གཞུང་ཁོངས་མིན་པའི་ཚོགས་པ་ལྔས་དགོས་འདུན་དོན་ཚན་ལྔ་ཡི་ཐོག་ནས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་ཞིག་དྷ་ས་ནས་ཀུ་རིག་ཤེས་ཊི་ར་བར་སྤེལ་མགོ་བཙུགས་སོང་།

དེ་རིང་ཕྱི་ཚེས་ ༣༠ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་གོ་སྒྲིག་གནང་བའི་དྷ་ས་ནས་ཀུ་རིག་ཤེས་ཊི་ར་ (Kurukshetra) བར་གྱི་གོམ་བགྲོད་ལས་འགུལ་དེ་དངོས་སུ་དབུ་འབྱེད་ཀྱིས་མགོ་བཙུགས་གནང་སོང་ལ། ལས་འགུལ་དེའི་ཁྲོད་བོད་མི་གྲངས་ ༢༣ དང་རྒྱ་གར་བ་ ༢ བཅས་ཁྱོན་ལས་འགུལ་བ་མི་གྲངས་ ༢༥ ཡིས་མཉམ་ཞུགས་གནང་འདུག
ལས་འགུལ་དབུ་འབྱེད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལོ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་གཏན་འབེབས་བྱས་ནས། ཕྱི་ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱེད་མགོ་བཙུགས་ཡོད་པ་ཚང་མས་མཁྱེན་མཁྱེན་པ་རེད། ཁྲིམས་ཡིག་དེ་ལ་གདོང་ལེན་གནང་རྒྱུའི་ཆེད་དུ། གཞུང་ཁོངས་མིན་པའི་སྒྲིག་འཛུགས་ལྔས་འདི་ནས་ཀུ་རིག་ཤེས་ཊི་ར་བར་དུ་གོམ་བགྲོད་དང་། ལམ་བར་ནས་ཁ་ཤས་ལ་རླངས་འཁོར་ནང་འགྲོ་བ་བཅས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་སྐུལ་འདེད་ཡར་རྒྱས་ཀྱི་ཁྲིམས་ཡིག་ཟེར་བའི་ཐོག་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་སྤེལ་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱ་ནག་གིས་ཁྲིམས་ཀྱི་འབག་དེ་ཉེ་ལམ་གཡོགས་པ་རེད་མ་གཏོགས། འདས་པའི་མི་ལོ་བཅུ་ཡི་ནང་ལག་བསྟར་བྱེད་བཞིན་ཡོད་རེད། དེ་འདྲ་ཡིན་ཙང་། ང་ཚོས་རྒྱ་གར་ཙམ་དུ་མ་ཟད་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྲིམས་ཡིག་འདི་དང་འབྲེལ་བའི་གོ་རྟོགས་སྤེལ་རྒྱུ་དང་། ཁྲིམས་ཡིག་འདི་ལ་དགག་པའི་ངོ་བོའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་སོ་སོས་ཁྲིམས་ཡིག་དེའི་ཐོག་གྲོས་ཆོད་དང་ཁྲིམས་ཡིག་གཏན་འབེབས་བྱེད་ཀྱི་རེད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ད་ལོའི་ཕྱི་ཟླ་ ༩ ནང་བདུན་ཕྲག་གཅིག་རིང་ལ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཅེས་ཁྲིམས་ཡིག་འདི་ལ་གདོང་ལེན་བྱ་རྒྱུའི་ཆེད་ལས་འགུལ་སྤེལ་ཡོད། ལོ་རྗེས་མ་ནས་ང་ཚོས་འཆར་གཞི་དང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུའི་བང་ཞིག་སྒྲིག་གི་ཡོད་རེད་ལ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ཅིག་གི་ངོས་ནས་སོ་སོས་འགན་བཞེས་ནས་ལས་འགུལ་སྤེབ་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གཞུང་ཁོངས་མིན་པའི་ཚོགས་པ་ལྔའི་གོམ་བགྲོད་དང་འབྲེལ་ནས་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། དབུ་མའི་ལམ་ལ་མཐའ་གཅིག་ཏུ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་མཁན། བོད་རང་དབང་སླར་གསོའི་སླད་དབུ་མའི་ལམ་ལས་ལྷག་པ་མེད་པའི་ཡིད་ཆེས་བྱེད་མཁན་གྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ལས་འགུལ་འདི་སྤེལ་གྱི་ཡོད་རེད། ལས་འགུལ་འདི་སྤེལ་དོན་གཙོ་བོ་ནི་ཉེ་ཆར་རྒྱ་ནག་གཞུང་གིས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་དང་ཕྱིར་འཐེན་བྱ་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་སོང་།
གཞུང་ཁོངས་མིན་པའི་ཚོགས་པ་ལྔས་དགོས་འདུན་དོན་ཚན་ལྔ་སྤེལ་བའི་ཁྲོད། ༡། ཞི་མོལ་དངོས་སུ་སླར་གསོ་དགོས། ཞི་བདེ་དང་ཡུན་གནས་ཀྱི་གྲོས་མཐུན་ཞིག་འབྱུང་ཐབས་སུ། རྒྱ་གཞུང་གིས་དབུ་མའི་ལམ་གྱི་ལྟ་གྲུབ་གཞིར་བཟུང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་གོ་བསྡུར་སླར་གསོ་ཡོང་བར་སྐུལ་མ་ཞུ་དགོས། ༢། བོད་ཀྱི་ངོ་བོ་དང་ཐོབ་ཐང་སྲུང་སྐྱོབ་དགོས། བོད་ཀྱི་སྐད་ཡིག ཆོས་ལུགས། རིག་གཞུང་། ཤུལ་བཞག་གི་རིག་གནས། མི་རིགས་ཀྱི་ངོ་བོ། རྩ་བའི་མིའི་ཐོབ་ཐང་བཅས་ལ་ཉེན་ཁ་བཟོ་བའི་སྲིད་ཇུས་ཁག་ལ་ངོ་རྒོལ་དང་། ལྷག་པར་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་བཅའ་ཁྲིམས་ལ་ངོ་རྒོལ་ཡོད། ༣། ཆོས་ལུགས་རང་དབང་ལ་བརྩི་བཀུར་ཞུ་དགོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་ནི་ཆོས་ལུགས་ཀྱི་བྱ་གཞག་ཁོ་ན་ཡིན་པ་དང་། དེའི་ཐད་ཀྱི་དབང་ཆ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དགའ་ལྡན་པོ་བྲང་ལ་ཡོད་པ་ངོས་འཛིན་དང་བརྩི་བཀུར་ཞུ་དགོས། ༤། བོད་དོན་ཐད་མཉམ་ལས་བྱ་དགོས། འཛམ་གླིང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་ཞི་བདེ། དྲང་བདེན། མིའི་གཟི་བརྗིད། རྒྱལ་སྤྱིའི་མཉམ་ལས་བཅས་ཀྱི་རིན་ཐང་ལ་བརྩི་བཀུར་ཞུས་ཏེ། བོད་མི་རིགས་ཀྱི་ཐོབ་ཐང་དང་རིག་གཞུང་གི་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུར་མཉམ་རུབ་ཀྱིས་འབད་བརྩོན་གནང་དགོས། ༥། བོད་མི་རང་ལུས་མེ་བསྲེགས་གནང་མཁན་ ༡༧༠ ལ་དྲང་བདེན་དང་ངོས་འཛིན་དགོས། ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་། གནོན་ཤུགས་དང་བོད་ཀྱི་རིག་གཞུང་ཉམས་རྒུད་ལ་ངོ་རྒོལ་གྱི་སླད་དུ་རང་ལུས་མེ་བསྲེགས་གནང་མཁན་བོད་མི་ ༡༧༠ ལ་དྲང་བདེན་དང་ངོས་འཛིན་ཐོབ་དགོས། ཁོང་ཚོའི་སྡུག་བསྔལ་དང་སྐུ་སྲོག་བློས་གཏོང་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བརྗེད་མི་རུང་། ཞེས་འཁོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།





