སྔོན་ལ་རྡོོ་སོལ་ཁེ་ལས་རིགས་ལ་གཙང་བཤེར་ལེགས་བཅོས་འགྲུབ་པ་དགོས་རྒྱུ་དང་། ལོ་མཇུག་ཏུ་པེ་ཅིན་གཙོ་གནད་ཁུལ་གྱི་བཟོ་ལས་ཁང་ཆེན་མོ་ ༦༠ ལ་གཙང་བཤེར་ལེགས་བཅོས་བྱ་རྒྱུ་ཡིན་འདུག
འདས་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་གནམ་སྔོན་པོ་སྲུང་སྐྱོབ་ཀྱི་དམག་འཁྲུག་ཡག་པོ་ཞིག་རྒྱག་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་བ་ལྟར། མཁའ་དབུགས་འབག་བཙོག་གི་རྐྱེན་རྩར་གྱུར་བའི་རྡོ་སོལ་བེད་སྤྱོད་གཏོང་ཚད་ལ་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པ་སོགས་ཁོར་ཡུག་སྲུང་སྐྱོབ་ཐད་སྔར་མེད་པའི་སྲིད་བྱུས་མང་དག་ཅིག་ལག་བསྟར་བྱེད་བཞིན་ཡོད་ཀྱང་། དུས་ད་ལྟའང་རྒྱ་ནག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཅིག་ནི་འཕེལ་རྒྱས་ཆེས་ཆེ་ཞིང་། འཛམ་གླིང་ནང་མཁའ་དབུགས་འབག་བཙོག་ཚབས་ཆེ་ཤོས་སུ་གྱུར་ཡོད་པ་རེད། མི་གྲངས་ས་ཡ་ ༢༢ ཙམ་གནས་སྡོད་བྱེད་བཞིན་ཡོད་པའི་པེ་ཅིན་གྲོང་ཁྱེར་ལྟ་བུར་མཚོན་ན། དུད་སྨུག་ཚབས་ཆེན་འཐིབས་ནས་ཉེན་བརྡ་དམར་པོ་མི་གཏོང་ཐབས་མེད་དུ་འགྱུར་གྱི་ཡོད་པ་མ་ཟད། སློབ་གྲྭ་ཁག་གནས་སྐབས་སྒོ་བརྒྱབ་ཏེ་ཚང་མ་རང་ཁྱིམ་དུ་མ་བསྡད་ན་ཉེན་ཁ་ཡོད་པའི་བརྡ་ཁྱབ་སྤེལ་དགོས་པའི་གནས་སྟངས་འོག་ལྷུང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།