དྷ་ས་གྲོང་སྡེ་སྤྱི་ཁྱབ་ལྕམ་རཱ་ཇི་ནེ་ལགས་ཀྱིས་བཞུགས་སྒར་དྷ་ས་ཁུལ་གྱི་དཀའ་ངལ་ཆེ་ཤོས་ཁོར་ཡུག་གད་སྙིགས་ཆགས་པ་དེ་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༤༠ སྟེང་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་གོ་སྒྲིག་འོག སྤྱི་ཚོགས་ཀྱི་དཀའ་རྙོག་འདུམ་སྒྲིག་ཡོང་ཐབས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ ༩ པ་ཚོགས་སོང་བ་དང་། ཚོགས་ཐོག་ཏུ་དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཧིན་བོད་སྐྱིད་སྡུག་ཚོགས་སྡེ་ཁག་ ༤༠ ཙམ་གྱི་ཚོགས་གཙོ་དང་ཚོགས་གཞོན་སོགས་འདུ་འཛོམས་ཀྱིས། བཞུགས་སྒར་དྷ་རམ་ས་ལ་ཁུལ་གྱི་གཞུང་ལམ་དང་ཁོར་ཡུག ཟ་ཁང་མགྲོན་ཁང་དང་ཆུ་གློག་གད་སྙིགས། གཞོན་སྐྱེས་ཚོས་སྨྱོས་རྫས་དང་ཆང་རག་བག་མེད་སྤྱོད་པའི་དཀའ་ངལ། དེ་བཞིན་དྷ་ས་ཁུལ་གྱི་བོད་མི་སྐྱབས་བཅོལ་བ་དང་རྒྱ་གར་ཡུལ་མི་ཕན་ཚུན་བར་འཆམ་མཐུན་མཉམ་གནས་ཡོང་ཐབས་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་སོང་།
དྷ་ས་གྲོང་སྡེའི་སྤྱི་ཁྱབ་ལྕམ་རཱ་ཇི་ནེ་ (Rajni) ལགས་ཀྱིས་གསར་འགོད་པར་བརྗོད་དོན། ང་རང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་ཚོགས་འདུར་ཞུགས་པ་ཐེངས་དང་པོ་ཡིན། ད་ལན་ང་ཚོས་བཞུགས་སྒར་དྷ་རམ་ས་ལར་ཆང་རག་དང་སྨྱོན་རྫས་སྤྱོད་པ། གཞུང་ལམ་གཡས་གཡོན་དུ་གད་སྙིགས་གཡུག་པ་སོགས་གནད་དོན་མང་པོ་ཞིག་གི་ཐོག་བགྲོ་གླེང་བྱས་པ་ཡིན་ལ། དམིགས་བསལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕོ་བྲང་ལམ་ཟུར་དུ་ཆང་རག་གི་ཚོང་ཁང་ཕྱེས་ཡོད་པའི་གནད་དོན་ཐོག་སྐད་ཆ་བཤད་དེ། མ་འོངས་པར་གནད་དོན་དེ་དག་སེལ་ཐབས་གནང་རྒྱུ་དང་། དེ་ཡང་དྷ་ས་ཁུལ་གྱི་གཞུང་ལམ་དང་ཁྱི་སྤྲེའུ་སོགས་སེམས་ཅན་གྱི་དཀའ་ངལ་སེལ་ཐབས་སུ་ཐོག་མར་ལས་འཆར་བཟོས་ཏེ་ལག་ལེན་བསྟར་རྒྱུ་དང་། ད་ལྟ་དྷ་སའི་ཁོར་ཡུག་གི་དཀའ་ངལ་ཆེ་ཤོས་དེ་གད་སྙིགས་ཆགས་འདུག་སྟབས། ཐོག་མར་དཀའ་ངལ་དེ་སེལ་ཐབས་བྱ་དགོས་ཀྱི་འདུག གང་ཡིན་ཟེར་ན། དྷ་ས་ཁུལ་དུ་བོད་མི་དང་རྒྱ་གར་ཡུལ་མི་གཅིག་པུ་འཚོ་གནས་བྱེད་པ་ཙམ་མིན་པར་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སླེབ་ཀྱི་ཡོད་པ་རེད། ཅེས་ཟེར།
དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས། ད་ཆར་བཞུགས་སྒར་དྷ་ས་ཁུལ་གྱི་རྒྱ་གར་ཡུལ་མི་དང་བོད་མི་སྐྱབས་བཅོལ་བའི་བར་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཡིན་ནའང་སྤྱི་ཡོངས་ནས་བཤད་ན། དྷ་རམ་ས་ལ་ནི་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཞུགས་གནས་ཡིན་པར་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྡེ་ཁག་ཡོངས་ཀྱི་ལས་ཁུངས་ཆགས་ས་དང་སྐྱབས་བཅོལ་བོད་མི་འདུས་སྡོད་ཀྱི་ལྟེ་གནས་གལ་ཆེན་ཞིག་ཆགས་ཡོད་དུས། དང་པོ་རང་བྱུང་ཁོར་ཡུག་ལ་གཙང་སྦྲ་བཟོ་དགོས་པ་དང་། གཉིས་པ་གཞོན་སྐྱེས་མང་པོ་ཞིག་གིས་བོད་རང་གི་ཆོས་དང་རིག་གཞུང་གི་བསླབ་བྱ་ལེན་མ་ཐུབ་པ་དང་། ལག་ལེན་མེད་པའི་ཐོག་ནས་སོ་སོ་རང་ཉིད་དང་ཕ་མའི་ཤོག་དངུལ་འཕྲོ་བརླག་བཏང་ནས་མཚན་རྒྱུན་ཆང་རག་དང་སྨྱོས་རྫས་རིགས་ལོངས་སུ་སྤྱད་དེ། བོད་མིའི་ཡ་རབས་བཟང་སྤྱོད་ཉམས་རྒུད་འགྲོ་བ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་དུས། དེ་ནི་ས་གནས་འགོ་འཛིན་དང་བཀའ་ཤག་གི་ཐབས་ཤེས། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་གཅིག་པུ་ཙམ་མིན་པར། དོ་བདག་སོ་སོ་རང་ངོས་ནས་བསམ་བློ་ཡག་པོ་བཏང་ནས་ཤུགས་སྐྱོན་དགོས་པ་དང་། ལྷག་པར་དུ་གལ་ཆེ་ཤོས་དེ་དོ་བདག་སོ་སོའི་བཟའ་ཚང་དང་གྲོགས་པོ་གྲོགས་མོ། གཉེན་ཉེ་དུ་སོགས་ཀྱི་བསླབ་བྱ་ལམ་སྟོན་ལ་བརྟེན་དགོས་པ་ཞེ་དྲགས་གལ་ཆེན་པོ་རེད། དེ་ཡང་དཔེར་ན། སློབ་གྲྭའི་སྒྲིག་སྲོལ་ལྟ་བུར་ཆ་བཞག་ན། སློབ་གྲྭའི་སྒྲིག་སྲོལ་ནང་ཡི་གེ་ཡིག་གཟུགས་སྦྱོང་ཐུབ་པ་མ་གཏོགས། མིའི་གཤིས་ཀར་བག་ཆགས་ཡག་པོ་འཇོག་པ་དང་ཡར་རྒྱས་འགྲོ་རྒྱུ་ཁག་པོ་རེད། དེར་བརྟེན་དོ་བདག་སོ་སོ་རང་ཉིད་གཉིད་ལས་སད་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་འགན་འཁུར་དགོས་པའི་གནས་བབ་ཅིག་ཆགས་བསྡད་ཡོད་དུས། རང་གཞན་ཚང་མས་འགན་འཁུར་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བརྗོད་བྱུང་།
བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་ཚོགས་གཞོན་བསོད་ནམས་བདེ་ཆེན་ལགས་ཀྱིས། ང་ཚོ་གནས་སྡོད་བྱེད་སའི་ཁོར་ཡུག་ནང་མི་རིགས་དང་ཆོས་ལུགས། རིག་གཞུང་སོགས་འདྲ་མིན་སྣ་ཚོགས་ཡོད་སྟབས། དུས་རྒྱུན་རྩོད་རྙོག་ཡོང་བའི་ཉེན་ཁ་ཡོད་པ་རེད། བོད་རང་བཙན་ཤོར་ནས་མི་ལོ་ ༥༠ ལྷག་འདས་ཟིན་ནའང་། རྒྱ་གར་ནང་བོད་པའི་ངོ་བོ་མ་བརླག་པར་གནས་ཐུབ་ཡོད་པ་རེད། ད་ལྟ་རྒྱ་གར་ཡུལ་མི་དང་བོད་མིའི་བར་མཐུན་སྒྲིལ་ཡག་པོ་ཡོད་ཀྱང་། མ་འོངས་པར་ཆབ་སྲིད་སོགས་ཀྱི་རྐྱེན་གྱིས་ཕན་ཚུན་བར་དཀའ་རྙོག་འབྱུང་སྲིད་པས། ང་ཚོ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གིས། བྱུང་དང་འབྱུང་སྲིད་པའི་དཀའ་ངལ་དེ་འདྲའི་ཐོག་གོ་རྟོགས་ཡོང་ཐབས་སུ་ད་ལྟའི་བར་ཟབ་སྦྱོང་གིས་མཚོན་པའི་ལས་དོན་ཆེ་ཆུང་སྣ་ཚོགས་མང་པོ་སྤེལ་བ་ཡིན། དེ་བཞིན་དེ་རིང་གི་ཚོགས་འདུའི་ཐོག་ད་ལྟའི་དཀའ་ངལ་མང་པོ་ཞིག་གི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བརྒྱུད་ནས་རྟོག་ཞིབ་བྱེད་ཀྱི་ཡོད་ལ། དེ་རིང་གི་ཚོགས་འདུ་འདིར་གྲོས་གཞི་དོན་ཚན་གསུམ་ཡོད་པ་ལས་དང་པོ། དེ་སྔོན་གྱི་ཚོགས་འདུའི་སྐབས་ཀྱི་གྲོས་མོལ་ལ་བསྐྱར་ཞིབ་དང་། གཉིས་པ། གཞོན་སྐྱེས་ཚོས་ཆང་རག་འཐུང་བ་དང་སྨྱོས་རྫས་སྤྱོད་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས། གསུམ་པ། བཞུགས་སྒར་དྷ་རམ་ས་ལའི་ཁོར་ཡུག་གཙང་བཟོ་དང་ཡར་རྒྱས་གཏོང་ཐབས་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱས་པ་ཡིན། མ་འོངས་པར་སྤྱི་ཚོགས་ཀྱི་རྩོད་རྙོག་འདུམ་སྒྲིག་སྐོར་གྱི་ཆེད་མཁས་པ་དང་ཉམས་མྱོང་ཅན་མང་པོ་གདན་འདྲེན་ཞུས་ཏེ། བཞུགས་སྒར་དྷ་ས་ཁུལ་གྱི་དཀའ་ངལ་སེལ་ཐབས་ཀྱི་ཚོགས་འདུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།
གསར་འགོད་པ། པདྨ་རྒྱལ།
སྙིང་དབུས་ནས་རེ་འདུན་ཞུ་རྒྱུར། ད་ལྟའི་ཆར་རྡ་རམ་ས་ལར་གནས་སྡོད་བྱེད་མཁན་བོད་མི་མང་པོ་ཞིག་ཉེ་འཁོར་རྒྱ་གར་གྲོང་གསེབ་དུ་ཁང་པ་གཡར་ནས་བསྡད་དགོས་པ་ལས་ཐབས་ཤེས་གཞན་མེད་སྟབས་རང་གི་ལས་ཀ་དང་བུ་ཕྲུག་སོགས་ཕྱོགས་གང་གི་ཆ་ནས་གནས་འདིར་མི་སྡོད་ཐབས་མེད་ལྟ་བུར་གྱུར་ཡོད། ཡིན་ན་ཡང་དེང་གི་ཆར་རྡ་སའི་ཉེ་འཁོར་གི་ཁང་པ་དེ་དག་ལོ་རེ་ནས་ལོ་རེ་བཞིན་ཁང་གླ་འཕར་འགྲོ་བའི་ཁར་ཁང་བདག་འགའ་རེས་སྐབས་རེ་ཁང་གླ་ཟླ་བ་གཅིག་ཙམ་སྤྲོད་མི་ཐུབ་པའི་སྐབས་སུ་ཁང་པ་ཕྱིར་སྤྲོད་དགོས་པའི་ཉེས་བརྡ་གཏོང་བ་སོགས་དཀའ་ངལ་ཧ་ཅང་ཆེ་བ་ཞིག་མི་མང་དཀྱུས་མ་ཚོར་འཕྲད་བཞིན་པ་ནི་མིག་ལྡན་ཀུན་གྱི་མཁྱེན་ཐུབ། དེས་ན་ས་གནས་འགོ་འཛིན་ལས་ཁུངས་ནས་འདི་ལ་དགོངས་པ་ཞིག་བཞེས་རྒྱུ་མེད་དམ་སྙམ་པ་དང། གཞན་ཡང་རང་རིགས་བོད་མི་འགའ་རེས་རྒྱ་གར་གྱི་ཁང་པ་ལེགས་གྲུབ་མ་ཟིན་གོང་ནས་ཁང་བདག་ལ་ཁང་གླ་ཕོན་ཆེན་སྤྲོད་པ་སོགས་ཀྱིས་ཀྱང་རྒྱ་གར་བ་ཚོའི་ཁང་གླ་སྤར་བ་ལ་འཛེམ་ཟོན་མི་བྱེད་པའི་རྐྱེན་དུ་འགྲོ་བ་འདུག་ན་དགོངས་པ་བཞེས་རོགས་ཞུ་རྒྱུ་ཡིན།