རྒྱ་ནག་དམར་ཤོག་ཚོགས་པའི་ཞལ་ལྕེ་གསུམ་པར་འབོད་པའི་རྒྱ་ནག་གསར་འགྱུར་ཁང་གི་སྤྱི་གཉེར་པ་ཟུར་པ་ལོའུ་པའེ་ཞན་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲ་རྒྱའི་ཐོག རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་རྒྱ་ནག་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་། སྤྱི་གཉེར་པ་ཟུར་པ་ལོའུ་པའེ་ཞན་(刘北宪)གྱིས། ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཁོའི་ནག་ཉེས་ཅི་ཡིན་གང་ཡང་བརྗོད་མེད་ཀྱང་། རྒྱལ་ཕྱིའི་བརྒྱུད་ལམ་ཁག་ཏུ་ལོའུ་པའེ་ཞན་ད་ལྟ་བཙོན་ཁང་དུ་ཡོད་པའི་པའོ་ཞེ་ལི་སོགས་ལ་འབྲེལ་བ་དམ་ཟབ་ཡོད་སྐོར་བརྗོད་ཀྱི་འདུག
ཕྱི་ལོ་ ༢༠༡༥ ལོར་ལོའུ་པའེ་ཞན་རྒྱ་ནག་གསར་འགྱུར་ཁང་གི་སྤྱི་གཉེར་པའི་ལས་གནས་ནས་རྒན་ཡོལ་དུ་ཕྱིན་ཡོད་པ་དང་། སྐབས་དེར་ཁོ་ཕྱི་ཚུལ་ལ་རྒན་ཡོལ་དུ་ཕྱིན་པ་ཡིན་ཡང་སྤྱི་ཚོགས་ཐོག་ཁོ་ནི་པའོ་ཞི་ལེ་དང་ཀྲུའུ་ཡོང་ཁང་གི་དཔུང་རོགས་ཡིན་སྐོར་བརྗོད་ཡོད་པ་མ་ཟད། པའོ་ཞི་ལེ་ཡིས་ཁྲུང་ཆིན་གྲོང་ཁྱེར་དུ་དབང་བསྒྱུར་བྱེད་སྐབས། ལོའུ་པའེ་ཞན་སྔ་ཕྱི་ཐེངས་འགར་ཆེད་དུ་ཁྲུང་ཆིན་གྲོང་ཁྱེར་དུ་ཕྱིན་ཏེ་པའོ་ཞི་ལེ་དང་མཉམ་དུ་ཡོངས་ཁྱབ་མཛད་སྒོ་ཆེན་པོ་དང་། སྒེར་གྱི་འདུ་འཛོམས་མང་དག་ཅིག་གི་ནང་མཉམ་ཞུགས་བྱས་པའི་འདྲ་པར་དང་བརྙན་སོགས་བརྒྱུད་ལམ་དུ་ཐོན་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། གལ་སྲིད་པའོ་ཞི་ལེ་ཡི་དབང་བསྒྱུར་ལམ་ལྷོང་བྱུང་ཡོད་ཚེ། ལོའུ་པའེ་ཞན་པའོ་ཡི་སྲིད་དབང་གསར་འགྱུར་གྱི་གཙོ་གཉེར་པར་ནང་ཁུལ་བསྐོ་བཞག་བྱ་རྒྱུ་ཡིན་པ་ཐེ་ཚོམ་མེད་ཀྱང་། ཀྲུའུ་ཡོང་ཁང་དང་པའོ་ཞི་ལེ་གཉིས་ཀྱི་དབང་བསྒྱུར་མགོ་གཏིང་སློག་པ་དེས་ལོའུ་པའེ་ཞན་གྱི་མདུན་ལམ་ཉེན་ཁ་ཅན་དུ་གྱུར་བ་མ་ཟད། ཞིབ་བཤེར་གྱི་འབྲས་བུའང་རེ་བ་བརླག་ཚར་བ་ཞིག་ཡིན་སྐོར་བརྗོད་འདུག
ལོའུ་པའེ་ཞན་གྱི་ཡོངས་ཁྱབ་ཡིག་ཚགས་ནང་དུ། ཕྱི་ལོ་ ༡༩༧༤ ནས་ ༡༠༧༩ བར་དུ་ཁོས་རྒྱ་ནག་ཤིན་ཧྭ་གསར་ཁང་གི་པར་སྐྲུན་ཁང་དུ་ལས་ཀ་བྱས་རྗེས། པེ་ཅིན་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་ཞིག་གི་རྒྱ་ཡིག་སྡེ་ཁག་ཏུ་སློབ་སྦྱོང་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོ་ནས་བཟུང་འདས་པའི་ལོ་ ༣༠ ལྷག་རིང་། རྒྱ་ནག་གསར་འགྱུར་ཁང་དུ་གསར་འགོད་པ་དང་གསར་འགྱུར་རྩོམ་སྒྲིག་པ། གསར་འགྱུར་སྡེ་ཚན་གྱི་མགོ་འཁྲིད། ཧོང་ཀོང་ནང་ཡོད་པའི་ཡན་ལག་ཁང་གི་སྤྱི་གཉེར་པ་བྱས། ཕྱི་ལོ་ ༢༠༠༠ ལོ་ནས་ཕྱིར་རྒྱ་ནག་ཏུ་ལོག་སྟེ་རྒྱ་ནག་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་དེ་ནས་རིམ་གྱིས་སྤྱི་ཁྱབ་རྩོམ་སྒྲིག་པ་དང་རྒྱུན་ལས་ཚོགས་གཞོན། ཕྱི་ལོ་ ༢༠༠༩ ལོ་ནས་སྤྱི་གཉེར་བ་དང་དམར་ཤོག་དྲུང་ཆེ་རུ་བསྐོ་བཞག་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།