དེ་རིང་ཉིན་རྒྱབ་བར་གཟི་ཚ་སྡེ་དགུའི་ས་ཡོམ་གནོད་སྐྱོན་ཁྲོད་ཉུང་མཐར་མི་ ༡༩ རྐྱེན་འདས་དང་མི་ ༢༤༧ ལ་རྨས་སྐྱོན་ཕོགས་ཡོད་པ་མ་ཟད། དེ་རིང་ད་དུང་ས་ཡོམ་ཤུགས་ཚད་ཆུང་ཆུང་རིམ་པར་བྱུང་སྟེ་རི་བོ་རྣམས་ནས་རྦབ་རྡོ་འགྲིལ་བཞིན་ཡོད་འདུག
དེ་རིང་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཐོག་གནས་ཚུལ་གསར་དུ་ཐོན་པ་ལྟར་ན། མདང་དགོང་ནས་དེ་རིང་ཉིན་གུང་བར་རྔ་བ་ཁུལ་གཟི་ཚ་སྡེ་དགུའི་ས་ཡོམ་ཚད་རིམ་ ༣ ལས་བརྒལ་བ་ཐེངས་ ༡༨ ལྷག་བྱུང་ཡོད་པ་དང་། སྤྱིར་བཏང་གི་ས་ཡོམ་ཚད་རིམ་མི་འདྲ་བ་ཐེངས་ ༨༠༠ ལ་ཉེ་བ་བརྒྱབ་སྟེ། དེ་རིང་ཉིན་རྒྱབ་ཏུ་ད་དུང་ཉེ་འཁོར་རི་བོ་རྣམས་ནས་རྦབ་རྡོ་འགྲིལ་བཞིན་ཡོད་སྐོར་བརྗོད་འདུག
རྒྱ་ནག་གཞུང་ཕྱོགས་ནས་དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་པ་བར་ཉུང་མཐར་ཡུལ་སྐོར་བ་ལྔ་ཚུད་པའི་མི་ ༡༩ རྐྱེན་འདས་དང་། མི་ ༢༤༧ ལ་རྨས་སྐྱོན་ཕོགས་ཡོད་པ་དང་དེའི་ནང་ནས་མི་ ༢༨ ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་སྐོར་དང་། ས་ཡོམ་གྱི་ཁྱབ་ཚད་ཅུང་རྒྱ་ཆེ་བ་དང་རི་ལུང་གཡང་གཟར་ཆེ་བས་མྱུར་སྐྱོབ་མི་སྣ་སྟོང་ཕྲག་མང་པོས་མུ་མཐུད་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་ཡོད་ལུགས་བསྒྲགས་འདུག
དེ་ཡང་ཐེངས་འདིའི་ས་ཡོམ་གནོད་སྐྱོན་ཁྲོད། གཟི་ཚ་སྡེ་དགུ་རྫོང་ཁོངས་སུ་ཡོད་པའི་གཡུང་དྲུང་བོན་གྱི་དགོན་པ་ཆེ་ཤོས་རབ་དབེན་དགོན་བཀྲ་ཤིས་ཕུན་ཚོགས་གླིང་གི་གཡུང་དྲུང་ལྷ་རྩེ་མཆོད་རྟེན་དང་། འདུ་ཁང་སོགས་ལ་གས་ཆག་བྱུང་ཡོད་པ་དང་། དེ་རིང་ཉིན་རྒྱབ་ཏུ་དགོན་པ་དེའི་དགེ་འདུན་པ་ནམ་མཁའ་ཡེ་ཤེས་ལགས་ཀྱིས། མདང་དགོང་ས་ཡོམ་ཤུགས་ཚད་ཆེ་ཤོས་དེ་བྱུང་རྗེས། གྲྭ་བཙུན་ཚང་མ་གྲྭ་ཤག་ཕྱི་ལོགས་སུ་བུད་ནས་ཉལ་ཡོད་པ་དང་། ས་ཡོམ་ཤིན་ཏུ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པར་བརྟེན། དེ་རིང་ཕྱི་ཚེས་ ༩ ཉིན་ཡང་གྲྭ་ཤག་ནང་འདུག་མ་ཕོད་པར་མུ་མཐུད་ཕྱི་ལོགས་སུ་བུད་ནས་ཉེན་ཡོལ་དུ་བསྡད་ཡོད་སྐོར་བརྗོད་འདུག
ས་གནས་དེར་གཟི་ཚ་རབ་དབེན་དགོན་བཀྲ་ཤིས་ཕུན་ཚོགས་གླིང་དང་། ས་ཡུལ་དགོན་བཀྲ་ཤིས་ཕུན་ཚོགས་གླིང་། བཀྲ་ཤིས་མེ་ཏོག་གླིང་། རྩུབ་མ་སྟག་སྐྱང་གཡུང་དྲུང་དར་རྒྱས་གླིང་སོགས་བོན་གྱི་དགོན་སྡེ་ཁག་ཅིག་ཡོད་པ་མ་ཟད། གནས་ཆེན་རྫ་ཕྱུག་བྲག་དཀར་དང་མཛེས་ལྗོངས་ཀླུ་གཉན་གསེར་མཚོ། གཟི་ཚ་སྡེ་དགའི་མཛེས་ལྗོངས་སོགས་སུ་ལོ་རེའི་ཕྱི་ཟླ་ ༥ པ་ནས་ ༡༡ བར་ཆ་སྙོམས་བྱས་ན་ཉིན་རེར་ཡུལ་སྐོར་བ་ཁྲི་ཕྲག་འགའ་རེ་ལྟ་སྐོར་དུ་ཡོང་གི་ཡོད་པ་དང་། དགུན་གྱི་དུས་སུའང་ཉིན་རེར་ཡུལ་སྐོར་བ་སྟོང་ཕྲག་ཁ་ཤས་ཡོང་གི་ཡོད་འདུག
གསར་འགོད་པ། པདྨ་མཚོ།
དང་པོ་འཇིག་རྟེན་རླུང་གོང་འཐོར་ནས་ཆགས་།
མཐའ་མ་འཇིག་རྟེན་རླུང་ལམ་འགག་ནས་འཐོར་