མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ཡིག་རྒྱ་སྐད་ཤེས་མཁན་ཚོ་རྒྱ་རིཊ་འབྲེལ་མཐུད་ལས་དོན་ནང་ཞུགས་རོཊ།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་རིགས་འབྲེལ་མཐུད་ཚོགས་འདུའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་ནས་བོད་བདེན་མཐའ་གསལ་དགོས་པས་རྒྱ་རིགས་མི་མང་དང་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསོངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། བཞུགས་སྒར་ཉེ་འཁྲིས་ཀྱི་དབུས་སྣེ་ལེན་ཁང་གི་ཚོགས་ཁང་ནང་། ཉིན་གསུམ་རིང་གི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཚུགས་འདུ་ཐེངས་ལྔ་པ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཞ་མིན་ལགས། དེ་བཞིན་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་ཟླ་སྒྲོན་ལགས། དེ་བཞིན་ཨོ་སི་ཊོ་ལི་ཡ་དང་ཐའེ་ཝན། ཨ་རི་སོགས་རྒྱལ་ཁབ་ ༢༠ ནས་ཕེབས་པའི་རྒྱ་རིགས་འབྲེལ་མཐུད་པ་ཁྱོན་ ༥༠ དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་བཅས་འཛོམས་འདུག

ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཐེངས་ལྔ་པའི་སྐོར་ངོ་སྤྲོད་གནང་སྐབས། ད་ལན་གྱི་ཚོགས་འདུ་འདི་ནི་ཕྱི་དྲིལ་རྒྱ་སྐད་ཚན་པའི་ཕྱག་ལས་གནང་ཕྱོགས་སྐོར་གྱི་ཚོགས་འདུ་ཚོགས་ཐེངས་ལྔ་པ་ཆགས་ཡོད་པ་རེད། ལོ་ཤས་གོང་ནས་ཕྱི་དྲིལ་ལས་ཁུངས་སུ་རྒྱ་སྐད་ཚན་པ་ཡོད་པ་དང་། རྒྱ་སྐད་ཚན་པས་རྒྱ་རིགས་རྣམས་དང་འབྲེལ་བ་བྱས་ཏེ་བོད་དོན་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༠༨ ཀྱི་རྗེས་སུ་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཚད་ལས་བརྒལ་བའི་མནར་གཅོད་དང་གདུག་རྩུབ་བཏང་ཞིང་། རྒྱལ་སྤྱིའི་སྟེང་བོད་དོན་འཁྱོག་བཤད་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་༧གོང་ས་མཆོག་ནས་རྒྱ་ནག་གཞུང་དང་འབྲེལ་བ་དེ་ཙམ་མ་བྱུང་ཡང་། བོད་རྒྱ་མི་རིགས་གཉིས་བར་ལོ་ངོ་སྟོང་ཕྲག་སྔོན་ནས་འབྲེལ་བ་ཡོད་སྟབས། རྒྱ་ནག་གཞུང་གི་ངོས་ནས་མི་རིགས་གཉིས་བར་འཁོན་འཛིན་ཡོང་ཐབས་བྱས་ཀྱང་། དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ། ང་ཚོའི་ངོས་ནས་རྒྱ་མི་རིགས་དང་འཆམ་མཐུན་ཐོག་གནས་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་པ་བཞིན། ང་ཚོས་ཨ་རི། ཨོ་སི་ཊོ་ལི་ཡ། ཡུ་རོབ་སོགས་རྒྱ་རིགས་ཡོད་སའི་རྒྱལ་ཁབ་ཁག་ནང་བོད་རྒྱ་འབྲེལ་མཐུད་པ་བཙུགས་ཡོད། བོད་རྒྱ་འབྲེལ་མཐུད་པ་དང་རྒྱ་སྐད་ཚན་པའི་ངོས་ནས་ཕྱི་སྡོད་རྒྱ་རིགས་སློབ་ཕྲུག མཁས་པ། རྩོམ་པ་པོ་སོགས་ལ་འབྲེལ་བ་བྱེད་ཀྱི་ཡོད། དེང་སྐབས་རྒྱ་ནག་ནས་རྒྱ་མི་མང་པོ་ཞིག་འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཡོང་གི་ཡོད་པ་དང་། རྒྱ་རིགས་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་བོད་དོན་སྐོར་འཁྱོག་བཤད་གང་བྱས་པ་དེ་མ་གཏོགས་དངོས་ཡོད་གནས་སྟངས་གང་ཡིན་པ་དེ་ཤེས་ཀྱི་མེད་པས། ང་ཚོ་ཕྱི་དྲིལ་རྒྱ་སྐད་ཚན་པ་དང་རྒྱ་བོད་འབྲེལ་མཐུད་པ་ཚོས་རྒྱ་རིགས་ཚང་མར་འབྲེལ་བ་འཛིན་རྒྱུ་ཁག་པོ་ཡིན་སྟབས། ང་ཚོས་རྒྱ་རིགས་ཚོར་འབྲེལ་བ་བྱེད་པའི་ཐབས་ལམ་སྐོར་ལ་ཚོགས་འདུ་འཚོགས་ཀྱི་ཡོད། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་སྐད་ཚན་པ་དང་རྒྱ་བོད་འབྲེལ་མཐུད་པ་ཚོས་རྒྱ་རིགས་ཚོ་དང་འབྲེལ་ལམ་ཇི་ལྟར་འཛིན་དགོས་པ་དང་། དེ་སྔར་འབྲེལ་བ་ཡོད་པ་དེ་ཡར་རྒྱས་ཇི་ལྟར་གཏོང་དགོས་པ། དེ་བཞིན་འབྲེལ་ཡོད་རྒྱ་རིགས་ཚོས་རྒྱ་ནག་ནང་བོད་དོན་ཁྱབ་སྤེལ་གཏོང་ཐབས་སྐོར་ལ་གོ་བསྡུར་བྱ་རྒྱུ་རེད། ཅེས་བརྗོད་སོང་།

རྒྱ་རིགས་འབྲེལ་མཐུད་ལས་དོན་གལ་ཆེན་དུ་རྩི་ཡི་ཡོད་སྐོར་སྲིད་སྐྱོང་མཆོག་གིས། ༧གོང་ས་མཆོག་ནས་དུས་རྒྱུན་བཀའ་སློབ་གནང་བཞིན་པ་ལྟར། ང་ཚོའི་བདེན་པའི་འཐབ་རྩོད་དེ་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་ནས་བདེན་མཐའ་གསལ་དགོས་སྟབས། ང་ཚོས་རྒྱ་རིགས་མི་མང་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་དེ་གལ་ཆེ་ཤོས་ཆགས་ཡོད་པ་རེད། ང་ཚོས་རྒྱ་རིགས་མི་མང་གང་མང་མང་ལ་སྙོབ་ཐུབ་དགོས་ཀྱི་ཡོད་དུས། གཞི་རྩའི་དོན་གཅོད་ཁག་ནང་རྒྱ་རིགས་འབྲེལ་མཐུད་པ་དང་ལས་བྱེད། རྒྱ་ཡིག་ཚན་པའི་ལས་ཁུངས་སོགས་ཡོད་ཀྱང་། འདས་པའི་ལོ་ངོ་བདུན་རིང་ང་རང་ལ་ཉམས་མྱོང་ག་རེ་ཡོད་པ་དེ་རྣམ་པ་ཚོ་ཚང་མས་མཁྱེན་གསལ་རེད། ཧ་ཝར་ཊི་གཙུག་ལག་སློབ་ཆེན་ནང་ཡོད་དུས་ནས་ང་རང་རྒྱ་རིགས་ཚོར་ཐུག་འཕྲད་བྱ་རྒྱུར་མོས་འདུན་ཞེ་དྲགས་ཡོད་ལ། ཧ་ལམ་བཙན་བྱོལ་བོད་མིའི་ནང་རྒྱ་རིགས་ཚོར་ཐུག་འཕྲད་བྱེད་མཁན་ཐོག་མ་དང་ཐུག་འཕྲད་བྱེད་ཐེངས་མང་ཤོས་དེ་ང་རང་ཆགས་ཀྱི་ཡོད། རྒྱ་རིགས་འབྲེལ་མཐུད་པ་རྣམས་ཀྱིས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་རིགས་ཚོར་འབྲེལ་བ་གནང་གི་ཡོད་པ་རེད་ལ་སྙོབ་ཀྱང་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་ལས་བྱེད་བཞི་ལྔ་ཡིས་འབྲེལ་བ་གནང་བ་ཙམ་གྱིས་ཡོང་གི་མེད་པ་དང་། རྒྱ་རིགས་འབྲེལ་མཐུད་པ་ཇེ་མང་ལ་གཏོང་དགོས་སྟབས། སྤྱིར་ང་ཚོས་ཨ་རི་དང་ཡུ་རོབ་སོགས་ནས་རྒྱ་སྐད་ཤེས་མཁན་གཞོན་སྐྱེས་ ༡༠ རེ་བཅས་ཁྱོན་རྒྱ་རིགས་འབྲེལ་མཐུད་པ་ ༥༠ ལྷག་ཡོང་རྒྱུ་དང་། དེ་དག་ལ་མཐུན་རྐྱེན་ཆ་ཚང་སྦྱོར་རྒྱུ། འདི་གར་ཉིན་གཉིས་གསུམ་རིང་ཚོགས་འདུ་ཚོགས་ནས་གོ་སྐབས་ཆ་ཚང་ཞིག་སྤྲོད་ཐུབ་པ་ཡིན་ན། འབྲེལ་མཐུད་པ་ལྔ་བཅུ་བརྒྱུད་ནས་རྒྱ་མིར་འབྲེལ་བ་གནང་མཁན་གཞོན་སྐྱེས་ལྔ་སྟོང་ནས་ལྔ་ཁྲི། དེ་ནས་འབུམ་ལྔ་དང་ས་ཡ་ལྔ་བཅས་ཀྱིས་རྒྱ་མིར་སྙོབ་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་རྒྱ་རིགས་འབྲེལ་མཐུད་པ་མང་རུ་གཏོང་ཐུབ་པར་འབད་བརྩོན་དང་རེ་བ་རྒྱག་གི་ཡོད། ཡིན་ནའང་ད་ལན་ཨ་རི་མ་གཏོགས་ཡུ་རོབ་དང་ཨོ་སི་ཊོ་ལི་ཡ་ནས་མང་པོ་ཞིག་བཅར་ཐུབ་མི་འདུག མ་འོངས་པར་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་དང་ཚོགས་འདུ་མུ་མཐུད་འཚོགས་རྒྱུ་ཡིན་པས། འབྲེལ་མཐུད་པ་ཚོ་བརྒྱུད་ནས་རྒྱ་སྐད་ཤེས་མཁན་གཞོན་སྐྱེས་གང་མང་མང་མཉམ་ཞུགས་ཐུབ་པའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན་ལ། རྒྱ་ཡིག་ཤེས་མཁན་ཚོས་རྒྱ་རིགས་འབྲེལ་མཐུད་པ་དང་དོན་གཅོད་ཁག་ལ་འབྲེལ་བ་གནང་རོགས། ཞེས་གསུངས་སོང་།

ཡང་ཁོང་གིས། ད་ལོའི་ཚོགས་འདུར་བཅར་མཁན་མང་ཤོས་བོད་ནང་དུ་འཚོར་ལོངས་བྱུང་བ་ཡིན་པ་དང་། ན་ནིང་གི་ཚོགས་བཅར་བ་མང་ཤོས་རྒྱ་གར་ནང་འཚར་ལོངས་བྱུང་བ་རེད། རྒྱ་གར་ནང་འཚར་ལོངས་བྱུང་བ་ཚོ་ལས་བོད་ནང་ནས་འཚར་ལོངས་བྱུང་བ་ཚོས་རྒྱ་རིགས་ཚོར་བཀའ་མོལ་གནང་རྒྱུ་ཅུང་སླ་བོ་ཡོད་པ་རེད། གང་ཡིན་ཟེར་ན། རྒྱ་རིགས་ཚོ་དང་མཉམ་དུ་འབྲེལ་བ་འཛིན་པ་དང་བཀའ་མོལ་གནང་སྐབས། བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ཁུངས་སྣེ་ཡག་པོ་ཞིག་བཤད་རྒྱུ་མེད་ཚེ། རྒྱ་ནག་གཞུང་གིས་རྒྱ་རིགས་ཚོར་སློབ་གསོ་ཡག་ཐག་ཆོད་སྤྲད་ཡོད་སྟབས། རྒྱ་རིགས་ཚོ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་ལས་སླ་བོ་མི་འདུག་ལ། ལྷག་པར་དུ་ང་ཚོར་རྒྱ་སྐད་ཤེས་མཁན་མང་པོ་མེད་དུས། དབྱིན་སྐད་ཐོག་ནས་ཕན་ཚུན་བར་གོ་བརྡ་མ་འཕྲོད་པའི་དཀའ་ལས་ཞེ་དྲགས་འདུག ང་རང་གི་མྱོང་ཚོར་ཞུས་ན། རྒྱ་རིགས་ཚོ་དང་མཉམ་དུ་སྐད་ཆ་བཤད་མཁན་ཚོས། དོན་གཅོད་ཁག་བརྒྱུད་ནས་ཟབ་སྦྱོང་དང་སློབ་སྦྱོང་ཡག་པོ་བྱས་ན་མ་གཏོགས་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་རྒྱུ་ཧ་ཅང་ཁག་པོ་འདུག དེ་བཞིན། ང་ཚོས་འདི་ག་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་ (西藏通讯) ནང་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་དང་རྩོམ་ཡིག་གང་མང་མང་ཕྱོགས་སྒྲིག་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པས། རྒྱ་ཡིག་ཤེས་མཁན་ཚོས་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་གསར་པ་དང་རྩོམ་ཡིག་གསར་པ་ཡོད་ན། ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་དང་རྒྱ་རིགས་འབྲེལ་མཐུད་པར་གཏོང་རོགས། མ་འོངས་པར་བོད་དོན་ཞིབ་འཇུག་བྱེད་དུ་ཡོང་མཁན་ཡོད་ཚེ། གནས་ཚུལ་ཆ་ཚང་དྲ་རྒྱ་གཅིག་གི་ནང་སྤུངས་བཞག་པ་ཡིན་ན། ཞིབ་འཇུག་གནང་མཁན་ཚོར་སྟབས་བདེ་པོ་དང་ཕན་ཐོགས་ཡོད་པ་རེད། ཅེས་གསུངས་སོང་།

དྲི་བ་དྲིས་ལན་སྐབས་སུ་བོད་རྒྱ་འབྲེལ་མོལ་སྐོར་ལ་སྲིད་སྐྱོང་མཆོག་གིས། གཞུང་འབྲེལ་བོད་རྒྱ་འབྲེལ་མོལ་ལས་རིམ་དེ་འགྲོ་བཞིན་ཡོད། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཚོགས་ཚར་བ་རེད། དེའི་ནང་དུ་ཁ་གསལ་བོའི་གནས་ཚུལ་སྐོར་ལ་བགྲོ་གླེང་བྱས་པ་ཡིན། དེ་ཡང་གཞུང་གི་འགྲོ་སྟངས་ཡིན་སྟབས་ག་རེ་བཤད་དགོས་མིན་དང་ག་ཚོད་གྲོས་བསྡུར་བྱེད་དགོས་མིན་ལ་གོ་རིམ་ཡོད་པ་རེད། རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་དེ་ང་ཚོས་གལ་ཆེན་པོར་རྩི་ཡི་ཡོད། དེ་སྔ་འབད་བརྩོན་གནང་ཡོད་པ་རེད་ལ་ད་ཆར་ཡང་འབད་བརྩོན་གནང་གི་ཡོད། བོད་རྒྱ་འབྲེལ་མོལ་དེ་༧གོང་ས་མཆོག་ནས་གསུང་གི་ཡོད་པ་རེད་ལ་ང་ཚོས་ཀྱང་བཤད་བསྡད་ཡོད། ང་ཚོས་རྒྱ་རིགས་ཚོང་པ་དང་ནང་པ་བོད་ལ་ཤ་ཞེན་ཡོད་མཁན་དེ་འདྲར་ཐུག་འཕྲད་བྱེད་ཀྱི་ཡོད། ཆ་བཞག་ན། ཚོང་པ་གོ་ཝིན་ཀེ་ཁོ་རང་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་པ་དང་། ༧གོང་ས་མཆོག་ཕར་གདན་འདྲེན་ཞུ་རྒྱུར་འབད་བརྩོན་གནང་བ་རེད། ཡིན་ནའང་ལམ་ལྷོང་མ་བྱུང་བ་དེ་རྒྱ་ནག་ནང་གི་ཆབ་སྲིད་པ་ཚོས་འགོག་རྐྱེན་བཟོས་པ་རེད། དེ་ཡོངས་གྲགས་རེད། གོ་ཝིན་ཀེས་ཕྱི་ལོ་ ༢༠༡༣ དང་ ༢༠༡༤ ནང་༧གོང་ས་མཆོག་དང་མཇལ་འཕྲད་ཐེངས་གསུམ་ལ་གནང་བ་རེད། ཡིན་ནའང་ཕྱི་ལོ་ ༢༠༡༥ ནས་མཇལ་འཕྲད་གནང་ཐུབ་མེད་པ་རེད། ཁོ་རང་ལ་མཚོན་ན་ང་ཚོའི་དཔེ་མཚོན་གཅིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་ང་ཚོས་བོད་རྒྱའི་བར་འབྲེལ་བ་མུ་མཐུང་གནང་བསྡད་ཡོད། ཞི་ཅིན་ཕིན་གྱི་ལས་ཡུན་དང་པོའི་ནང་བོད་དོན་དཀའ་རྙོག་དང་གནད་དོན་ཆེ་བའི་སྒང་ལ་ལག་པ་འཆང་གི་ཡོད་མེད་དོགས་པ་ཡོད། རྒྱ་ནག་གི་འོས་བསྡུ་དང་སྲིད་འཛིན་གྱི་འགྲོ་སྟངས་དེ་ག་རང་ཆགས་ཀྱི་ཡོད་པ་རེད། ཨ་རི་ཡིན་ནའང་སྲིད་འཛིན་ཨོ་བྷ་མའི་ལས་ཡུན་གཉིས་པའི་སྐབས་ཨེ་རན་དང་མཉམ་དུ་རྡུལ་མཚོན་གྲོས་ཆིངས་བཞག་པ་དང་། དེ་འདྲ་བའི་དཀའ་རྙོག་ཆེ་བའི་གནད་དོན་ཁག་ཚང་མ་ལས་ཡུན་གཉིས་པའི་སྐབས་སུ་ལག་པ་འཆང་བ་རེད། སྔོན་ཆད་བོད་རྒྱ་འབྲེལ་མོལ་བྱུང་སྟངས་དེ་ཡང་ཅང་ཙེ་མིན་གྱི་ལས་ཡུན་གཉིས་པའི་སྐབས་སུ་བྱུང་བ་རེད། ལས་ཡུན་གཉིས་པ་ཚར་གྲབས་ཡོད་སྐབས། ༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་ཐུག་འཕྲད་བྱ་རྒྱུ་མགོ་བརྩམས་པ་རེད། ཏུན་ཞོ་ཕིན་ཡིན་ན་ཡང་རིག་གནས་གསར་བརྗེའི་རྗེས་སུ་ཁོ་རང་ལ་དབང་ཆ་ཆ་ཚང་རག་པ་དང་གཞི་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ཐུག་འཕྲད་བྱུང་བ་རེད། འཛམ་གླིང་ཡོངས་ཀྱི་སྲིད་འཛིན་ཚང་མའི་འགྲོ་སྟངས་དེ་དབང་ཆ་ཚང་རག་པའི་རྗེས་སུ་དཀའ་རྙོག་ཆེ་ཁག་ལ་ལག་པ་འཆང་གི་ཡོད་པ་རེད། དེ་ཡིན་དུས་ཞི་ཅིན་ཕིན་གྱི་ལས་ཡུན་གཉིས་པའི་སྐབས་སུ། ཁོས་དཀའ་རྙོག་སེལ་འདོད་ཡོད་ཚེ། རྒྱ་ནག་གི་དཀའ་རྙོག་མང་པོའི་གྲས་ནས་སེལ་སླ་ཤོས་དེ་བོད་དོན་ཆགས་ཀྱི་ཡོད་པ་རེད། ཉིན་ཁ་ཤས་རྗེས་སུ་རྒྱ་ནག་ཏང་གི་ཚོགས་ཆེན་ཐེངས་ ༡༩ འཚོགས་ཀྱི་རེད། ཞི་ཅིན་ཕིན་ནི་སྔར་བཞིན་སྲིད་འཛིན་ལ་གནས་རྒྱུ་ཡིན་པ་ཡོངས་གྲགས་རེད། དེའི་ནང་དུ་ཁོ་རང་ལ་རྒྱབ་སྐྱོར་ཡོད་པའི་མི་སྣ་ག་ཚོད་སླེབས་ཡོད་པ་དང་། ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཛིན་སུ་ཞིག་ཆགས་ཀྱི་འདུག དེ་དག་ཚང་མ་འཐབ་ཕྱོགས་གཅིག་གྱུར་དང་ཐད་ཀར་འབྲེལ་བ་ཡོད་དུས། འཐབ་ཕྱོགས་གཅིག་གྱུར་ནང་གི་ལས་བྱེད་འཕོ་འགྱུར་ག་འདྲ་འགྲོ་ཡི་འདུག བོད་རང་སྐྱོང་ལྗོངས་གཙོས་པའི་ཁམས་དང་ཨ་མདོའི་ནང་བོད་པ་དང་རྒྱ་རིགས་ལས་བྱེད་སུ་སུ་ཡོང་གི་འདུག དེ་དག་སུ་ཞིག་གི་ཕྱོགས་གཏོགས་རེད། ཁོ་ཚོ་གུ་ཡངས་ཅན་གྱི་བསམ་བློ་འཁུར་མཁན་རེད་དམ། དེ་དག་ཚང་མར་ང་ཚོས་རྟོག་ཞིབ་བྱ་དགོས་ཀྱི་ཡོད་པ་རེད། རྟོག་ཞིབ་བྱས་པ་བརྒྱུད་ནས་ང་ཚོས་གང་ལ་གང་འཚམས་ཚོད་དཔག་ཐུབ་ཀྱི་རེད་ལ། ཕལ་ཆེར་ཕྱི་ལོ་ ༢༠༡༩ ནས་རྒྱ་ནག་གཞུང་ངོས་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐུབ་པ་རེད་དམ་མ་རེད་གསལ་བོར་ཤེས་ངེས་རེད། ང་ཚོས་དེ་དག་ཚང་མར་རྟོག་ཞིབ་ཀྱིས་འབད་བརྩོན་ཞུས་བསྡད་ཡོད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

ཆུ་ཚོད་ ༩ སྔོན་ལ།
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་།

ཆུ་ཚོད་ ༡༠ སྔོན་ལ།
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།
Mobile App

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

༢༠༢༥/༡༠/༢༧
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

༢༠༢༥/༡༠/༢༧

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    རྒྱ་སྐད་ཤེས་པ་ཙམ་གྱི་བོད་རྒྱ་གཉིས་ལྕོག་རྩེའི་སྟེང་གྲོས་མོལ་ལ་འགུག་ཐུབ་མིན་མི་ཤེས་ཀྱང་གལ་ཆེ་ཤོས་དེ་བོད་རྒྱའི་གནད་དོན་དེ་ཆབ་སྲིད་ལ་ཐུག་ཡོད་ན་བོོད་རྒྱ་གཉིས་ལྕོག་རྩེའི་སྟེང་གྲོས་མོལ་ཐུབ་པའི་ཆབ་སྲིད་མི་སྣ་གསོ་སྐྱོང་བརྒྱུད་ནས་འགྲོ་དགོས་པ་ལས་རྒྱ་སྐད་ཤེས་པ་ཙམ་གྱི་བོད་རྒྱའི་དཀའ་སྙོགས་སེལ་ཐུབ་པའི་རེ་བ་ནམ་ཡང་བྱ་མི་ཉན་པ་ནི་བོད་རྒྱའི་གནད་དོན་དེ་བོད་རྒྱ་གཉིས་སྐད་བརྡ་མ་འཕྲོད་ནས་ལྷག་པ་མིན་པ་ཆབ་སྲིད་ཀྱི་གནད་དོན་འོག་ཏུ་མི་ལོ་བཅུ་ཕྲག་དྲུག་ལ་ཉེ་བའི་དུས་ཚོད་རྫོགས་ཡོད་པ་ནས་གསལ་པོ་ཤེས་ཐུབ་པ་མ་རེད་དམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese