མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫ་དཔལ་སྤྲུལ་བླ་བྲང་དུ་གུང་ཐང་བསྟན་པའི་སྒྲོན་མེ་དང་མཇལ་བ།

བོད་ཀྱི་དུས་བབ།
༢༠༡༧/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྫ་ཚེ་རིང་བཀྲ་ཤིས།

སངས་རྒྱས་ལ་ཕྱག་འཚལ་ལོ།།

༡༽ གླེང་གཞི།

ང་ལ་མཚོན་ན། ནམ་རྒྱུན་བོད་བརྒྱུད་ནང་བསྟན་ལ་ཅུང་ཟད་ཆ་རྒྱུས་ཡོད་པའི་རྒྱ་རིགས་དང་མགོ་སེར་དེ་ཚོར་ཐུག་སྐབས། ཕ་ཡུལ་རྫ་ཆུ་ཁ་ནས་ཡིན་ལབ་ནས་ཧ་མི་གོ་ན། མི་ཕམ་དང་དཔལ་སྤྲུལ་གཉིས་ཀྱི་འཁྲུངས་ཡུལ་ནས་ལབ་ན་དེ་མ་ཐག་ཧ་གོ་གི་རེད། དེ་ནི་ཁོང་གཉིས་ང་ཚོའི་ས་ཆ་འདིའི་མཚོན་རྟགས་ཡིན་པའི་རྒྱུ་མཚན་གྱིས་རེད། བརྟན་བཞུགས་ཆེན་མོའི་སྐབས་སུ་༧ཡིད་བཞིན་ནོར་བུས་ཀྱང་ཐུགས་ཚོར་ཆེན་པོས་ངའི་སྤྱོད་འཇུག་གི་ཁྲིད་རྒྱུན་རྫ་དཔལ་སྤྲུལ་རིན་པོ་ཆེ་ནས་བརྒྱུད་པ་རེད། རྫ་ཆུ་ཁ་ནི་སྐྱེས་བུ་དམ་པ་མང་པོས་བྱིན་གྱིས་བརླབས་པའི་གནས་ཤིག་རེད་ཅེས་སྐྱེ་བོ་ཁྲི་ཕྲག་མང་པོའི་དབུས་སུ་གསུངས་ཡོད།

༢༽ བློས་བསླངས་ཀྱི་ཁ་བྱང་དང་ཉམས་ཞིབ་ཀྱི་འཆར་སྣང་།

རྒྱུ་མཚན་དེས། ང་ཚོས་ནམ་རྒྱུན་ནས་ཁོང་རྣམ་པ་གཉིས་ཀྱི་རླབས་ཆེན་གྱི་ཡོན་ཏན་དང་སྙན་གྲགས་ལ་སྤོབས་པ་བྱེད་ཀྱི་ཡོད་ཅིང་། ཆོས་ཕྱོགས་ནས་ཁོང་རྣམ་པ་གཉིས་ཀྱི་གསུང་གི་འོད་སྣང་གིས་ང་ཚོར་ཤུགས་རྐྱེན་ཐེབས་ཡོད། མ་ཟད་ང་ཚོས་ཀྱང་གང་ཐུབ་ཀྱིས་ཁོང་རྣམ་པ་གཉིས་ཀྱི་རྗེས་འབྲངས་པ་ལྟ་བུ་ཞིག་ཡིན་སྙམ་གྱི་ཡོད་མོད། ད་བར་ང་ཚོའི་དེང་རབས་ཀྱི་ལུགས་སུ་བྱས་ནས་ཁོང་རྣམ་པ་གཉིས་ཀྱི་སྐོར་ལ་དགོས་ངེས་ཀྱི་ཉམས་ཞིབ་བྱས་མི་འདུག

དུས་ད་ལྟའི་བར་གྱི་སྔ་འགྱུར་རྙིང་མ་གཙོ་བོར་གྱུར་པའི་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་སྤྱིའི་ཁྱབ་ཁོངས། ད་དུང་དམངས་ཁྲོད་ཀྱི་མི་མང་དག་གི་སེམས་ཁམས་ཀྱི་ཁྱབ་ཁོངས་སོགས་སུ་འཛུལ་དེ་ཁོང་རྣམ་པ་གཉིས་ཀྱི་ལོ་རྒྱུས་དང་ཐུན་མིན་གྱི་དགོངས་པ་སོགས་ལ་དགོས་ངེས་དང་འོས་ངེས་ཀྱི་ཉམས་ཞིབ་བྱེད་རྒྱུའི་ཕྱོགས་ལ་བསམ་བློ་འཁོར་མི་འདུག

དཔེར་ན། ཀུན་བཟང་བླ་མའི་ཞལ་ལུང་གི་ཤུགས་རྐྱེན། དཔལ་སྤྲུལ་དང་སྤྱོད་འཇུག མི་ཕམ་དང་བརྒལ་ལན་རྣམ་གསུམ། མི་ཕམ་དང་གླིང་གེ་སར། མི་ཕམ་དང་རྙིང་མའི་གྲུབ་མཐའ། དཔལ་སྤྲུལ་དང་རིས་མེད། རྫ་དཔལ་སྤྲུལ་གྱི་མི་ཚེ་གཅིག་གི་རྐང་འགྲུལ། དམངས་ཁྲོད་ངག་རྒྱུན་ཁྲོད་ཀྱི་ཨ་བུ་དཔལ་དགེ མི་ཕམ་དང་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། མི་ཕམ་དང་ནོར་བུ་ནོར་བུ་ཀེ་ཏ་ཀ མི་ཕམ་དང་དཔལ་སྤྲུལ་ཟུང་གི་བསམ་བློ་ཤུགས་རྐྱེན་སོགས་འདི་ལྟ་བུའི་རྣམ་གྲངས་རེ་རེ་ཡང་རབ་འབྱམས་པ་དག་གི་ཞིབ་འཇུག་གི་ཁ་བྱང་དུ་བྱེད་ཆོག་པ་ཡོད་ཅིང་། འདི་དག་ཚང་མ་ཧ་ཅང་གལ་ཆེ་བ་དང་བསྔོགས་རིན་ཡོད་པའི་བརྗོད་གཞི་ཤ་སྟག་ཏུ་འདུག འོན་ཀྱང་། འདི་དག་ཞིབ་འཇུག་རྣམ་གྲངས་སུ་བཞག་ནས་ཆེད་རྩོམ་འབྲི་མཁན་དང་ཉམས་ཞིབ་བྱེད་མཁན་གྱི་ཤེས་ཡོན་པ་དང་། དེ་དག་གི་ཆེད་དུ་སློབ་ཡོན་གྱི་མ་རྩ་འཇོག་བཞག་ནས་རབ་འབྱམས་པའི་དཔྱད་རྩོམ་འབྲི་འཇུག་རྒྱུར་སྦྱིན་བདག་བྱེད་མཁན་གྱི་འབྱོར་ལྡན་པ་སོགས་ད་བར་ཕལ་ཆེར་བྱུང་མེད་ཅིང་། (རྣམ་གྲོལ་གླིང་དུ་སློབ་གཉེར་བྱས་མཁན་གྱི་ནུབ་གླིང་པ་ཞིག་གིས་ཤེར་འགྲེལ་ཀེ་ཏ་ཀ་དང་བརྒལ་ལན་ཁག་ལ་ཞིབ་འཇུག་བྱས་པའི་དབྱིན་དེབ་ཅིག་འདུག)འདི་ནི་ང་ཚོ་རྫ་ཆུ་ཁ་པའི་ངོས་ནས་བསམ་བློ་དང་འཆར་གཞི་ལག་ལེན་བཅས་ཀྱི་སྟོང་ཆ་ཆེན་པོ་ཞིག་ཡིན།

དཔལ་སྤྲུལ་དང་མི་ཕམ་གཉིས་རྫ་ཆུ་ཁ་པས་སྒེར་བདག་དགོས་པ་ཞིག་མིན་ན་ཡང་། ཁོང་གཉིས་ཀྱི་དགོངས་པ་དང་སྙིང་སྟོབས་དར་སྤེལ་བཏང་བའི་ཐོག་ནས་ཞིབ་འཇུག་རང་བཞིན་གྱི་གྲུབ་འབྲས་བཏོན་ཏེ་ལོ་རྒྱུས་ལ་ལེགས་སྐྱེས་འབུལ་རྒྱུ་ནི་ང་ཚོར་འཁྲི་བའི་འོས་འགན་ཞིག་རེད། བྱུང་ན་མ་འོངས་པར་སློབ་གླིང་དེ་འདྲར་ཆེད་དུ་མཉམ་འབྲེལ་གྱི་གན་རྒྱ་བཞག་སྟེ། སློབ་ཡོན་གྱི་ཐེབས་རྩ་བཙུགས་ནས་བརྗོད་གཞི་འདི་རིགས་ཀྱི་ཐོག་ལ་སློབ་ཡོན་རེ་གསར་གཏོད་ཐུབ་པ་བྱུང་ན་ཧ་ཅང་ལེགས་པ་ཡིན།

༣༽ རྫ་དཔལ་སྤྲུལ་ལ་ཁྱི་རྒན་ཐོགས་དོན།

སྐབས་དོན་བརྗོད་གཞི་དངོས་ནི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་རང་རྣམ་དུ་འཁོད་པའི་དཔལ་སྤྲུལ་རིན་པོ་ཆེ་དང་འབྲེལ་བའི་བརྗོད་གཞི་ཞིག་སྟེ། རྫ་དཔལ་སྤྲུལ་བླ་བྲང་དུ་ཕེབས་ནས་རྗེ་གུང་ཐང་བསྟན་པའི་སྒྲོན་མེ་དང་ཞལ་མཇལ་གསུང་ཐོས་བྱུང་ཡོད་མིན་གྱི་སྐོར་ཡིན།
དེ་ཡང་རྫ་དཔལ་སྤྲུལ་གྱི་མཚན་གཞན་ཞིག་ལ་ཁྱི་རྒན་ཞེས་ཞུ་ཞིང་། ཁྱི་ལ་ལྟ་སྟངས་ལེགས་པོ་མེད་པའི་བོད་ཀྱི་ལུང་པ་དང་། ཁྱད་པར་དུ་རྫ་ཆུ་ཁའི་འབྲོག་པ་ཚོར་མཚོན་ན་ཁྱི་རྒན་ལབ་ན་ཧ་ཅང་བརྙས་བཅོས་ཀྱི་ཚིག་དེ་མན་ན་མེད་པ་ཞིག་རེད། འོ་ན། དཔལ་སྤྲུལ་གྱི་མཚན་ལ་ཁྱི་རྒན་ཐོགས་པ་དེ་ཁོང་གིས་རང་ཉིད་ལ་ཁེངས་བསྐྱུངས་ཀྱི་ཆེད་དུ་བཏགས་པ་རེད་དམ་ཟེར་ན་དེ་མ་རེད། དེ་ནི་ཁོང་གི་རྩ་བའི་བླ་མའི་གྲས་སུ་གཏོགས་པའི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་བཏགས་པ་རེད། དེ་ཡང་ཐེངས་གཅིག་དཔལ་སྤྲུལ་དང་མདོ་མཁྱེན་བརྩེ་མཉམ་དུ་ཡོད་སྐབས་མདོ་མཁྱེན་བརྩེས་དཔལ་དགེ་ལ་ཁྱོད་ལ་དཔའ་ཡོད་ན་འདིར་ཤོག་གསུངས་ནས་བོས་གནང་ཞིང་། དཔལ་སྤྲུལ་འགྲམ་དུ་བཅར་བ་དང་། སྐྲ་ནས་བཟུང་སྟེ་ས་ལ་བརྡབས་ཤིང་དྲུད་དེ་བྱོན་པས་མཚམས་ཤིག་ནས་ཆང་དྲི་ཚོར་བ་དང་དཔལ་སྤྲུལ་གྱིས་བསམ་པར། མདོ་མཁྱེན་བརྩེ་ཁོང་གྲུབ་ཐོབ་ཆེན་པོ་ཡིན་ཡང་ཆང་གིས་བཟི་ནས་སྨྱོ་སྤྱོད་མཛད་ཀྱི་འདུག སངས་རྒྱས་ཀྱིས་ཆང་གི་ཉེས་དམིགས་མང་པོ་གསུངས་པ་ཐོག་ཏུ་བབས་འདུག་སྙམ་པ་བྱུང་བ་ཙམ་གྱི་མོད་ལ། མདོ་མཁྱེན་བརྩེས་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་དགོངས་ནས་དེ་མ་ཐག་བཀའ་བཀྱོན་དང་སྦྲགས་ཁྱི་རྒན་ཁྱོད་ཞེས་བོས་པ་དང་། དེའི་དཔལ་སྤྲུལ་གྱི་ཐུགས་ལ་ང་འཁྲུལ་འདུག་དགོངས་ནས་ལས་གནད་བཅོས་ཏེ་བཞུགས་པས་ཟང་ཐལ་གྱི་རིག་པ་ནམ་མཁའ་གཡའ་ཐག་ཆད་པ་ལྟ་བུ་ཞིག་མངོན་དུ་གྱུར་སྟེ། སྔོན་བླ་མ་རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུས་ངོ་སྤྲད་པ་དེ་ནམ་ལང་པའི་སྟེང་དུ་ཉི་མ་ཤར་བ་བཞིན་དུ་སོང་བ་རེད་ཅེས་ཁོང་གི་ཐུགས་སྲས་མཁན་པོ་ཀུན་དཔལ་གྱིས་བརྩམས་པའི་རྫ་དཔལ་སྤྲུལ་གྱི་རྣམ་ཐར་དུ་གསུངས་ཡོད། དེ་ནས་བཟུང་དཔལ་སྤྲུལ་གྱིས་ཀྱང་ཀུ་རེའི་ཚུལ་དུ་ཁྱི་རྒན་ནི་ང་ལ་སྐུ་ཞོགས་མཁྱེན་བརྩེས་གནང་བའི་གསང་མཚན་ཡིན་ཞེས་གསུངས་ཀྱི་ཡོད་པ་དང་། ཁོང་གི་གསུང་རྩོམ་མང་པོ་ཞིག་ལ་ཡང་མཚན་དེ་རང་བེད་སྤྱོད་གནང་ཡོད་དེ། ཁོང་གིས་གསུང་རྩོམ་ཤིན་ཏུ་གྲགས་ཆེན་ཤེར་ཕྱིན་སྒོམ་རིམ་གྱི་མཇུག་རྩོམ་ཏུ་ཡང་ཁྱི་རྒན་ཨ་བུ་ཞེས་བྲིས་གནང་ཡོད།

༤༽ མདོ་མཁྱེན་དང་དཔལ་སྤྲུལ་གཉིས་ཀྱིས་མགར་ལུང་ལ་ཁ་ནས་རྡོ་གྲུབ་ཆེན་ལ་ཕྱི་ཕྱག་ཕུལ་བ།

མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་མཆོག་རྡོ་གྲུབ་ཆེན་གྱིས་རིག་འཛིན་འཇིགས་མེད་གླིང་པའི་ཡང་སྲིད་དུ་ངོས་བཟུང་ནས་དབུས་འབྲི་གུང་དུ་གདན་འདྲེན་དང་། ཁམས་སྡེ་དགེའི་དབུ་བླར་བསྐོ་བ། རྫ་ཆུ་ཁར་ཡང་སྐུ་སྔ་མའི་ཞལ་སློབ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་ཀི་ལུང་འཇིགས་མེད་ངོ་མཚར་གཉིས་མཇལ་སར་སྔ་ཕྱིར་ཐེངས་མང་ཕེབས་པ་སོགས་མཛད་ཡོད་ཅིང་། གཙོ་ཆེར་གསེར་སྟོད་ཡར་ལུང་པདྨ་བཀོད་དུ་རྡོ་གྲུབ་ཆེན་སྐུ་འཕྲེང་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་མདུན་དུ་ཕེབས་ནས་བཀའ་ཆོས་ཞུས་པ་དང་། མཐར་གྲྭ་ཆས་ཕུད་ནས་གྲུབ་སྨྱོན་གྱི་སྤྱོད་པ་མཛད་རྗེས་ཡང་བསྐྱར་རྡོ་གྲུབ་རིན་པོ་ཆེའི་མདུན་དུ་ཆེད་དུ་གདམས་ངག་ལྷག་འཕྲོ་གསན་པར་ཕེབས་གནང་ཡོད། སྐབས་དེར་ཁོང་དང་ལྷན་དུ་དཔལ་སྤྲུལ་རིན་པོ་ཆེ་ཡང་ཡོད། དཔལ་སྤྲུལ་ཁོང་གཉིས་བླ་མ་གཅིག་གི་སློབ་མ་དང་ངོས་འཛིན་མཛད་མཁན་ཡང་རྡོ་གྲུབ་ཆེན་ཡིན་པར་གཅིག་མཚུངས་སུ་འདུག་ན་ཡང་། བསླབ་པའི་ཆ་ནས་སྐུ་ཞོགས་མཁྱེན་བརྩེ་བླ་མ་དང་དཔལ་སྤྲུལ་སློབ་མའི་གནས་རིམ་དུ་ཡོད་འདུག དེའི་སྐོར་རང་རྣམ་དུ། ལྕགས་འབྲུག་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན། ཞབས་སྤྱི་བོར་བླངས་ཤིང་སྨོན་ལམ་དྲག་པོ་བཏབ་ཅིང་། རྗེ་ཉིད་ཀྱིས་ཀྱང་ཆེད་གཏད་ཀྱི་ཐུགས་སྨོན་མཛད་ཅིང་ཐུགས་ཅུང་ཟད་སྐྱོ་བའི་ཚུལ་བསྟན། ཞེས་དང་། ང་རང་དངོས་ཀྱི་གྲོགས་དན་གྲོགས་མཆེད་དཔལ་དགེ་དང་ལྷག་བསམ་རབ་དཀར་གཉིས། གཞན་ཡང་གྲོགས་དན་གྱི་ཚུལ་དུ་བླ་མ་རིག་འཛིན་དང་ཡོངས་གྲགས་གཉིས་གཙོས་གནས་སྐོར་བ་ཁ་ཤས་བཅས་ལམ་དུ་ཞུགས་ནས་མཆེད་ལྕམ་ཀུན་གྱིས་ལུང་མདོ་བར་དུ་སྐྱེལ་མ་མཛད་ཅིང་ཕྱིར་ལོག མགར་ལུང་ལ་ཁར་ཞེས་པ་གདན་ས་མཐོང་བའི་སར་སླེབས་ཚེ་གཞན་ཀུན་སྔོན་ལ་སོང་། དཔལ་དགེ་དང་ང་རང་གཉིས་ནས་ཕྱག་བརྒྱ་ཕྲག་འཚལ་ཞིང་། ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་མཆོག་དང་འབྲལ་བ་མེད་པར་རྗེས་སུ་འཛིན་ཞིང་། ཐུགས་སྐད་ཅིག་ཙམ་མི་དཀྲུག་པ་དང་། རང་དོན་ཡིད་བྱེད་ཀྱི་འཁྲི་བ་བཙན་ཐབས་སུ་ཆོད་ཅིང་སེམས་ཅན་གྱི་དོན་དུ་ལུས་སྲོག་གཏོང་ནུས་པའི་སྨོན་ལམ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་ལམ་དུ་ཞུགས། ཞེས་འབྱུང་།
སྐབས་དེའི་སྣང་ཚུལ་དེ་ཡང་རྗེ་བཙུན་མི་ལ་མར་པ་དང་ཞལ་གྱེས་སྐབས་ཀྱི་ཡུལ་ངོས་དང་འདྲ་སེེ་བ་ཞིག་འདུག་པས་ས་ཆ་དེར་དྲན་རྟེན་ཞིག་བསླངས་ནས་སྐབས་དེའི་རྣམ་པ་ས་རྟགས་དང་བཅས་གནས་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་ཞིག་ཀྱང་བྱུང་། འོན་ཀྱང་། རྡོ་གྲུབ་རང་རྣམ་དུ་ནི་མདོ་མཁྱེན་བརྩེ་དང་ཐ་མའི་ཞལ་གྱེས་སྐོར་མི་གསལ་སྟེ། འདི་ནི་རྡོ་གྲུབ་རིན་པོ་ཆེ་མ་འདས་པའི་ཡར་སྔོན་ཙམ་ཡིན་ཞིང་། རང་རྣམ་ནི་དེའི་སྔོན་ཞིག་ནས་རྩོམ་འཕྲོར་ལུས་འདུག

༥༽ ཨར་ཅོ་རྣམས་ཀྱི་སྒར་མཐའ་འགྲིམ་པ།

ད་དུང་རྣམ་ཐར་དེར་དཔལ་སྤྲུལ་དང་འབྲེལ་བའི་དུམ་བུ་འགའ་ཞིག་ཡོད་ཅིང་། དེ་ཡང་མདོ་མཁྱེན་བརྩེ་གསེར་རྟ་ནས་རྡོ་ཁོག་གི་རྡོའི་རྫོང་ཕུག་དང་གཡུ་མཚོ་ཞེས་པའི་མཚོ་ཁར་ཕེབས་སྐབས་ཁོང་གི་གཏེར་སྐལ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་འདོན་དགོས་པར་མཁའ་འགྲོས་སྐུལ་མ་མཛད་པ་དང་། ཁོང་གིས་གཏེར་ལ་དགོས་པ་མི་འདུག སྔོན་གྱི་གཏེར་སྟོན་དག་གིས་གཏེར་ཆོས་ཀྱིས་མ་ཆོག་པ་མི་འདུག ད་ནི་མཁྱེན་བརྩེ་ཞེས་པའི་མིང་ཙམ་ཡང་མི་ཐོས་ས་ཞིག་ཏུ་འགྲོ་དགོས་སྙམ་ནས་གཏེར་བློས་གཏོང་གྲབ་བྱས་ཚུལ་སོགས་ལས་བརྩམས་ཏེ་རང་རྣམ་ཐར་དུ། མཚོ་བསྐོར་ནས་ཕར་ཕྱིན་པས་གཞན་མ་རྣམས་སྔོན་དུ་སོང་ནས། དཔལ་དགེས་སྒུག་འདུག སྔོན་མ་རྣམ་གནས་མདུན་དུ་མ་སོང་ན་སྡོད་གནས་ལེགས་པོ་རང་ཡོད་ཚོད་མི་འདུག་པས་དེར་སོང་། ང་རང་ཞབས་ཕྱི་བསྡད་པ་ཡིན་ཟེར། ཞེས་དང་། ང་རང་ནས་ཉིད་སྔོན་དུ་སོང་ལ་སང་སྔ་བར་བསང་ཞིག་བཏང་རྒྱུའི་སྟབས་ཀ་ཨེ་འགྲིགས་ལྟོས། ང་རང་མཚོ་ཕ་ཀིའི་འགྲམ་ན་ལུས་སྦྱིན་ཞིག་གཏོང་ནས་འོང་བྱས། ང་གཅིག་པུར་མཚོ་ཁར་ཕྱིན་སོགས་སྟེ། འདི་དག་ལས་ཀྱང་སྐབས་དེར་ཡང་དཔལ་དགེ་ཁོང་དང་མཉམ་དུ་ཡོད་པ་དང་། དཔལ་དགེ་ནི་ཁོང་གི་གྲོགས་པོ་བློས་ཐུབ་དང་ནང་མའི་མཆེད་གྲོགས་ཡིན་པ་བླ་མའི་གདན་ས་ལ་ཕྱི་ཕྱག་འབུལ་སྐབས་དཔལ་དགེ་གཅིག་པུ་དང་མཉམ་དུ་རྗེས་ལ་བཞུགས་པ་སོགས་ཀྱིས་ཀྱང་རྟོགས་ཐུབ།
ད་དུང་། མདོ་མཁྱེན་བརྩེ་དང་ཨར་ཅོ་དེ་དག་ཁྱུ་གཅིག་ཏུ་བྱས་ནས་རྡོ་སྨད་འཛིར་ཀ་སོགས་བརྒྱུད་ནས་མཉམ་དུ་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ལ་མཇལ་ཁ་དང་རི་ཁྲུས་རབ་གནས་སོགས་མཛད་འདུག་ཅིང་། དེར་ཡང་དཔལ་སྤྲུལ་ཁོང་གཉིས་མཉམ་དུ་ཡོད་ངེས། ད་དུང་དེ་ནས་མདོ་མཁྱེན་བརྩེས་རོགས་པ་ཚོར་ད་ནས་ཁྱེད་ཚོས་ང་སྤྲུལ་སྐུ་ཡིན་པའི་མིང་ཙམ་ཡང་གཞན་ལ་མི་བསྒྲགས་པར་འཚོ་བ་སློང་མོ་ལ་བརྟེན་ནས་ཁྱེད་ཚོ་དང་མཉམ་དུ་འགྲོ་རྒྱུ་བྱེད་ན་དེ་ཆོག དེ་མིན་ང་ཚོ་ཁ་ཁར་བྱས་ནས་ང་གཅིག་པུར་འགྲོ་རྒྱུ་ཡིན་ཞེས་ཨུ་ཚུགས་བྱས་འདུག་ལ། དེ་ལ་མདོ་མཁྱེན་བརྩེའི་རང་རྣམ་དུ། (སྤྲུལ་སྐུ་ཡིན་པ་)སུ་ལའང་མི་བཤད་པའི་མནའ་ཐོ་བཅད་དེ། དངོས་རྫས་ཀུན་ཁོ་རང་རྣམས་ལ་བགོ་བཤའ་བྱས་ནས་བྱིན། དཔལ་དགེ་དང་ང་རང་གཉིས་ཨར་ཅོ་རྣམས་ཀྱི་སྒར་མཐའ་འབྲངས་ནས་ཕྱིན། ཞེས་དཔལ་དགེ་ཁོང་རྣམ་གཉིས་ཨར་ཅོའི་ནང་གི་ཨར་ཅོ་བྱས་ནས་ཕེབས་འདུག་ཅིང་། དེ་ནས་ཁོང་ཚོ་མཛོད་དགེ་ཐང་སྐོར་ཨ་མཆོག་སོགས་ནས་ཨ་མྱེ་དམུ་རི་ཞེས་པའི་ས་ཆ་བརྒྱུད་དེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱིན་འདུག

༦༽ རྫ་དཔལ་སྤྲུལ་བླ་བྲང་དུ་ཕེབས་ནས་གུང་ཐང་ཚང་མཇལ་བ།

དོན་དག་གལ་ཆེན་ཞིག་ནི། སྐབས་དེར་མདོ་མཁྱེན་བརྩེས་བླ་བྲང་དུ་གནས་མཇལ་དང་འབྲེལ་གུང་ཐང་རིན་པོ་ཆེ་དང་མཇལ་འདུག་ཅིང་། དེའི་ཚུལ་རྣམ་ཐར་ལས། གུང་ཐང་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ། གནས་སྐོར་བ་ཀུན་ཕྱག་མཇལ་དུ་སོང་བ་ང་རང་གྲལ་མཐར་གནས་ཀྱང་ལྐོག་གྱུར་གཟིགས་པའི་ངོས་འཛིན་མཛད་ཅིང་། ཅིས་ཀྱང་གསུང་ནན་གྱིས་ཁྱོད་རང་སུ་ཡིན་བཤད་དགོས་གསུང་པས་གསང་ཚུལ་གྱིས་ང་རང་གི་ལོ་རྒྱུས་བཤད་དགོས་བྱུང་། ཆོས་འབྲེལ་ཡང་རྒྱ་ཆེར་གནང་། ཞེས་གསུང་འདུག སྐབས་དེར་ཡང་དཔལ་སྤྲུལ་རིན་པོ་ཆེ་ཁོང་དང་མཉམ་དུ་མཇལ་བ་དག་གི་མཐའ་ན་ཡོད་ངེས་སུ་འདུག་པ་དང་། མདོ་མཁྱེན་བརྩེ་དང་མཉམ་དུ་ཆོས་འབྲེལ་མང་པོ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པར་ཡིད་ཆེས་ཆོག་པ་ཞིག་རེད། དེ་ནས་མུ་མཐུད་ཁོང་རྣམ་པ་རེ་སྐོང་དུ་ཕེབས་ཤིང་། མདོ་མཁྱེན་བརྩེ་དང་དཔལ་སྤྲུལ་གཉིས་མཚོ་སྙིང་མ་ཧཱ་དེ་ཝར་ཡང་ཕེབས་པ་དང་། མཚོ་སྙིང་ནས་ཕྱིར་འཁོར་ཙམ་ན་དཔལ་དགེ་གཙོས་པའི་གནས་མཇལ་བ་དེ་ཚོ་ཕྱིར་རང་ཡུལ་དུ་ཕེབས་པ་དང་མདོ་མཁྱེན་བརྩེ་མུ་མཐུད་རེ་སྐོང་དུ་བཞུགས་པར་གསལ།
ཁོང་རྣམ་པ་གཉིས་ཀྱིས་བླ་བྲང་ནས་མདོ་མཁྱེན་བརྩེ་དང་སྤྲུལ་སྐུ་ཡིན་པ་སོགས་གསང་ནས་ཧ་ཅང་དཀྱུས་མའི་ཚུལ་གྱིས་རྗེ་གུང་ཐང་རིན་པོ་ཆེར་མཇལ་ཁ་ཞུས་འདུག་པ་དང་། དེའི་ཁྲོད་དུ་དཔལ་སྤྲུལ་ཡང་ཡོད་ངེས་སུ་གྲུབ་ཅིང་། དེ་ཡིན་ན་གུང་ཐང་པ་དང་དཔལ་སྤྲུལ་ཡང་དངོས་སུ་མཇལ་མྱོང་ཡོད་པར་གྲུབ་ཅིང་། སྤྱིར་བཏང་། གུང་ཐང་རིན་པོ་ཆེ་ནི་ཆོས་ལུགས་རིས་མེད་ཀྱི་གུས་བཀུར་ཞུ་ཡུལ་གྱི་ངེས་པ་དོན་གྱི་སྐྱེས་ཆེན་ཞིག་ཡིན་ཞིང་། དཔལ་སྤྲུལ་རིན་པོ་ཆེས་ཞབས་དཀར་ཚོགས་དྲུག་རང་གྲོལ་མཇལ་འདོད་ཆེན་པོ་གནང་ནས་ཕེབས་སྐབས་ལམ་བར་ནས་ཞབས་དཀར་སྐུ་གཤེགས་པ་གསན་པས་ཐུགས་ཕམ་ཆེན་པོ་གནང་བའི་སྐོར་རྣམ་ཐར་དུ་འཁོད་པ་བཞིན། གུང་ཐང་རིན་པོ་ཆེ་ཡང་དཔལ་སྤྲུལ་རིན་པོ་ཆེེས་མཇལ་འདོད་ཡོད་པའི་སྐྱེས་བུ་ཞིག་ཡིན་པར་ཐག་གཅད་ནས་བཤད་ཆོག་ཅིང་། ཁོང་རྣམ་པའི་གསུང་རྩོམ་དག་ལ་བལྟས་ན་ཡང་དཔལ་སྤྲུལ་དང་གུང་ཐང་པའི་བར་དགོངས་པ་བཞེས་སྟངས་སོགས་མཐུན་ཆ་མང་པོ་ཞིག་ཡོད་ངེས་ལྟ་བུར་མཐོང་། འོན་ཀྱང་། དཔལ་སྤྲུལ་སྤྱི་ཡོངས་ནས་ཤེས་རབ་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་དགོང་ལོ་ཉི་ཤུར་ཟིན་ཙམ་གྱི་རྫ་ཆུ་ཁའི་བླ་ཆུང་ཞིག་གི་སྤྲུལ་སྐུ་ཡིན་པས་སྐབས་དེར་ཤར་ཁ་ཕྱོགས་ཀྱི་དགོན་ཆེན་ཚོར་མཚོན་ན་ཧ་ལམ་ཆ་རྒྱུས་ཡོད་མི་སྲིད། གུང་ཐང་ཚང་དང་ཡང་དམིགས་བསལ་གྱི་བཀའ་མོལ་བྱུང་བའི་ལོ་རྒྱུས་མི་གསལ།

༧༽ སྐབས་དོན་དང་འབྲེལ་བའི་དོགས་གཅོད།

མཚམས་འདི་ནས་སྐབས་དེར་རྫ་དཔལ་སྤྲུལ་དགུང་ལོ་ཆུང་ཆུང་ཡིན་པས་མདོ་མཁྱེན་བརྩེ་དང་མཉམ་དུ་ཡོད་པའི་དཔལ་དགེ་དེ་དཔལ་སྤྲུལ་རིན་པོ་ཆེ་ཡིན་མིན་དང་། སྐབས་དེར་མཇལ་རྒྱུའི་གུང་ཐང་རིན་པོ་ཆེ་དེ་གུང་ཐང་སྐུ་ཕྲེང་གང་ཡིན། གུང་ཐང་དང་དཔལ་སྤྲུལ་གྱི་དགུང་ན་དང་ས་བབས་སོགས་ཀྱི་ཞལ་མཇལ་ཐུབ་ཡོད་མེད་སོགས་ཀྱི་སྐོར་ལ་དོགས་གཅོད་ཕྲན་བུ་ཞིག་བྱེད། དེ་ཡང་མདོ་མཁྱེན་བརྩེ་དང་དཔལ་སྤྲུལ་གཉིས་རྡོ་གྲུབ་རིན་པོ་ཆེའི་སྐུ་མདུན་ནས་ཐོན་ཏེ་ཐུགས་ཆེན་སོགས་བརྒྱུད་བླ་བྲང་ལ་ཕེབས་པའི་ལོ་དེ་ལྕགས་འབྲུག་ལོ་མགོ་ཡིན་ཞིང་། དེ་ནི་སྤྱི་ལོ་༡༨༢༠ལོར་ཁེལ། སྐབས་དེར་དཔལ་སྤྲུལ་རིན་ཆེ་དགུང་གྲངས་ཉི་ཤུར་ཟིན། དེ་ནི་མཁན་པོ་ཀུན་དཔལ་གྱིས་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་དུ། མདོ་མཁྱེན་བརྩེས་དཔལ་སྤྲུལ་ལ་ཁྱི་རྒན་ཞེས་བོས་ནས་རིག་པ་ངོ་སྤྲོད་མཛད་ཚུལ་དང་། གཅོད་ཁྲིད་གསན་ནས་གཉན་སར་ཕེབས་ཚུལ་སོགས་བྲིས་རྗེས། བྱུང་བ་འདི་དག་དཔལ་སྤྲུལ་རིན་པོ་ཆེ་དགོང་ལོ་ཉི་ཤུ་ཐམ་པ་བཞེས་པ་ཡན་ཆད་ལ་ཡིན་ཞེས་ཆེད་དུ་གསལ་ཁ་གཏོན་གནང་བ་ཡང་ཡོངས་སུ་མཐུན།
གཉིས་པ་ནི། སྤྱིར་དཔལ་དགེ་ལ་མཚན་ནས་འབོད་ཚུལ་མི་འདྲ་བ་དཔེར་ན། དཔལ་སྤྲུལ་རིན་པོ་ཆེ་དང་། མཁན་པོ་བདེ་གཤེགས་ཚང་། ཨ་བུ་དཔལ་དགེ ཨ་བུ་རིན་པོ་ཆེ། མཁས་པ་དཔལ་དགེ་རྒྱལ་པོ་སོགས་མང་པོ་ཡོད་འདུག་ན་ཡང་། མདོ་མཁྱེན་བརྩེའི་རང་རྣམ་དུ་དཔལ་དགེ་ཞེས་པ་འདི་ཁོ་ནས་འབོད་གནང་ཡོད་ཅིང་། དེ་ནི་མཁན་པོ་ཀུན་དཔལ་གྱིས་བརྩམས་པའི་དཔལ་སྤྲུལ་རྣམ་ཐར་གོང་དུ་དྲངས་པ་ལས། མདོ་མཁྱེན་བརྩེས། དཔལ་དགེ་ཞེས་བོས་ཏེ་ཞེས་གསུངས་པ་དང་ཡང་རྦད་དེ་འགྲིགས་པ་ཡིན།

ད་དུང་སེམས་ཁུལ་གཞན་ཞིག་བྱུང་བ་ནི་སྐབས་དེར་གུང་ཐང་བསྟན་པའི་སྒྲོན་མེ་སྐུ་བཞུགས་སམ་སྙམ་པ་དེ་ཡིན། འོན་ཀྱང་། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ལྟར་ན། གུང་ཐང་བསྟན་པའི་སྒྲོན་མེ་སྤྱི་ལོ་༡༩༦༢ལ་འཁྲུངས་ཤིང་། སྤྱི་ལོ་༡༨༢༣ཆུ་མོ་ལུག་གི་ལོར་སྐུ་གཤེགས་འདུག་ཅིང་། མདོ་མཁྱེན་བརྩེ་དང་དཔལ་སྤྲུལ་བླ་བྲང་དུ་ཕེབས་པའི་ལྕགས་འབྲུག་གི་ལོ་ནས་མར་བརྩིས་པའི་ལོ་གསུམ་པར་ཁེལ་ཡོད། དེ་ཡང་སྤྱི་ལོ་༡༨༢༠ལོར་དཔལ་སྤྲུལ་རིན་པོ་ཆེ་གུང་ཐང་ཚང་དང་མཇལ། སྤྱི་ལོ་༡༨༢༡ལོར་རྡོ་གྲུབ་ཆེན་སྐུ་གཤེགས། སྤྱི་ལོ་༡༨༢༢ཆུ་རྟ་ལོར་མདོ་མཁྱེན་བརྩེ་དང་དཔལ་དགེ་གཉིས་སླར་ཡང་ཁྲོ་སྐྱབས་ཐུགས་ཆེན་ནས་མཉམ་འཛོམས་བྱུང་། དེའི་ཕྱི་ལོ་སྟེ། སྤྱི་ལོ་༡༨༢༣ཆུ་ལུག་ལོར་གུང་ཐང་པ་སྐུ་གཤེགས་འདུག དེས་ན་རྫ་དཔལ་སྤྲུལ་གྱིས་གུང་ཐང་བ་མཇལ་ཡོད་པར་ཁ་ཚོན་གཅད་ནས་བཤད་ཆོག་པ་ལྟ་བུ་ཞིག་ཏུ་འདུག

༨༽ དཔལ་སྤྲུལ་གྱི་ཞབས་རྗེས་གཞན་འགའ་ཞིག

འདི་དག་གི་ཞོར་དུ། རྫ་དཔལ་སྤྲུལ་རིན་པོ་ཆེས་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་མདུན་ནས་རི་ཁྲུས་དང་རབ་གནས་མཛད་པ་དང་། སྤྱི་ལོ་༡༨༢༠དང་༡༨༢༢སོ་སོར་མ་མཐའ་ཡང་ས་ཆ་དེར་ཐེངས་གཉིས་ཕེབས་ཡོད་པ། ཐེངས་གཉིས་པའི་སྐབས་སུ་མདོ་མཁྱེན་བརྩེ་དང་མཉམ་དུ་སྨྱུང་གནས་མཛད་པ་སོགས་ཀྱང་རྟོགས་ཐུབ།
མདོ་མཁྱེན་བརྩེའི་རང་རྣམ་ལྟར་ན། ལྕགས་འབྲུག་ལོར་དཔལ་སྤྲུལ་གསེར་རྟ་ནས་རྒྱལ་རོང་། དེ་ནས་མཛོད་དགེ་དང་ཨ་མཆོག་བརྒྱུད་བླ་བྲང་དང་རེ་སྐོང་མཚོ་སྙིང་མ་ཧཱ་དེ་ཝའི་བར་དུ་ཕེབས་གནང་ཡོད་པ་དང་། རྟ་ལོའི་ལོ་མཇུག་ཏུ་ཡང་བསྐྱར་ཁྲོ་སྐྱབས་ཐུགས་ཆེ་ཆེན་པོ་བསྐོར་སར་ཕེབས་ཡོད་འདུག་པ་དང་། དེ་དང་རྗེས་འབྲེལ་ལུག་གི་ལོར་མུ་མཐུད་མདོ་མཁྱེན་བརྩེ་དང་མཉམ་དུ་དེང་གི་རྔ་བ་རང་སྐྱོང་ཁུལ་གྱི་ས་ཁུངས་སུ་དུས་ངེས་ཅན་བཞུགས་པ་སོགས་ལ་བསམ་ན་སྐབས་དེར་རྐང་ཐང་གི་འགྲུལ་བཞུད་ཁོ་ནས་དགོང་ལོ་ཉི་ཤུ་ནས་དེ་ཙམ་ཕེབས་ཟིན་ན། ཁོང་གི་སྐུ་ཚེ་ཧྲིལ་པོའི་ཞབས་ཐང་གི་འགྲུལ་བཞུད་ཀྱི་རྗེས་ཤུལ་འཚོལ་རྒྱུ་ནི་ཧ་ཅང་དཀའ་ཁག་ཅན་ཞིག་ཀྱང་ཡིན་ངེས། ཁོང་ནི་དགོང་ལོ་མཐོན་པོར་སོན་པའི་བར་དུ་ཡང་མཛད་སྤྱོད་དེ་ག་རང་རྒྱུན་བསྐྱངས་གནང་བ་རེད། འོན་ཀྱང་། དཔལ་སྤྲུལ་རིན་པོ་ཆེས་སྐུ་ཚེ་སྨད་ཀྱི་བཞུགས་ཡུལ་གཙོ་བོ་དེ་ནི་ཐོག་མར་སྐུ་འཁྲུངས་སའི་རྫ་ཆུ་ཁའི་དགེ་གོང་ས་ཆའི་ཉིན་ལུང་ཞིག་ཏུ་ཡོད་པའི་དཀར་ཆུང་སྐོ་འོར་ཞེས་པའི་འབྲོག་མཚེར་དེ་ཉིད་ཡིན་པ་དང་། མཐར་སྐུ་གཤེགས་སའང་ས་ཆ་དེ་ཉིད་རེད། གུས་པའང་ཐེངས་ཤིག་ཆེད་དུ་བྱང་ཆུབ་སེམས་དཔའ་དཔལ་སྤྲུལ་རིན་པོ་ཆེའི་སྐུ་འཁྲུངས་ས་དང་ཆོས་འཁོར་བསྐོར་ས་མཛད་པ་ཐ་མ་མྱ་ངན་ལས་འདས་པའི་གནས་གསུམ་ཀ་ཡིན་པའི་ས་མིག་དེར་ཕྱིན་ནས་སྨོན་ལམ་བཏབ་པ་ཡིན།

༩༽ དཔལ་སྤྲུལ་ལ་ལྷ་བབས་ཚུལ།

ད་དུང་དོ་སྣང་འོས་པ་གཞན་ཞིག་ནི། སྐབས་དེར་དཔལ་སྤྲུལ་རིན་པོ་ཆེས་ཆོས་སྐྱོང་གི་སྐུ་རྟེན་གནང་འདུག་ཅིང་། དེ་ཡང་ཤ་ཟ་ཁ་མོ་ཆེ་བབས་ནས་མདོ་མཁྱེན་བརྩེ་ལ་ལུང་བསྟན་ཕུལ་བ་དང་། དེ་ནས་ལུང་བསྟན་ལྟར་ཐུགས་རྗེ་ཆེན་པོར་ཕྱག་བསྐོར་རྫོགས་ནས་འབྲོང་རྫོང་ཟེར་བའི་ས་ཆ་བརྒྱུད་ཚ་ཁ་རྒྱར་བཀྲ་ཤིས་ཐང་ཟེར་བ་ཞིག་ཏུ་གདན་ཕབ་སྟེ་དཔལ་སྤྲུལ་རིན་པོ་ཆེས་མདོ་མཁྱེན་བརྩེ་མིང་སྲིང་དང་མཉམ་དུ་ཚོམ་བུ་ཚོགས་སྒྲུབ་ཀྱི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཞིག་བསྐོར་ནས་ཞག་བདུན་གྱི་རིང་རྟེན་འབྲེལ་ཆེན་མོ་ཞེས་པའི་གསང་བ་རྨད་དུ་བྱུང་བའི་རྟུལ་ཞུགས་ཀྱི་སྤྱོད་པ་གནང་འདུག སྐབས་དེར་ཡང་དཔལ་སྤྲུལ་ལ་ལྷ་བབས་འདུག

དེའི་སྐོར་མདོ་མཁྱེན་བརྩེའི་རྣམ་ཐར་དུ། དེར་སྐབས་ཤིག་བླ་མ་དཔལ་དགེས་སྣ་དྲངས། སྲིང་མོ་མཆོག་གི་གཙོ་གྱུར་དམ་ལྡན་བདུན་ཙམ་ལ། ཡེ་ཤེས་མཁའ་འགྲོ་དངོས་སུ་བྱིན་ཕེབས་ཅིང་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས། དབེན་པ་ཞིག་ཏུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཞིག་བསྐོར་བ་ལ། སྲིང་མོ་ཆེན་མོ་མཁའ་འགྲོ་ས་འཛིན་ཆེན་མོར་བརྫུས་ཤིང་དཀྱིལ་འཁོར་གྱི་བྱ་བ་བསྒྲུབས། གཞན་མི་ཕོ་མོ་ལྔ་ལ་མཁའ་འགྲོ་སྡེ་ལྔ་བབ་ཅིང་བརྡ་སྣ་ཚོགས་སྟོན། དཔལ་དགེ་ལ་སེང་ཧ་མུ་ཁ་བབ་ནས་ས་མཚམས་འཛིན། ཞེས་སོགས་ཏེ། འདི་དག་གིས་ཀྱང་། དཔལ་སྤྲུལ་རིན་པོ་ཆེ་གཞོན་ནུའི་དུས་སུ་མདོ་མཁྱེན་བརྩེ་རིན་པོ་ཆེ་དང་མཉམ་དུ་ཕེབས་བཞུད་གནང་པའི་ལོ་རྒྱུས་གལ་ཆེན་ཤ་སྟག་རེད།

རྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་དང་ལྷ་ཕེབས་པ་འདི་དག་ཀྱང་རྨོངས་དད་དང་ཟོག་པོའི་ལས་ལྟ་བུ་ཞིག་ལས་དཔལ་སྤྲུལ་རིན་པོ་ཆེས་ལྟ་བུས་དེ་འདྲ་ཨེ་གནང་སྙམ་པའང་མ་ཤེས་པ་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་པས་རྫོགས་ཆེན་གྱི་ཆོས་གསུང་ས་ཕལ་མོ་ཆེར་སློབ་མ་ཚོར་ཡེ་ཤེས་པ་བྱིན་ཕེབས་ཀྱི་ཡོད་པ་རྣམ་ཐར་དུ་ཤིན་ཏུ་རྒྱས་པར་འཁོད་ཡོད་ཅིང་། སྤྱིར་རིག་པ་རྟུལ་ཞུགས་ཀྱི་སྤྱོད་པ་ཡང་སྐབས་སུ་བབས་ན་ངེས་པར་དང་དུ་ལེན་དགོས་པ་སྔགས་ཀྱི་དམ་ཚིག་ཡིན་ཞིང་། དཔལ་སྤྲུལ་རིན་པོ་ཆེས་ཀྱང་དེ་ག་རང་དུ་བཞེད་དེ། དེའི་དཔེ་མཚོན་གསལ་ཤོས་ནི། དཔལ་སྤྲུལ་རིན་པོ་ཆེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་ཕུལ་བའི་ཕྲིན་ཡིག་དེ་ཡིན་ཏེ། ཕྲིན་ཡིག་དེ་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་རྟེན་རབ་བྱུང་ཤིན་ཏུ་བཙུན་པར་བཞུགས་པ་ཉིད་སྔགས་པར་སྒྱུར་རྒྱུར་ནན་སྐུལ་གནང་བའི་གསུང་ཕྲིན་ཞིག་ཡིན། རྩོམ་ཡིག་དེའི་མིང་ལ། རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་ཐབས་ལམ་མཆོགག་ིསྤྱོད་པ་ལ་དབངབའི་ཡོན་ཏན་ལ་བསྐུལ་བའི་ཟོལ་གྱིས་བསྔགས་པ་ཞེས་བྱ་ཞིང། དཔལ་སྤྲུལ་རིན་པོ་ཆེའི་བཀའ་འབུམ་དུ་བཞུགས།།

༡༠༽ མཇུག་བསྡུ་བ།

གང་ལྟར་ང་ལ་མཚོན་ན། ངག་རྒྱུན་ཙམ་མིན་པར་སེམས་ཀྱི་གཏིང་ནས་ཤིན་དུ་སྨར་བའི་བྱང་ཆུབ་སེམས་དཔའ་དཔལ་སྤྲུལ་རིན་པོ་ཆེས་འདི་ལྟར་ཁུར་སྒ་རྒྱབ་དུ་ཁུར། བེར་ཀ་ཕྱག་ཏུ་བསྣམས་ནས་ཞབས་ཐང་གིས་བོད་ཀྱི་ས་ཁུལ་ངེས་མེད་དུ་བསྐོར་བའི་ཞབས་རྗེས་འདི་དག་རེ་རེ་བཞིན་མཐོང་མ་ཐག་དགའ་སྣང་དང་སེམས་འགུལ་ཆེན་པོ་ཐེབས་པར་མ་ཟད། དཔལ་སྤྲུལ་རིན་པོ་ཆེ་དང་རྗེ་གུང་ཐང་པ་དངོས་མཇལ་བྱུང་འདུག་ཨང་སྙམ་པའི་སྣང་བརྙན་འདིས་ང་ལ་རྒྱུ་མཚན་མེད་པར་སྤྲོ་བ་ལྷག་མ་ཞིག་དྲངས་བྱུང་། དེ་བཞིན་དཔལ་སྤྲུལ་རིན་པོ་ཆེ་ས་ཆ་མང་པོར་ཕེབས་པ་དང་། ཁོང་ལ་ལྷ་བབས་པ། སྒར་མཐའ་འགྲིམ་པ། བླ་མའི་ཞབས་གཡོག་ཞུས་པ་སོགས་ཀྱི་རྣམ་ཐར་ཀྱི་ཡིག་འབྲི་རེ་རེའང་ཧ་ཅང་རྩ་ཆེན་པོ་ཡིན་པའི་ཚོར་སྣང་ཤུགས་ཆེན་པོ་བྱུང་། མ་འོངས་པར་ཡང་ང་ཚོས་སྐབས་དེའི་འབྲེལ་ཡོད་ཀྱི་མི་སྣ་གཞན་དང་དགོན་སྡེ་སོགས་ལས་ཀྱང་ཕྱོགས་མཚུངས་པའི་ལོ་རྒྱུས་ཀྱི་ཁོངས་སྣེ་མང་པོ་བསྔོགས་འདོན་ཐུབ་པ་དགོས་ཤིང་། དེའི་རིགས་ལ་ཞིབ་འཇུག་བྱས་ནས་དཔལ་སྤྲུལ་རིན་པོ་ཆེའི་ཞབས་རྗེས་འཚོལ་བའི་ལམ་ལ་མུ་མཐུད་འཇུག་དགོས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༩ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༩ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༠ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 2

  1. དོལ་པོ་དང་དབང་ལྷུན་གྲུབ། says:
    ལོ་ 8 སྔོན།

    སྔ་འགྱུར་རིག་འཛིན་དུས་དེབ་ནང་དུ་རོག་བཟའ་དཔལ་དགེའི་རྣམ་ཐར་བཀོད་པ་དེའི་ནང་། མདོ་མཁྱེན་བརྩེའི་རང་རྣམ་ནང་གི་དཔལ་དགེ་ཞེས་པའི་ཆོས་གྲོགས་དེ་རོག་བཟའ་དཔལ་དགེ་རེད་མ་གཏོགས་རྫ་དཔལ་སྤྲུལ་ཡིན་ཚུལ་གསུངས་མི་འདུག ཁྱེད་ཀྱིས་གསུངས་པ་ལྟར་ན་རོག་བཟའ་དཔལ་དགེའི་རྣམ་ཐར་དེའི་ནང་གི་ཆ་ཤས་མང་ཆེ་བ་རྫ་དཔལ་སྤྲུལ་གྱི་རྣམ་ཐར་དུ་འདྲེན་དགོས་འདུག དོགས་པ་ཙམ་ཡིན།

    Reply
  2. བསོད་ནམས says:
    ལོ་ 9 སྔོན།

    བཀླག་རིན་ཅང་མེད་ཀི མཁན་པོ་ལགས། དུས་བབ་ཚང་གིས་སྲིད་དོན་དང་མ་འབྲེལ་བའི་ཆོས་ལུགས་རྩོམ་ཡིག་འདི་དང་ལྟ་བུ་སྤེལ་དོན་ཅི། འདི་རིགས་མ་སྤེལ་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese