ཨ་མིཥ་ཏྲི་པཱ་ཊི། དབྱིན་ཡིག་ཐོག་འབྲི་མཁན་རྒྱ་གར་གྱི་རྩོམ་པ་པོ་གྲགས་ཆེན། ཁོང་ལ་དགའ་མོས་དང་ཡི་རངས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། རྒྱ་གར་གྱི་ཊོལ་ཀཱིན་(Tolkien)དང་ཨེ་ཤ་ཡའི་པཱོ་ལོ་སཱིལ་ཧཱོ་(Paulo Coelho)ཞེས་ཀྱང་འབོད།
དེ་རིང་ང་ཚོས་རྒྱ་གར་གྱི་དཔེ་དེབ་བྲིན་རྒྱུག་ཆེ་ཤོས་ཀྱི་རྩོམ་པ་པོ་སྐུ་ཞབས་ཨ་མིཥ་ཏྲི་པཱ་ཊི་(Amish Tripathi)ལགས་ལ་ཐུག་འཕྲད་ཅིག་བྱེད་དགོས། ཉེ་ལམ་ཁོང་གིས་ཀློག་པ་པོ་ཚོས་ཡུན་རིང་རེ་སྒུག་བྱས་པའི་དེབ་ཕྲེང་ལྔ་པ་དཔར་བསྐྲུན་བྱས་ཡོད། དེ་ནི་རྒྱ་གར་གྱི་སྙན་ངག་ཆེན་པོ་རཱ་མཱ་ཡཱན་(Ramayan)གཏམ་རྒྱུད་ནང་གི་ཧིན་རྡུའི་ལྷ་མོ་ཞིག་གི་མི་ཚེར་དཔེ་བྱས་ཏེ་སྣང་བརྙན་གསར་པ་བསྐྲུན་པའི་རྟོག་སྒྲུང་ཞིག་རེད་ལ། དེབ་དེའི་མིང་ལ་ “མཱི་ཋི་ལཱའི་བཙན་རྒོལ་བ་སཱི་ཊ།”(Sita: Warrior of Mithila)ཞེས་བཏགས་འདུག
ཏྲི་པཱ་ཊི་ནི་དེ་སྔོན་དངུལ་ཁང་གི་ལས་བྱེད་ཅིག་ཡིན་ཡང་། རྗེས་སུ་ལས་སྣེ་ནས་རྩ་དགོངས་ཞུས་ཏེ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གོང་གི་ལྷ་སྒྲུང་དང་གནའ་གཏམ་དག་གཞི་རྩིར་བཟུང་། རང་གི་རྟོག་འཆར་གྱི་སྣང་བརྙན་གསར་པ་དག་འབྲི་བཞེངས་བྱས་ཡོད་སྟབས། དབྱིན་ཇིའི་སྐད་ཡིག་ནང་དེབ་འབྲི་མཁན་རྒྱ་གར་གྱི་རྩོམ་པ་པོ་དག་ལས་མི་མང་གིས་དགའ་མོས་དང་དཔེ་དེབ་བྲིན་རྒྱུག་ཆེ་ཤོས་ཆགས་ཡོད་ལ། ཐེངས་འདིའི་དེབ་ཕྲེང་ལྔ་པ་དེར་ཡང་དཔར་བསྐྲུན་དང་པོ་རང་ལ་དེབ་གྲངས་ས་ཡ་ ༤ དཔར་སྐྲུན་བྱས་འདུག
ངས་ཏྲི་པཱ་ཊི་ཞེས་པའི་མིང་དེ་ ༢༠༡༠ ལོར་ཐོག་མར་ཐོས་སྐབས། ཁོང་གིས་དེབ་ཕྲེང་དང་པོ་ “འགྱུར་བ་མེད་པའི་མཱི་ལུ་ཧཱ།”(Immortals of Meluha)ཞེས་པ་དཔར་བསྐྲུན་བྱས་མ་ཐག་རེད། དེབ་དེ་ནི་ཧིན་རྡུའི་ཆོས་ལུགས་ནང་རྩ་ཆེན་དུ་བརྩི་བའི་ལྷ་ཆེན་དབང་ཕྱུག་གི་ལོ་རྒྱུས་ལ་སྦྱར་བའི་སྣང་བརྙན་གསར་པའི་རྟོག་སྒྲུང་ཞིག་རེད།
ཁོང་གི་དཔེ་དེབ་དེ་དག་ནི་གནའ་བོའི་ལྷ་སྒྲུང་དང་རྒྱལ་རབས་ལོ་རྒྱུས་མཉམ་བསྲེས་བྱས་ཏེ། རྟོག་བཟོའི་སྣང་བརྙན་གསར་པ་འབྲི་བཞེངས་བྱས་ཡོད་པ་མ་ཟད། གནམ་ཐང་ཆེན་པོ་དག་ན་འགྲུལ་བ་ཚོ་བྲེལ་ཚབས་ཆེན་པོས་ཡར་མར་སྐྱོད་བཞིན་པ་ལྟར། ཁོང་གི་དེབ་ཅིག་ལག་པར་བླངས་ཏེ་ཀློག་མགོ་བརྩམས་ན། མཚམས་འཇོག་མི་འདོད་པ་དང་། མགྱོགས་མྱུར་ངང་ཤོག་ངོས་གང་མང་ཞིག་ཀློག་འདོད་ཀྱི་སེམས་ཚོར་ངང་གིས་འཁོར་ཡོང་། གང་ཡིན་ཟེར་ན། དེབ་ཀྱི་ནང་དོན་ནི་དེབ་གཞན་དང་མ་འདྲ་བར་ཆོས་ལུགས་དང་ལྟ་གྲུབ་སྐོར་གླེང་སློང་བྱས་ཡོད་ཅིང་། དེབ་ཀྱི་ཐོག་མཐའ་བར་གསུམ་དུ་བཟང་དང་ངན་པའི་བར་གྱི་འཐབ་རྩོད་སྣང་བརྙན་བཞེངས་བསྐྲུན་བྱས་ཡོད་པ་མ་ཟད། རྒྱུན་ལྡན་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བྱ་དངོས་དག་ལ་ཡག་སྡུག་གི་ས་མཚམས་བཞག་ཡོད་པ་དེ་དག་ལ་རྩལ་དུ་བཏོན་ཏེ་དོགས་སློང་བྱས་ཡོད།
ཁོང་གི་དེབ་ཕྲེང་དང་པོ་དེ་གདན་ཐོག་ཅིག་ནས་ལྷོད་ལྷོད་བྱས་ཏེ་བྲིས་པ་ཞིག་མིན་པར་དཀའ་ངལ་དུ་མར་གདོང་ལེན་བྱས་ཏེ། དངུལ་ཁང་དུ་ལས་ཀ་བྱེད་ཞོར་དང་ལམ་ཁར་འགྲོ་ཞོར། སྣུམ་འཁོར་ནང་སྡོད་ཞོར་སོགས་སུ་བསམ་བློ་བཏང་ནས་བྲིས་ཏེ། དེབ་ཕྲེང་དང་པོ་དེ་ཡོངས་སུ་གྲུབ་པར་ལོ་ངོ་ཧྲིལ་བོ་ལྔ་འགོར་འདུག
ཉེ་ལམ་ཁོང་ལྡི་ལིར་ཕེབས་སྐབས་ང་ཁོང་གི་སར་བཅར་ཏེ་ཁ་བརྡ་བྱས་པ་ཡིན། ཁོང་གིས་བརྗོད་དོན། “ངའི་དེབ་ཕྲེང་དང་པོ་ ༢༠༠༨ ལོར་བྲིས་ཚར་ཏེ། དཔེ་སྐྲུན་ཁང་ཆེ་ཆུང་མང་པོ་ཞིག་གི་སྒོ་ཁར་ང་རང་དངོས་སུ་བཅར་དེ་དཔར་བསྐྲུན་བྱེད་པར་རེ་སྐུལ་བྱས་ཀྱང་གཅིག་གིས་ཀྱང་ངོས་ལེན་བྱས་མ་སོང་། དཔེ་སྐྲུན་ཁང་དེ་དག་གིས་ངའི་དེབ་དེ་སྤྱི་ཚོགས་ཁྲོམ་རྭར་འགྲེམ་སྤེལ་ཡག་པོ་འགྲོ་བ་མ་རེད་ལ། འགྲེམ་སྤེལ་ཐུབ་ཀྱང་ཀློག་པ་པོའང་རེག་གི་མ་རེད་ཟེར། གང་ཡིན་ཟེར་ན། གཅིག་ནས་ང་ཚོའི་སྤྱི་ཚོགས་ཀྱི་ཀློག་པོ་མང་ཆེ་བ་མི་རབས་གསར་པ་ཡིན་པ་དང་། མི་རབས་གསར་པ་རྣམས་ཆོས་ལུགས་ལ་དོ་སྣང་མེད། གཉིས་ནས་ལྷ་དབང་ཕྱུག་གི་ལོ་རྒྱུས་མི་ཤེས་མཁན་དཀོན་པོ་ཡིན་སྟབས། ཁོང་གི་སྒྲུང་ཤེས་བཞིན་དུ་ནང་དོན་གཅིག་པའི་དེབ་གསར་པ་ཉོ་བ་མ་རེད་ཟེར།” ཅེས་དེབ་བཏོན་མ་ཐུབ་པའི་དཀའ་ངལ་སྐོར་བརྗོད་བྱུང་།
ད་དུང་ཁོང་གིས། “དཔེ་སྐྲུན་ཁང་རེ་རེ་ཡིས་ངོས་ལེན་མ་བྱས་པར་ཕྱིར་ཁྱིམ་དུ་ལོག་སྟེ་ཐོ་འགོད་བྱས་པ་ཡིན། བསྡོམས་པའི་དཔེ་སྐྲུན་ཁང་ ༢༠ ཡིས་ངོས་ལེན་བྱས་མ་སོང་། དེ་རྗེས་དཔེ་སྐྲུན་ཁང་འཚོལ་དུ་འགྲོ་རྒྱུའང་མཚམས་འཇོག་བྱས་པ་ཡིན།”ཞེས་བརྗོད་སོང་།
མཐར་ཁོང་འུ་ཐུག་སྟེ་སྒེར་ངོས་ནས་དཔར་བསྐྲུན་བྱ་རྒྱུའི་ཐག་གཅོད་བྱས་འདུག སྐབས་དེར་རང་གི་ཆུང་མས་རྒྱབ་སྐྱོར་བྱས་པ་ཙམ་མིན་པར། དཔེ་དེབ་གསར་པ་དབུ་འབྱེད་མ་བྱས་སྔོན་ལ་ཚོད་ལྟའི་ཆེད་དུ། དེབ་ཀྱི་སྙིང་དོན་སྤྱི་ཚོགས་ནང་འགྲེམ་སྤེལ་བྱས་ན་ལེགས་པའི་དགོངས་ཚུལ་བཏོན་པ་ལྟར། ཁོང་གིས་དཔེ་དེབ་འགྲེམ་སྤེལ་མ་བྱས་པའི་བདུན་ཕྲག་གཉིས་ཀྱི་གོང་དུ་དེབ་དེའི་ལེའུ་དང་པོ་དཔར་སློག་བརྒྱབ་སྟེ་དེབ་ཁང་ཁག་གི་སྒོ་ཁ་ནས་རིན་མེད་ཐོག་བཀྲམ་འདུག སྤྱི་ཚོགས་ཁྲོད་དེབ་དེའི་སྐོར་ལ་གླེང་སློང་བྱེད་མཁན་མང་པོ་བྱུང་རྗེས། དེབ་དེ་སྒོ་འབྱེད་བྱས་ཏེ་ཉོ་མཁན་འཚང་ཁ་ཤིག་ཤིག་བྱུང་ཡོད་པ་མ་ཟད། ཉིན་ཁ་ཤས་ནང་དེབ་ཕྲེང་དང་པོ་དེ་རྒྱ་གར་གྱི་དེབ་བྲིན་ཤོས་ཀྱི་ཐོ་གཞུང་ནང་བཀོད་འདུག
དེ་རྗེས་ཁོང་གིས་སླར་ཡར་ལྷ་དབང་ཕྱུག་གི་གཏམ་རྒྱུད་ལ་སྦྱར་བའི་དེབ་ཕྲེང་གཉིས་པ་དང་གསུམ་པ་འབྲི་མགོ་བརྩམས། ༢༠༡༡ ལོར་དེབ་ཕྲེང་གཉིས་པ་ “ཀླུ་སྦྲུལ་གྱི་གསང་བ་”(The Secret of Nagas)ཞེས་པ་དང་། ༢༠༡༣ ལོར་དེབ་ཕྲེང་གསུམ་པ་ “རླུང་གི་བུའི་དམ་བཅའ་”(The Oath of Vayuputras)ཞེས་པ་སོགས་བཏོན་འདུག དེབ་དེ་གསུམ་ཁྱོན་བསྡོམས་ངོ་བཤུས་ས་ཡ་ ༢།༧༥ ལྷག་བྲིན་ཡོད་འདུག
ཏྲི་པཱ་ཊི་ལགས་ཀྱི་དེབ་ཕྲེང་དང་པོ་དེ་རྒྱ་གར་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཀཱ་རཎ་ཇོ་ཧར་((Karan Johar)ལགས་ཀྱིས་གློག་བརྙན་བཟོ་སྐྲུན་ཆེད་ཉོས་ཡོད་པ་དང་། དེབ་ཕྲེང་གཞན་འགའ་རྒྱལ་སྤྱིའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ལ་གློག་བརྙན་བཟོ་སྐྲུན་ཆེད་ཉོས་ཡོད་འདུག
ཁོང་གི་དེབ་ཕྲེང་དེ་དག་སྤྱི་ཚོགས་ཁྲོད་ཤུགས་ཆེན་པོ་བྲིན་པ་ཙམ་མ་ཟད། ཁོང་དང་ཁོང་གི་དེབ་སྐད་གྲགས་ཆེན་པོ་ཆགས་པ་དེས་ཁོ་རང་གི་མི་ཚེ་ལའང་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་འདུག གོ་ཐོས་ལྟར་ན། ཁོང་གིས་ཉེ་ལམ་བཏོན་པའི་དེབ་ཕྲེང་དེའི་ཆེད་དུ་སྔོན་ཚུད་ནས་ཨ་སྒོར་ས་ཡ་གཅིག་སྤྲད་ཡོད་པ་མ་ཟད། དེབ་དེ་དབུ་འབྱེད་མཛད་སྒོར་མི་མང་པོ་འཛོམས་བྱུང་ཡོད་འདུག
ཉེ་ལམ་ཁོང་གིས་བཏོན་པའི་དེབ་ཕྲེང་ལྔ་པ་དེ་ཧིན་རྡུའི་གཏམ་རྒྱུད་ཁྲོད་ཀྱི་ལྷ་མོ་སཱི་ཊཱའི་སྐོར་གྱི་དེབ་ཕྲེང་གཉིས་པ་དེ་ཡིན་འདུག ལྷ་མོ་སཱི་ཊཱའི་སྐོར་གྱི་དེབ་ཕྲེང་དང་པོ་དེ་ ༢༠༡༥ ལོར་ཨིས་ཀོ་ཡེན་ཨོཕ་ཨཱིས་བྷ་ཀཱུ་(The Scion of Ikshvaku)ཞེས་པ་ཞིག་བཏོན་ཡོད་འདུག
ཁོང་གི་དེབ་ཕྲེང་དེ་དག་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་གིས། “ཁོང་གི་དེབ་ཕྲེང་དེ་དག་གི་སྡེབ་སྦྱོར་དང་ཚིག་གི་སྙན་ཆ་འཛམ་གླིང་གི་རྩོམ་རིག་ཕུལ་བྱུང་གྲས་སུ་ཚུད་དཀའ་ཡང་། གཏམ་རྒྱུད་རྙིང་པ་ཞིག་ལ་སྣང་བརྙན་གསར་པ་བསྐྲུན་ཏེ་ཀློག་པ་པོའི་ཡིད་དབང་འཕྲོག་པའི་ནུས་རྩལ་དེ་འགྲན་ཟླ་བྲལ་བ་ཞིག་རེད”ཅེས་བསྟོད་བསྔགས་བྱས་ཡོད།
ཏྲི་པཱ་ཊི་ཡིས་དེབ་དེ་དག་རྩོམ་དོན་སྐོར་ལ། “ངའི་དེབ་དེ་དག་གི་སྒྲུང་ནི་ལོ་ངོ་སྟོང་ཕྲག་སོང་བའི་རྒྱ་གར་གྱི་གནའ་གཏམ་རྙིང་པ་དག་ཡིན་ཡང་། དེ་དག་གི་ནང་དོན་ནི་ཧ་ཅང་རྩ་ཆེན་པོ་དང་། ང་ཚོས་ཤེས་བཞིན་དུ་ཡང་ནས་བསྐྱར་དུ་ཉན་འདོད་པའི་སྒྲུང་སྙན་པོ་ཞིག་ཡིན་སྟབས། དེ་དག་གི་ནང་དོན་གཅིག་པ་ཡིན་ཡང་བརྗོད་ཚུལ་སྔར་དང་མ་འདྲ་བ་བྱས་ཏེ་སྣང་བརྙན་གསར་པ་བསྐྲུན་ཐབས་བྱས་པ་ཡིན།” ཞེས་བརྗོད་སོང་།
ཁོང་གི་ཡིད་དབང་འཕྲོག་པའི་སྒྲུང་གི་སྣང་བརྙན་གསར་པ་དེ་ཡང་། སྤྱིར་དབང་ཕྱུག་ནི་ལྷ་ཡིན་སྟབས་ནུས་སྟོབས་ཆེན་པོ་དང་། དུས་ནམ་ཡང་ཕམ་ཁ་མི་མྱོང་མཁན་ཞིག་ཡིན་དགོས་ཀྱང་། དེབ་དེའི་ནང་ལྷ་དབང་ཕྱུག་གི་སྣང་བརྙན་དེ་ནུས་སྟོབས་ཉམས་ཏེ་ཕམ་ཁ་བྱུང་བའི་བོད་པ་སྐྱབས་བཅོལ་བ་སྐྲ་རིང་པོ་སླེས་ཏེ་ཐ་མག་ནག་པོ་འཐེན་མཁན་ཚོར་དཔེར་བྱས་ཡོད་པ་དང་། ལྷ་མོ་སཱི་ཊ་ནི་ཡོངས་གྲགས་ཐོག་རང་གི་ཁྱོ་གར་བརྩི་བཀུར་དང་ཞབས་ཞུ་ཚད་མཐོ་ཤོས་ཞུ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དེབ་དེའི་ནང་ཁོང་མོའི་སྣང་བརྙན་ནི་རང་གི་ཁྱོ་གའི་གང་བཤད་པར་དང་ལེན་མི་བྱེད་མཁན་གྱི་བུད་མེད་དབང་ཐང་ནུས་སྟོབས་ཅན་ཞིག་བཞེངས་བསྐྲུན་བྱས་ཡོད་པ་མ་ཟད། ལྷ་མོ་ཞིག་གིས་མི་མང་གི་ཆེད་དུ་འཐབ་རྒོལ་བྱེད་ཅིང་། རྒྱལ་ཁབ་ཅིག་གི་སྲིད་བློན་བྱེད་ཀྱི་ཡོད་པའི་སྣང་བརྙན་བསྐྲུན་ཡོད།
རྩོམ་པ་པོ་ཏྲི་པཱ་ཊི་ནི་ད་ལྟ་རང་ལོ་ ༤༢ ཡིན་འདུག ཁོང་གིས་གནའ་བོའི་གཏམ་རྒྱུད་དེ་དག་ཇི་ལྟར་རྒྱུས་ལོན་བྱུང་བའི་སྐོར་བརྗོད་དོན། “ངའི་ནང་མི་ཚོས་ཧིན་རྡུའི་ཆོས་དང་འབྲེལ་བའི་དེབ་མང་པོ་ཀློག་གི་ཡོད་སྟབས། ཁོང་ཚོས་བཀླགས་རྗེས་ངས་ཀྱང་བཀླགས་པ་ཡིན། ངའི་སྤོ་བོ་ལགས་ནི་གནས་ཆེན་ཝཱ་རཱ་ནཱ་སིའི་ཆོས་དཔོན་ཞིག་ཡིན། དམིགས་བསལ་གྱི་ཁོང་གི་དྲུང་ནས་ཧིན་རྡུའི་རྟོག་སྒྲུང་མང་པོ་གོ་ཐོས་མྱོང་བ་མ་ཟད། ཁོང་གིས་དེབ་མང་པོ་ཞིག་ངོ་སྤྲད་གནང་གི་རེད།” ཅེས་བརྗོད་སོང་།
ད་དུང་ཁོས་མཐོ་སློབ་ནང་སློབ་གཉེར་བྱེད་བཞིན་པའི་བར་སྐབས་ཤིག་ལ་ཆོས་དད་མེད་མཁན་ཞིག་ཏུ་གྱུར་སོང་ཡང་། དེབ་ཕྲེང་དེ་དག་རྩོམ་མགོ་བཙུགས་རྗེས་ཆོས་ལུགས་ལ་དོ་སྣང་བྱུང་བ་དང་། བསམ་བློ་མང་པོ་བཏང་མཐར་ཆོས་ལུགས་ལ་དད་མོས་ཡོད་མཁན་ཞིག་ཆགས་སོང་ཟེར། ཁོང་གིས་བརྗོད་དོན། “ཆོས་ལ་དད་པ་ཡོད་ན་སེམས་ལ་ཞི་བདེ་ཡོང་གི་ཡོད་པར་ཡིད་ཆེས་ཡོད། དེར་བརྟེན། ངས་ཆོས་ལུགས་ཀྱི་རྟགས་ཚན་དང་རིམ་གྲོ་སོགས་ལའང་ཡིད་ཆེས་བྱེད་ཀྱི་ཡོད། ང་ང་ལ་གང་ཞིག་གིས་ཞི་བདེ་སྟེར་ཐུབ་ན་དེ་ལ་འཇུག་གི་ཡོད། གཟའ་ཟླ་བ་ནམ་ཡིན་ལ་ང་རང་ལྷ་དབང་ཕྱུག་ཆེན་པོའི་མཆོད་ཁང་དུ་འགྲོ་བཞིན་ཡོད། དད་ལྡན་མང་པོ་ཞིག་གིས་ལྷ་དབང་ཕྱུག་གི་ཕོ་མཚན་སྟེང་ལ་འོ་མ་གཏོར་གྱི་འདུག་ཀྱང་། ངས་དེ་ལྟར་བྱེད་ཀྱི་མེད། ངས་འོ་མ་ཉོས་ཏེ་སྤྲང་པོ་སློང་མོ་རྒྱག་མཁན་ཚོར་སྤྲོད་ཀྱི་ཡོད། དེ་ལྟར་བྱས་ན་ངའི་སེམས་ལ་དགའ་བ་དང་བདེ་བ་འཕེལ་གྱི་འདུག འོན་ཀྱང་། ངས་ང་རང་དཔེར་བྱས་ཏེ་ལྷ་དབང་ཕྱུག་གི་མཚན་མར་འོ་མ་ལྡུག་མཁན་ཚོར་སྐྱོན་བརྗོད་བྱེད་ཀྱི་མེད།”ཅེས་བརྗོད་སོང་།
དེང་སྐབས་ཁོང་ནི་རྒྱ་གར་སྤྱི་ཚོགས་ནང་གྲགས་ཅན་གྱི་མི་སྣ་ཞིག་ཆགས་ཡོད་ཀྱང་། ཁོང་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་ཐོན་ཏེ་གཞན་ལ་རྩོད་པ་རྒྱག་གི་མེད་ལ། སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་ཐོག་གླེང་སློང་ཡང་བྱེད་ཀྱི་མེད། ཁོང་ནི་ནམ་རྒྱུན་སྤྱི་ཚོགས་ཀྱིས་རྙོག་གྲ་དང་ཆབ་སྲིད་སོགས་ལ་ལག་པ་མི་འཆང་བར་རང་སར་སྡོད་པ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་རང་གི་དགའ་སྐྱོ་ཆགས་སྡང་གི་ཚོར་བརྗེ་ལེན་བྱེད་མཁན་ཞིག་ཀྱང་མིན།
ཁོང་གིས། “སྤྱི་ཚོགས་ཀྱི་རྙོག་གླེང་ཕལ་ཆེ་བ་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པར་མི་ཁ་ཤས་ཤིག་གིས་བསམ་བཞིན་དུ་བཟོ་བཞིན་ཡོད་པ་དང་། དེ་ལ་གསར་འགོད་པས་ཚད་ཅིག་བརྒྱབ་རྗེས་སྒྱུ་རྩལ་བ་ཡིན་ཟེར་མཁན་ཚོས་རང་གི་ཁེ་ཕན་ཆེད་བེད་སྤྱོད་གཏོང་གི་འདུག ང་ལ་དེ་འདྲའི་རྙོག་གླེང་གི་ཁྲོད་ནས་ངའི་དེབ་ཕྲེང་དེ་དག་འཚོང་འདོད་མེད། དེ་འདྲའི་རྙོག་གླེང་ཞིག་བྱུང་ན་ངས་རང་གི་དེབ་དེ་དག་བཙོང་རྒྱུ་མིན།” ཞེས་བརྗོད་སོང་།
དེབ་ཕྲེང་དེ་དག་ལ་བརྟེན་ཏེ་ད་ལྟ་ཁོང་ནི་འཛམ་གླིང་སྟེང་གི་གྲགས་ཅན་རྩོམ་པ་པོ་ཇཱེ་ཨར་ཊོལ་ཀིན་(JR Tolkien)དང་པཱའོ་ལཱོ་སཱི་ཧི་ལཱོ་(Paulo Coehlo)དང་མཚུངས་བསྡུར་བྱེད་ཡུལ་ཞིག་ཆགས་ཡོད།
ཁོང་གིས། “ང་རང་རྩོམ་པ་པོ་ཇཱེ་ཨར་དང་པཱའོ་གཉིས་ཀར་དགའ་བོ་ཡོད། པཱལོ་ཡི་དེབ་དེ་དག་ང་རང་དགའ་ཤོས་དང་ཡག་ཤོས་སུ་མཐོང་གི་ཡོད། འོན་ཀྱང་། ཇཱེ་ཨར་ནི་མི་གཞན་དང་མ་འདྲ་བར་བསམ་བློ་གཏོང་མཁན་ཞིག་རེད། ཁོང་གི་བསམ་བློ་གཏིང་ཟབ་པོ་གཏོང་སྟངས་ལ་ང་རང་དགའ་བོ་ཡོད་ཀྱང་། ངའི་དེབ་ཕྲེང་དེ་དག་ལ་ཁོང་གཉིས་ཀྱི་དེབ་འབྲི་ཚུལ་གྱི་ཤུགས་རྐྱེན་གང་ཡང་ཐེབས་མེད། ང་རང་གི་རྩོམ་འབྲི་ལ་ང་ཚོའི་གནའ་སྔ་མོའི་རིག་གཞུང་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ང་རང་དེ་ལ་དགའ་སྤོབས་ཡོད།”ཅེས་བརྗོད་སོང་།
ངས་ཁོང་ལ་མ་འོངས་པར་དེབ་འབྲི་བར་འཆར་གཞི་ཡོད་མེད་དྲིས་པར། ཁོང་གིས་མི་ཚེ་མ་རྫོགས་བར་དུ་མུ་མཐུད་དེ་བྲིས་ནའང་བརྗོད་མ་ཚར་བའི་བསམ་བློ་དང་འཆར་སྣང་ཞིག་ཡོད། “འོན་ཀྱང་། མཚམས་རེར་ང་རང་གི་སེམས་ནང་ཞེད་སྣང་ཞིག་སྐྱེ་ཡི་འདུག དེ་གང་རེད་ཟེར་ན། ང་རང་གི་བསམ་བློར་ཡོད་པའི་འཆར་གཞི་དེ་དག་བྲིས་མ་ཚར་གོང་ལ་ང་རང་ཤི་སྟེ། ང་རང་གི་ཕུང་པོ་དང་མཉམ་དུ་འཆར་སྣང་དེ་དག་ཀྱང་ཡལ་འགྲོ་བའི་ཞེད་སྣང་འདུག” ཅེས་བརྗོད་སོང་།
བྷི་བྷི་སི་གསར་ཁང་གིས་ ༢༠༡༧།༦།༡༦ ཉིན་སྤེལ།
གྷི་ཊ་པཱན་ཌེ།(Geeta Pandey)བརྩམས།
ཉི་མ་ཚེ་རིང་གིས་བསྒྱུར།
བོད་པར་མཐོང་ཆུང་རེད་དམ་མཐོང་ཆེན་རེད། དཔེ་དེབ་དེའི་ནང་དུ་ (སྤྱིར་དབང་ཕྱུག་ནི་ལྷ་ཡིན་སྟབས་ནུས་སྟོབས་ཆེན་པོ་དང་། དུས་ནམ་ཡང་ཕམ་ཁ་མི་མྱོང་མཁན་ཞིག་ཡིན་དགོས་ཀྱང་། དེབ་དེའི་ནང་ལྷ་དབང་ཕྱུག་གི་སྣང་བརྙན་དེ་ནུས་སྟོབས་ཉམས་ཏེ་ཕམ་ཁ་བྱུང་བའི་བོད་པ་སྐྱབས་བཅོལ་བ་སྐྲ་རིང་པོ་སླེས་ཏེ་ཐ་མག་ནག་པོ་འཐེན་མཁན་ཚོར་དཔེར་བྱས་ཡོད) ཞེས་འཁོད་འདུག་ཟེར་བ་དེའི་དོན་དག་ག་འདྲ་ཡིན་ནམ།