དཀར་མཛེས་ཁུལ་རོང་བྲག་རྫོང་དུ་ལོ་ངོ་ ༦༠ ཚུན་དུ་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག
བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉིན་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་རོང་བྲག་རྫོང་ཁོངས་ཀྱི་ཆུ་བོ་ཁག་རབ་ཏུ་རྒྱས་ཏེ། བགྲོད་ལམ་མང་པོར་ཆུ་ལོག་རྒྱུག་པ་དང་། འགྲིམ་འགྲུལ་ལ་བར་ཆད་བཟོས་པ་མ་ཟད། རྫོང་ཡོངས་ཀྱི་གྲོང་ཚོ་དང་གྲོང་བརྡལ་ ༡༥ ལྷག་གི་དུད་ཚང་༦༠༠༠ཙམ་གྱི་མི་འབོར་ཁྲི་ ༣ ཙམ་ལ་ཚད་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་དང་། དེ་བཞིན་གྲོང་ཁུལ་གཙོ་བོའི་ཆུ་ལམ་སྲུང་རྩིག་དང་སྣུམ་མཛོད་སྲུང་ལྡེབས། ཆུ་སྙིགས་དྭངས་སེལ་བཟོ་གྲྭ། རྒྱལ་རོང་ཟམ་ཆེན་སོགས་སུ་གནོད་འཚེ་ཚབས་ཆེན་བཟོས་ཀྱང་། ད་ལྟའི་ཆར་མིའི་ཚེ་སྲོག་ལ་གནོད་འཚེ་ཐེབས་མེད་སྐོར་བསྒྲགས་འདུག
རྫོང་ཡོངས་ཀྱི་ས་ཞིང་མུའུ་༦༥༠༠ལ་གནོད་འཚེ་ཐེབས་པ་དང་། ས་ཞིང་གི་རྨང་གཞིའི་སྒྲིག་ཆས་ཏེ་ས་ཞིང་གི་ཆུ་འདྲེན་ཡུར་བ་རྨིད་༢༠༠༠དང་། འཕྲུལ་ཆས་རྨོ་འདེབས་ཀྱི་བགྲོད་ལམ་སྤྱི་ལེ་༡༥བཅས་ལ་གཏོར་བརླག་ཐེབས་པ་མ་ཟད། གྲོང་ཁུལ་གྱི་ཆུ་སྙིགས་གསང་སེལ་བཟོ་གྲྭ་༢དང་སྦུག་ལམ་རྨིད་༨༥༦༠། ཆུ་རགས་རྨིད་༥༠༠༠བཅས་ལ་གཏོར་བརླག་ཐེབས་ཡོད་པ་དང་། ད་དུང་གློག་འདྲེན་སྐུད་ལམ་དང་། འཕྲིན་གཏོང་སྐུད་ལམ་སོགས་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད་པ་རེད།
གནོད་འཚེ་བྱུང་རྗེས། རོང་བྲག་རྫོང་རང་བྱུང་གནོད་འགོག་རུ་ཁག་ནས་གནོད་འགོག་གི་ལས་དོན་སྤེལ་ཡོད་པ་དང་། དེ་བཞིན་རོང་བྲག་སྤྱི་བདེ་ཅུས་དང་དྲག་ཆས་ཉེན་རྟོག་རུ་དཔུང་། མེ་འགོག་རུ་དཔུང་། འཕྲལ་སྡོམ་ཡུལ་དམག རྫོང་རིམ་པའི་ལས་ཁུངས་ཀྱི་ལོ་ ༤༥ མན་གྱི་སྐྱེས་པ་ལས་བྱེད་པ་བཅས་ཀྱིས། རུ་ཁག་བགོས་ཏེ་རྫོང་ནང་གི་གནོད་འཚེ་ཐག་གཅོད་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། རྒྱལ་ཁབ་ས་ཁོངས་དང་ཆུ་དོན། དམངས་སྲིད་སོགས་སྡེ་ཁག་གིས་དངོས་ཟོག་བགོ་འགྲེམ་བྱ་བ་བསྒྲུབས་ཏེ། ཆུ་རྒྱུད་དུ་གནས་བྱས་པའི་གྲོང་ཚོ་དང་གྲོང་བརྡལ་ཁག་ནས་མི་འབོར་ ༥༠༠༠ ལྷག་གནས་སྤོ་བྱས་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།