ཏིན་ཡི་ཧྥུ་དང་ལི་ཅང་ལིན་གཉིས་ཀྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ལས་བསྒྱུར།
རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ཏིན་ཡི་ཧྥུ་དང་ལྕམ་ལི་ཅང་ལིན་གཉིས་ཀྱིས་༧གོང་ས་མཆོག་གི་ཚན་རིག་ལྟ་བ་དང་སེམས་དང་སྲོག་གི་བགྲོ་གླེང་རིམ་པའི་སྐོར་ལ་དྲི་བ་དྲིས་ལན་གྱི་རྣམ་པའི་ཉམས་ཞིབ་གནང་བའི་དཔེ་དེབ་<<ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་།>>ཞེས་པའི་དེབ་ཀྱི་ལེའུ་དང་པོ་<ལས་ཀྱི་འཛོམས་པ།>ཞེས་པ་ ༢༠༡༧།༥།༢༥ ཉིནདྲ་ལམ་དུ་སྤེལ་ཡོད་པ་བོད་སྒྱུར་བྱས་ཡོད།
ཁ་ཨལ-ཕོ་པུ་ཨར།
ཀ: དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་། ཏཱ་ལའི་བླ་མ་ཕྱི་རྒྱལ་ཁག་ཏུ་ཕེབས་པ་ནས་བཟུང་། མི་སྣ་སྐད་གྲགས་ཅན་སུ་དང་སུ་ལ་ཐུག་ཡོད་དམ།
ཁ: ༡༩༧༣ ལོར། ཏཱ་ལའི་བླ་མ་ཐོག་མར་ཡུ་རོབ་དུ་ཕེབས་ཏེ། ཁ་ཨལ-ཕོ་པུ་ཨར་དང་མཇལ་ཡོད་པའི་སྐོར་ཁོང་གིས་གླེང་སོང་།
ཀ: ཁ་ཨལ-ཕོ་པུ་ཨར་ནི། ཚན་རིག་ཚོད་དཔག་གི “མ་ཡིན་སྒྲུབ་པའི་རྣམ་གཞག”གི་སྲོལ་འབྱེད་མཁན་ཡིན།
ཁ: ཁ་ཨལ-ཕོ་པུ་ཨར་ནི།(Karl Popper)(1902-1994) དུས་རབས་ཉི་ཤུའི་ནང་གི་ཚན་རིག་ལྟ་གྲུབ་སྨྲ་བ་ཞིག་ཡིན། ཁོས་སྲོལ་རྒྱུན་གྱི་ཚད་མཇལ་དང་སྡོམ་ཚིག་འགོད་ཐབས་ལ་དགག་སྒྲུབ་བྱས་ཡོད། ཚོད་ལྟའི་ཁྲོད་ནས་མ་ཡིན་སྒྲུབ་རུང་པའི་ཚོད་དཔག་གང་ཞིག་ཚན་རིག་གི་ཚོད་དཔག་ལ་བཞག་ཆོག་མིན་གྱི་ལྟ་ཚུལ་དེ་ཁོས་བཏོན། དེ་ནས། ཚན་རིག་དང་ཚན་རིག་མ་ཡིན་པའི་ཚད་གཞིའི་ཐད་ལ་རྣམ་གཞག་གསར་བ་ཞིག་བྱུང་བ་རེད།
ཀ: ༡༩༧༣ ལོར། ཏཱ་ལའི་བླ་མ་ཡུ་རོབ་ཏུ་ཕེབས་ཏེ། སྐབས་དེར་ཧ་ལམ་ལོ་ན་བདུན་ཅུར་སོན་པའི་ཚན་རིག་པ་འདི་དང་ཐུག་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།
ཁ: དེ་ནི་ཁ་ཨལ-ཕོ་པུ་ཨར་གྱི་ཆབ་སྲིད་བསམ་བློ་དང་ཕལ་ཆེར་འབྲེལ་བ་ཡོད། ཁོ་ནི་ཨོ་སི་ཐྲི་ཡ(Austria)རྒྱལ་ཁབ་ཀྱི་ཡ་ཧུ་དཱ་པ་བ་ཞིག་ཡིན། འཇར་མན་ན་ཙིའི་གནོད་འཚེ་ལ་གཡོལ་བའི་སླད་དུ། ཨོ་སི་ཐྲི་ཡ་རྒྱལ་ཁབ་དང་ཁ་བྲལ་ཏེ་དབྱིན་ཇིར་སོང་། ཚིག་སྒྲོས་གཞན་ཞིག་གི་སྒོ་ནས་བཤད་ན། ཁོ་ནི་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན། དེར་བརྟེན། དབང་ཆ་སྒེར་འཛིན་གྱི་གནོད་འཚེའི་ཐད་ལ། ཁོའི་སེམས་སུ་བཟོད་དུ་མེད་པའི་ན་ཟུག་ཆེན་པོ་ཡོད། དམངས་གཙོ་དང་རང་དབང་ནི་ཁོས་གཙུགས་སུ་བཀུར་ཞིང་། ཆབ་སྲིད་རིག་པའི་བརྩམས་ཆོས། << དཀྱེལ་ཡངས་དང་དགྲ་བོ།>> <<ལོ་རྒྱུས་རིང་ལུགས་ཀྱི་མེད་མུག>>གཉིས་ལ་ཤུགས་རྐྱེན་ཧ་ཅང་ཆེ། དཔག་ཐུབ་པ་ཞིག་ནི། ཁོས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་དེ་རེད།
ཀ: ཁོ་དང་ཏཱ་ལའི་བླ་མ་གཉིས་ཀྱིས་ཅི་ཞིག་གླེང་ཡོད་དམ།
ཁ: ཁ་ཨལ-ཕོ་པུ་ཨར་དང་ཏཱ་ལའི་བླ་མ་རྣམ་གཉིས་ཀྱིས་ཚན་རིག་གི་བྱེད་ཐབས་སྐོིར་ལ་བགྲོ་གླེང་བྱས་ཡོད། ཁོའི་ལྟ་ཚུལ་དང་འགྲེལ་བ་རྣམས་ནི་ཧ་ཅང་གཏིང་ཟབ། ཏཱ་ལའི་བླ་མས་ཁ་ཨལ-ཕོ་པུ་ཨར་གྱི་ལྟ་ཚུལ་ལ་བརྟེན་ཏེ། བྱེད་ཐབས་ཀྱི་ཐད་ནས། ནང་ཆོས་དང་དེང་གི་ཚན་རིག་གི་བར་ན་ཁྱད་པར་ཆེན་པོ་ཡོད་པ་འཕྲལ་དུ་རྟོགས། ཚན་རིག་གི་བྱེད་ཐབས་ནི། རྙོག་འཛིང་ཆེ་ཞིང་གྲངས་འབོར་མང་བའི་གྲངས་ཀར་བརྟེན་གྱི་ཡོད་པ་དང་། ནང་ཆོས་ཀྱི་བྱེད་ཐབས་ནི། ཞིབ་ཚགས་པའི་གཏན་ཚིགས་ཀྱི་རིག་པར་བརྟེན་ཡོད། གཏན་ཚིགས་དང་རིགས་འདེད་ཀྱི་བྱེད་ཐབས་དེ་ལ་གྲངས་ཀར་བརྟེན་ནས་བྱུང་བའི་ཐོལ་བརྒལ་རང་བཞིན་གྱི་འབྲས་བུ་དེ་འདྲ་ནམ་ཡང་ཐོབ་མི་ཐུབ། ཏཱ་ལའི་བླ་མས། རྙོག་འཛིང་ཆེ་བའི་གྲངས་ཀ་དང་། ཨང་རྩིའི་རྣམ་གཞག་ལ་བརྟེན་ནས། ཧ་ཅང་ལྐོག་གྱུར་གྱི་རིམ་པ་ཞིག་ཏུ་སླེབས་ཐུབ་པར་ཡང་ཤེས། ཚོད་དཔག་ལ་བརྟེན་ནས་གྲངས་ཀྱི་རྣམ་པ་སྐྲུན་ཏེ། རྙོག་འཛིང་ལྡན་པའི་གྲངས་ཀྱི་རྣམ་པ་དེ་རྩིས་བརྒྱབས་ཏེ་འབྲས་བུ་ཐོན་པར་བྱེད་པ་དང་། དེ་ནས། འབྲས་བུ་དེ་དག་གིས་དངོས་ཡོད་ཀྱི་འཇིག་རྟེན་ལ་འགྲེལ་ཚེ། ཧ་ཅང་རྙོག་འཛིང་ཆེ་ཞིང་། ཚད་གཞི་མཐོ་བའི་རིམ་པ་ཞིག་གསར་རྙེད་བྱེད་ཐུབ་ཀྱི་ཡོད། འདི་ནི་དེང་གི་དངོས་ཁམས་ཚན་རིག་ཞིབ་འཇུག་གི་རྨང་གཞི་ཡིན་ཞིང་། རྙོག་འཛིང་ཆེ་བའི་གྲངས་ཀྱི་རྣམ་གཞག་ལ་བརྟེན་པའི་ཞིབ་འཇུག་བྱེད་ཐབས་དེ་ནི། ནང་པའི་སྲོལ་རྒྱུན་དུ་གང་ཞིག་ཆད་ཡོད་པ་དེ་རེད།
ཀ: ཡང་གཅིག་བཤད་ན། འཇིག་རྟེན་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱེད་པའི་བྱེད་ཐབས་ཀྱི་ཆ་ནས། ཁ་ཨལ-ཕོ་པུ་ཨར་གྱིས་ཏཱ་ལའི་བླ་མར། ནང་ཆོས་ལ་མངོན་གསལ་དོད་པའི་ཚད་བཀཀ་རང་བཞིན་ཞིག་ཡོད་པ་དང་། ནང་ཆོས་ནི་དེང་གི་དངོས་ཁམས་རིག་པའི་ལྐོག་གྱུར་དང་རིགས་འདེད་ཀྱི་རིམ་པ་དེར་ནམ་ཡང་སླེབས་མི་ཐུབ་ལ། དངོས་ཁམས་རིག་པའི་ཚད་མཐོ་བའི་གྲངས་ཀྱི་འབྲས་བུ་རྣམས་ཀྱང་ནམ་ཡང་ཤེས་མི་ཐུབ་བཅས་འགྲེལ་རྗོད་བྱས་ཡོད། ཕལ་ཆེར་སྐབས་ཐོག་དེ་ནས་བཟུང་སྟེ། ཏཱ་ལའི་བླ་མར་གྲྭ་ས་ཁག་ཏུ་ཚན་རིག་སློབ་ཁྲིད་བྱེད་དགོས་པའི་དགོངས་ཚུལ་ཡོད་ངེས།
ཁ: རེད། ཏཱ་ལའི་བླ་མ་ནི། ནང་པའི་བླ་མ་མཐོ་ཤོས་ཤིག་ཡིན་པ་དང་། ནང་པའི་རྗེས་འབྲངས་པ་མང་པོ་ཞིག་གི་མིག་ནང་དུ། ཁོང་ནི་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན་པ་དང་། ཡིན་ན་ཡང་། ཁོང་ལ་ལོ་ན་ཆུང་དུས་ནས་བཟུང་སྟེ། ལྟ་བ་མཁྲེགས་འཛིན་གྱི་རང་གཤིས་མེད། ཁོང་གིས་ནང་ཆོས་ལ་དེང་གི་དངོས་ཁམས་རིག་པ་དང་བསྡུར་ན། སྒྲུབ་དཀའ་བའི་རིམ་པ་མང་པོ་ཞིག་ཡོད་པ་ཤེས་ཀྱི་ཡོད་ལ། ནང་ཆོས་ལེགས་པོ་ཞིག་སྦྱངས་དགོས་ཚེ། མི་ཚེ་གང་བོར་སྦྱངས་དགོས། ཏཱ་ལའི་བླ་མར་ནང་ཆོས་ཀྱི་མི་འདང་ས་རྣམས་ཁོས་ལེན་བྱེད་པར་འཛེམ་དོགས་དང་ཞེད་སྣང་ཅི་ཡང་མི་འདུག
ཀ: ཁ་ཨལ-ཕོ་པུ་ཨར་གྱི་ཧ་ཅང་སྙན་གྲགས་ཆེ་བའི་རྣམ་གཞག་ནི། ཁོ་རང་གི་མ་ཡིན་སྒྲུབ་པའི་རྣམ་གཞག་དེ་ཡིན། ཁོ་རང་གིས་ཚན་རིག་གི་རྣམ་བཤད་ཀུན་གྱི་རྩ་བ་ནི། ཚོད་དཔག་ཡིན་པ་དང་། ཚོད་དཔག་ནི་མཐར་ཐུག་གི་བདེན་པ་ཡིན་པར་སྒྲུབ་མི་ཐུབ་ན་ཡང་། མིན་པ་མ་ཡིན་པ་ཡང་ནམ་དུ་སྒྲུབ་རུང་པའི་ལྟ་ཚུལ་གླེང་། དེར་བརྟེན། ཉམས་མྱོང་དངོས་བདེན་གྱིས་རྣམ་བཤད་གང་ཞིག་ཚན་རིག་དང་མཐུན་པ་ཞིག་ཡིན་པར་སྒྲུབ་མི་ཐུབ། དཔེར་ན། ངང་པ་དཀར་པོ་མང་པོ་ཞིག་གིས་ཀྱང་། ངང་པ་ནི་དཀར་པོ་ཡིན་པར་སྒྲུབ་མི་ཐུབ་པ་ལྟ་བུ་ཡིན། ངང་པ་ནག་པོ་གཅིག་ཡོད་ན་ཡང་། ངང་པ་ནི་དཀར་པོ་ཡིན་ཞེས་པའི་སྡོམ་ཚིག་དེ་ནོར་འཁྲུལ་ཡིན་པ་སྟོན་གྱི་ཡོད། ཁོ་རང་གིས་གཞུང་ལུགས་ཚན་རིག་རང་བཞིན་ནི། མ་ཡིན་སྒྲུབ་རུང་བ་ཞིག་ཏུ་འདོད་ཀྱི་ཡོད། ཏཱ་ལའི་བླ་མར་དེའི་ཐད་ལ་དགོངས་ཚུལ་ཅི་ཞིག་འདུག་གམ།
ཁ: ཏཱ་ལའི་བླ་མས་ཁ་ཨལ-ཕོ་པུ་ཨར་གྱི་མ་ཡིན་སྒྲུབ་པའི་རྣམ་གཞག་གི་ཐད་ལ་དོ་སྣང་བྱུང་འདུག རྣམ་གཞག་འདི་ལྟར་ན། ལེགས་ཉེས་བླང་དོར་གྱི་བསམ་བློ་དང་། མཛེས་དཔྱོད་ཀྱི་ལྟ་བ། རྣམ་ཤེས་ལ་སོགས་ཀྱི་མིའི་མྱོང་བ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ནི། ཚན་རིག་གི་ཁྱབ་ཁོངས་སུ་འདུས་ཐབས་མེད་པ་ཞིག་ཡིན་པ་ཏཱ་ལའི་བླ་མས་ཤེས་རྟོགས་བྱུང་། འོན་ཀྱང་། ནང་པས་བདེན་པ་བཙལ་བའི་སྐབས་སུ། དངོས་པོའི་སྟེང་ནས་བདེན་པ་བཙལ་བར་མ་ཟད། ཡུལ་ཅན་མིའི་མྱོང་བ་དང་ཤེས་པ་ཡང་བརྟག་དཔྱད་ཀྱི་ཡུལ་དུ་འཛིན་གྱི་ཡོད། ནང་པས་ཕྱིའི་ཡུལ་གྱི་སྟེང་ནས་བདེན་པ་བཙལ་བའི་སྐབས་སུ། གཟུགས་འདས་རིག་པ་དང་ཀུན་སྤྱོད་ཀྱི་རྣམ་གཞག་དང་ཆེ་ཆེར་འབྲེལ་ཡོད། ཡང་ཅིག་བཤད་ན། ཚན་རིག་གི་ཚད་གཞིའི་ཐད་ནས། དེང་གི་ཚན་རིག་དང་ནང་ཆོས་གཉིས་ཀྱི་བར་ན་ཁྱད་པར་ཆེན་པོ་འདུག ཏཱ་ལའི་བླ་མས་ཁྱད་པར་འདི་མཐོང་ཡོད། ཡིན་ན་ཡང་། ཚན་རིག་དང་ནང་ཆོས་གཉིས་ཀྱི་མི་འདྲ་བའི་ཆ་འདིས་ཏཱ་ལའི་བླ་མ་དང་ཚན་རིག་པ་གཉིས་མུ་མཐུད་ནས་བགྲོ་གླེང་བྱེད་པར་བར་ཆད་བྱེད་མ་ཐུབ།
ཏཱ་ལའི་བླ་མས་མ་ཡིན་སྒྲུབ་པའི་རང་བཞིན་གྱི་ངོས་འཛིན་དང་བྱེད་ཐབས་ཀྱི་རིན་ཐང་དེ་ཁོང་དུ་ཆུད། ཁོང་གིས་མ་རྟོགས་པ་དང་། མེད་པ་རྟོགས་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། དེ་བཞིན་དུ། མ་ཤེས་པ་དང་། མིན་པ་ཤེས་པ་གཉིས་ཀྱང་གཏན་ནས་མི་འདྲ་བར་བརྗོད། རྗེ་ཙོང་ཁ་པས་ཀྱང་། གཏན་ཚིགས་གང་ཞིག་ལ་དགག་པ་དང་། གཏན་ཚིགས་གང་ཞིག་ཡིན་པར་སྒྲུབ་མི་ཐུབ་པ་གཉིས་ནི་མི་འདྲ་བར་གསུངས་ཡོད། བརྟག་ཅིང་དཔྱད་པའི་རྗེས་ནས་བདར་གཅོད་བྱེད་མི་ཐུབ་པ་དང་། བརྟག་ཅིང་དཔྱད་པའི་རྗེས་ནས་དགག་བཞག་འཕེན་པ་གཉིས་ནི་མི་འདྲ།
ཀ: ཚན་རིག་པ་ཚོའི་ངོས་ནས་བཤད་ན། གཏན་ཚིགས་ཀྱི་རིག་པ་དེ་རྣམས་ནི། བསམ་གཞིག་བྱེད་ཐབས་ཀྱི་ཧ་ཅང་གལ་ཆེ་བའི་རྨང་གཞི་ཞིག་ཡིན། བོད་ཀྱི་གྲྭ་སའི་ནང་དུ་ཡང་དེ་དག་དང་མཚུངས་པའི་གཏན་ཚིགས་རིག་པ་དེ་སྦྱོང་བརྡར་བྱེད་ཀྱི་ཡོད། དེར་བརྟེན། རྣམ་གཞག་དེ་དག་དགེ་འདུན་པ་རྣམས་ལ་ཆ་མཚོན་ན། དེ་འདྲའི་ཁག་པོ་ཞིག་ཡོད་ཀྱི་མ་རེད།
ཁ: རེད། དགེ་འདུན་པ་རྣམས་ཀྱིས་གཏན་ཚིགས་ཀྱི་རིག་པ་དེ་སྦྱོང་བརྡར་བྱེད་པའི་ཁྲོད་ནས་སྤྲོ་བ་ཞིག་རྙེད་ཀྱི་ཡོད། ཁོ་ཚོས་རྟགས་གསལ་གཏོང་བའི་སྒོ་ནས་གནས་ལུགས་གང་ཞིག་ལ་དགག་བཞག་སྤོང་གསུམ་བྱས་ཏེ། ཡང་དག་པའི་སྡོམ་ཚིག་འཇོག་གི་ཡོད།
ཀ: སྤྱི་ལོ ༡༩༧༣ ལོར། ཏཱ་ལའི་བླ་མ་ཡུ་རོབ་དུ་ཆིབས་སྒྱུར་བསྐྱངས་པའི་རྗེས་ཀྱི་ལོ་བཅུའི་ནང་དུ་། ཁོང་ཡུ་རོབ་དུ་ཐེངས་མང་ལ་ཕེབས། ཡིན་ན་ཡང་། ཁོང་ཆིབས་སྒྱུར་བསྐྱངས་པའི་སྐབས་ཀྱི་དུས་ཡུན་ནི་ཚད་དང་ལྡན་ཞིང་། མཛད་འཕྲིན་རབ་ཏུ་རྒྱས། ཡིན་ན་ཡང་། མིང་དུ་གྲགས་པའི་ཚན་རིག་པ་ཁ་རལ་ཝོན-ཝེ་ཛེ་ཁི་དང་ཏ་ཝེ་ཊི-བྷོམ་སོགས་ལ་ཐེངས་མང་དུ་མཇལ་འཕྲད་གནང་སྟེ་བགྲོ་གླེང་གནང་། འདི་ནི་མི་དཀྱུསས་མ་ཞིག་གིས་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན། ཕྱི་རྒྱལ་གྱི་མི་རྣམས་ལ་ཆ་མཚོན་ན། ཏཱ་ལའི་བླ་མ་ནི་ཆོས་ལུགས་ཀྱི་མི་སྣ་ཞིག་དང་། ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན་པ་ལས། ཚན་རིག་པ་ཞིག་མ་རེད། ཆོས་ཀྱི་དབུ་ཁྲིད་ཅིག་དང་ཚན་རིག་པ་གཉིས་ཅི་ལྟར་བགྲོ་གླེང་བྱས་པ་ཡིན་ནམ། དོགས་པ་འདི་ནི་ཕྱི་རྒྱལ་གྱི་མི་རྣམས་ལ་རྟག་པར་སྐྱེ་བཞིན་ཡོད།
ནང་ཆོས་ནི། ཡ་ཧུ་དཱ་པའི་ཆོས་ལུགས་དང་། ཡེ་ཤུ་ཆོས་ལུགས། ཁ་ཆེ་ཆོས་ལུགས་རྣམས་དང་མི་འདྲ། ནང་པས་འཇིག་རྟེན་ནི་བཀོད་པ་པོ་ཞིག་གིས་བསྐྲུན་པར་མི་འདོད། ནང་པའི་རྗེས་འཇུག་རྣམས་སངས་རྒྱས་ཀྱི་གསུང་གི་རྗེས་སུ་འབྲང་བ་དང་། དཔེར་ན། སངས་རྒྱས་ཀྱིས་གསུངས་པའི་ལས་དང་། རྟེན་འབྲེལ་ལྟ་བུའི་རྣམ་གཞག་ལ་བརྟེན་ནས། དངོས་ཡོད་གནས་ལུགས་ལ་འགྲེལ་རྗོད་བྱེད་ཀྱི་ཡོད། དེར་བརྟེན། ནང་པས་དད་པ་བྱེད་ཀྱི་ཡོད་པའི་སངས་རྒྱས་ནི། ཡེ་ཤུ་བ་རྣམས་ཀྱིས་དད་པ་བྱེད་ཀྱི་ཡོད་པའི་དཀོན་ཅོག་དང་གཏན་ནས་མི་འདྲ། སངས་རྒྱས་ཀྱང་མི་ཕལ་བ་ཞིག་ཡིན་ཞིང་། ནང་པས་དད་པ་བྱེད་ཀྱི་ཡོད་པ་ནི། ཁོང་གི་གསུང་ཡིན། ཡིན་ན་ཡང་། ཁོང་གི་གསུང་ནི་མུ་མཐུད་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མུ་མཐུད་དེ་ཡང་དག་ནས་ཡང་དག་གི་ལམ་དུ་འགྲོ་བཞིན་ཡོད། དེར་བརྟེན། ཏཱ་ལའི་བླ་མས་གསུངས་པ་ལྟར། ནང་པའི་རྗེས་འཇུག་པ་རྣམས་ཀྱིས་ཚན་རིག་པས་ཚན་རིག་ལ་ཇི་ལྟར་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་ཡང་དེ་ལྟར་ལྟ་བཞིན་ཡོད། འདིའི་ངོས་ཐད་ནས་བཤད་ན། ནང་ཆོས་ནི་ཚན་རིག་ཅིག་དང་འདྲ།
ཁ: ཨ་རིའི་ཚན་རིག་པ་དང་། ཚན་རིག་ལྟ་གྲུབ་སྨྲ་བ། ཐོ་མ་སི-ཁོ་ཨུན(Thomas Kuhn)གྱིས་རང་ཉིད་ཀྱི་བརྩམས་ཆོས<<ཚན་རིག་གསར་བརྗེའི་རྣམ་པ། >>ཞེས་པའི་ནང་དུ། ཚན་རིག་གི་སྤྱི་སྲོལ་ཞིག་གླེང་ཡོད། ཁོས་བརྗོད་དོན། ཚན་རིག་གི་སྤྱི་སྲོལ་ཞེས་པ་ནི། དུས་རབས་རེ་རེའི་ཚན་རིག་པ་རྣམས་ལ་ཡོད་པའི་ལྟ་ཚུལ་དང་། ངོས་འཛིན། བསམ་གཞིག་བྱེད་ཐབས་རྣམས་ཚན་རིག་ཁྱབ་ཁོངས་སྤྱིས་ངོས་ལེན་དང་བརྩི་སྲུང་། བེད་སྤྱོད་བྱེད་པ་དེར་རྗོད་ཀྱི་ཡོད་དོ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་། ཚན་རིག་གི་ཡར་རྒྱས་ནི། ཤེས་བྱ་གསར་བ་གསོག་འཇོག་གི་བརྒྱུད་རིམ་ཁོ་ན་མ་ཡིན་ཞིང་། ད་དུང་། ཚན་རིག་གི་སྤྱི་སྲོལ་ལ་འགྱུར་ལྡོག་བྱུང་བའི་གསར་བརྗེའི་རང་བཞིན་གྱི་འགྱུར་བ་དེར་ཡང་གོ་བ་ཡིན། དཔེར་ན། སྔོན་གྱི་ནིག་ཊོན་དངོས་ཁམས་རིག་པ་ནས། དེང་གི་ཁོམ་ཊོན་དངོས་ཁམས་རིག་པ་དང་ལྟོས་གྲུབ་དངོས་ཁམས་རིག་པ་བར་ལ་ཚན་རིག་གི་སྤྱི་སྲོལ་འགྱུར་ལྡོག་བྱུང་བའི་སྒོ་ནས་ཡོང་ཡོད། ད་དུང་ཐོ་མ་སི-ཁོ་ཨུན་གྱིས་འདི་ལྟར་འདོད་ཀྱི་ཡོད་དེ། ལོ་རྒྱུས་སྟེང་གི་དུས་སྐབས་གང་རུང་ཞིག་གི་ཚན་རིག་གི་བདེན་པ་ཅི་ཞིག་ཡིན་མིན་དེ། ཕྱིའི་ཡུལ་གྱི་ཚད་གཞི་གང་ཞིག་ལ་བརྟེན་ནས་ཐག་གིས་བཅད་པ་ཞིག་མིན་ཞིང་། དེ་ནི་ཚན་རིག་ཁྱབ་ཁོངས་ཡོངས་ཀྱིས་མོས་མཐུན་བྱེད་པར་བརྟེན་ནས་ཐག་གིས་བཅད་པ་ཞིག་ཡིན་ནོ། ཡང་གཅིག་བཤད་ན། ང་ཚོའི་ཚན་རིག་སྐོར་གྱི་ཤེས་རྟོགས་རྣམས་ནི། ཕྱིའི་ཡུལ་ཁོ་ནར་བརྟེན་ནས་བྱུང་བ་ཞིག་མིན་ལ། དོན་དངོས་སུ་ཕལ་མོ་ཆེ་ཞིག་ནི་ཚན་རིག་པ་རྣམས་ཀྱིས་གང་ཞིག་ཐག་གཅོད་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན། ཐག་གཅོད་གང་བྱས་ཡོད་པ་དེ་ཡང་། ཚན་རིག་གི་སྤྱི་སྲོལ་མ་འདྲའི་ཁྱབ་ཁོངས་ནས་མི་འདྲ། དཔེར་ན། ཚན་རིག་གི་སྤྱི་སྲོལ་ཁ་ཤས་ནས་ཐག་གཅོད་དེ་ཚན་རིག་ཏུ་ཁས་མི་ལེན་པ་དང་། ཚན་རིག་གི་སྤྱི་སྲོལ་ཁ་ཤས་ནས་ཐག་གཅོད་དེ་ཚན་རིག་ཏུ་ཁས་ལེན་པ་དེ་འདྲ་ཡོད།
ཐོ་མ་སིྀ-ཁོ་ཨུན་གྱི་ཚན་རིག་ལོ་རྒྱུས་སྟེང་གི་ངོས་འཛིན་དང་འགྲེལ་རྗོད་དེར། ཚན་རིག་པ་མང་པོ་ཞིག་དང་། ཚན་རིག་སློབ་གཉེར་བ་མང་པོ་ཞིག་གིས་བསྔགས་རྗོད་བྱེད་ཀྱི་ཡོད། ཚན་རིག་གི་སྤྱི་སྲོལ་ལ་འགྱུར་ལྡོག་བྱུང་བ་འདིས་ཅི་ཞིག་སྟོན་གྱིན་ཡོད་དམ་ཞེ་ན། ཚན་རིག་གི་སྤྱི་སྲོལ་མི་འདྲ་བ་གཉིས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཡིན་པ་དེ་སྟོན་གྱི་ཡོད།
ཀ: ནང་པའི་དགེ་འདུན་པ་རྣམས་ཀྱི་ངོས་ནས་བཤད་ན། ནང་ཆོས་ནི་གཞན་དབང་དུ་གྱུར་བའི་དད་ཡུལ་ཞིག་མིན་ཞིང་། ནང་ཆོས་ནི་དངོས་ཡོད་གནས་ལུགས་འཚོལ་ཞིབ་དང་ཤེས་རྟོགས་བྱེད་པའི་ཚན་རིག་ཅིག་ཡིན། དེ་བས། ནང་པའི་ཚན་རིག་དང་། དེང་གི་དངོས་ཁམས་ཚན་རིག་གཉིས་ཀྱི་སྤྱི་སྲོལ་མི་འདྲ། སྤྱི་སྲོལ་དེ་གཉིས་ཕན་ཚུན་དུ་འབྲེལ་འདྲིས་བྱེད་པ་ནི། ཡོང་མི་སྲིད་པ་ཞིག་མིན་ན་ཡང་། ཧ་ཅང་ཁག་པོ་ཞིག་ཡིན། ཏཱ་ལའི་བླ་མ་དང་ཚན་རིག་པའི་བགྲོ་གླེང་ཡང་། སྤྱི་སྲོལ་མི་མཚུངས་པ་དེ་གཉིས་བར་གྱི་འབྲེལ་འདྲིས་ཤིག་ཡིན། དེར་བརྟེན། ཏཱ་ལའི་བླ་མ་དང་ཚན་རིག་པ་གཉིས་མུ་མཐུད་ནས་ལོ་ངོ་སུམ་ཅུའི་རིང་ལ་བགྲོ་གླེང་བྱས་པ་མི་རྣམས་ཀྱིས་ཐོས་རྗེས། ཁྱད་པར་དུ་དེང་གི་ཚན་རིག་སློབ་གཉེར་བྱེད་མཁན་གྱི་ངོས་ནས། དེ་གཉིས་ཀྱི་བར་ཅི་ལྟར་འབྲེལ་འདྲིས་བྱུང་བ་ཡིན་ནམ་ཞེས་དོགས་པ་ཞིག་སླེབས་ཀྱི་ཡོད། འོ་ན། ཏཱ་ལའི་བླ་མ་དང་ཚན་རིག་པ་རྣམས་ཀྱིས་དེ་འདྲའི་སྤྱི་སྲོལ་གྱི་མཁར་གྱང་དེར་ཅི་ལྟར་གདོང་ལེན་བྱས་པ་ཡོད་དམ།
ཁ: ཏཱ་ལའི་བླ་མ་དང་ཚན་རིག་པའི་བར་གྱི་བགྲོ་གླེང་ནི་ལས་སླ་བོའི་དོན་བྱ་ཞིག་གཏན་ནས་མིན། ཏཱ་ལའི་བླ་མ་ཡུ་རོབ་དུ་ཐོག་མར་ཕེབས་སྐབས། ཚན་རིག་པ་ཁ་རལ་ཝོན-ཝེ་ཛེ་ཁི་དང་། ཏ་ཝེ་ཊི-བྷོམ་གཉིས་དང་ཐུགས་འཕྲད་གནང་ཡོད་པ་ནི་འགོ་རྩོམ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཚན་རིག་གི་སློབ་དཔོན་ཆེན་པོ་དེ་དག་ནི་ཁྱད་དུ་འཕགས་པའི་བསམ་བློ་སྨྲ་བ་ཡང་རེད། ཁོ་ཚོར་མི་ཕལ་བ་ཞིག་ལ་མཐོང་དུ་དཀོན་པའི་བསམ་བློའི་བཀག་རྒྱ་ལས་བརྒལ་ཐུབ་པའི་ནུས་པ་ཡོད། ཁྱད་པར་དུ་ཏ་ཝེ་ཊི-བྷོམ་ནི། གཞུང་ལུགས་སྨྲ་བའི་དངོས་ཁམས་སྨྲ་བ་ཞིག་ཡིན་ཞིང་། མཚམས་རེར། ཁོ་རང་ཉིད་ཀྱིས་ཀྱང་ཁོ་ནི་ལྐོག་གྱུར་རིང་ལུགས་སྨྲ་བ་ཞིག་ཡིན་པར་ཁས་ལེན་བྱེད། ཁོས་འཇིག་རྟེན་སྟེང་གི་སྣང་ཚུལ་ཡོད་དོ་ཅོག་ལ་དོ་སྣང་བྱེད་ཀྱི་ཡོད་པར་མ་ཟད། བསམ་བློའི་འཇིག་རྟེན་གྱི་ཕྱོགས་སུ་ཡང་བླ་ལྷག་གིས་དོ་སྣང་དང་ངོ་མཚར་སྐྱེས་ཀྱི་ཡོད། ད་དུང་། ཁོ་རང་གིས་འགྲོ་བ་མིའི་རིགས་ཀྱི་དཀའ་རྙོག་ནི། གྲོས་མོལ་ལ་བརྟེན་ནས་སེལ་དགོས་པར་འདོད་ཅིང་། ཁོས་གྲོས་མོལ་ལ་ཧ་ཅང་རེ་འདོད་བྱེད། དེའི་སླད་དུ་ཆེད་དུ<<གྲོས་མོལ།>>ཞེས་པའི་དེབ་ཅིག་ཀྱང་བརྩམས་ཡོད།
རླབས་ཆེན་གྱི་བསམ་བློ་སྨྲ་བ་དེ་རྣམས་ནི་ཏཱ་ལའི་བླ་མ་ལས་དགུང་ལོ་བགྲེས་ཤིང་། ཏཱ་ལའི་བླ་མས་ཁོ་ཚོར་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ངེས། ཁོ་ཚོ་དང་ཏཱ་ལའི་བླ་མ་འབྲེལ་འདྲིས་བྱས་པའི་ཁྲོད་ནས། ཁོ་ཚོས་ཏཱ་ལའི་བླ་མ་ལ་དེང་གི་ཚན་རིག་དང་། དེའི་བྱེད་ཐབས་རྣམས་ངོ་སྤྲོད་བྱས། དེར་བརྟེན། ཕྱིས་སུ་ཏཱ་ལའི་བླ་མས་ནམ་རྒྱུན་འདི་ལྟར་རྗོད་ཀྱི་ཡོད་དེ། ཁོ་ནི་ཚན་རིག་པ་ཁོ་ཚོའི་སློབ་མ་ཡིན་པ་དང་། ཚན་རིག་པ་ཁོ་ཚོ་ནི་བཟོད་སྒོམ་ཆེ་བའི་ཁོང་གི་དགེ་རྒན་ཡིན། ཏཱ་ལའི་བླ་མ་དང་ཚན་རིག་པའི་བར་གྱི་བགྲོ་གླེང་རྒྱུན་འཁྱོངས་དང་སྲ་བརྟན་གྱི་སྒོ་ནས་སླེབས་ཐུབ་ཡོད་པ་ནི། ཏཱ་ལའི་བླ་མས་ནང་ཆོས་ཀྱིས་ཚན་རིག་ཞིབ་འཇུག་གི་ཐད་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཤེས་རྟོགས་བྱུང་བར་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ནས་བཟུང་། ཏཱ་ལའི་བླ་མ་དང་ཚན་རིག་པའི་བར་གྱི་བགྲོ་གླེང་གི་རིམ་པ་གསར་པ་ཞིག་འགོ་བརྩམས་ཡོད།
(ཡོངས་སུ་རྫོགས་སོ།)
སྒྱུར་བ་པོའི་གསལ་བཤད།
ཨ་རིར་གནས་སྡོད་ལི་ཅང་ལིན་དང་ཏིན་ཡི་ཧྥུ་གཉིས་ནི་རྒྱ་རིགས་དམངས་གཙོ་དོན་ཉེར་བ་དང་རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་བཅས་ཡིན་ལ། ལི་ཅང་ལིན་གྱིས་ ༢༠༠༤ ལོ་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཤིང་། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ཏེ་བཙན་བྱོལ་བོད་མིར་ཞིབ་འཇུག་དང་བཅར་འདྲི་བྱས་ཏེ། ༢༠༡༠ ལོར་<< ༡༩༥༩ལྷ་ས།>> ཞེས་པའི་དཔེ་དེབ་དཔར་འགྲེམ་ཞུས་ཡོད། ཏིན་ཡི་ཧྥུ་ཡིས་ཀྱང་བོད་དོན་སྐོར་གྱི་རྩོམ་ཡིག་དང་གཏམ་བཤད་མང་པོ་སྤེལ་ཡོད།།
ཚན་པ་ལྔ་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༥)
ཚན་པ་བཞི་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༤)
ཚན་པ་གསུམ་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༣)
ཚན་པ་གཉིས་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༢)
ཚན་པ་དང་པོ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༡)
མ་རྩོམ་གྱི་འབྲེལ་ཐག http://www.chinesepen.org/blog/archives/69031