འཛམ་གླིང་གི་རྒྱལ་ཁབ་ཁག་ ༡༩༣ གྱི་འཐུས་མི་ཚོས་འོས་ཤོག་བླུགས་ཏེ་ཨ་རིའི་ཇེ་རོ་སཱ་ལམ་གྲོང་ཁྱེར་གྱི་བདག་དབང་ཐག་གཅོད་ཕྱིར་འཐེན་དགོས་པའི་མང་མོས་བྱུང་འདུག
སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཛ་དྲག་ཚོགས་འདུའི་ཐོག ཨ་རིའི་གྲོང་ཁྱེར་ཇེ་རོ་སཱ་ལིམ་གྱི་ཐག་གཅོད་དེ་ཕྱིར་འཐེན་བྱ་དགོས་མིན་ཐད་འཛམ་གླིང་རྒྱལ་ཁབ་ཁག་ ༡༩༣ གྱིས་འོས་བསྡུ་བྱས་སྐབས། རྒྱལ་ཁབ་ ༩ ཡིས་ཨ་རིར་རྒྱབ་སྐྱོར་དང་། རྒྱལ་ཁབ་ ༣༥ ལྷག་གིས་འོས་མ་བླུགས། རྒྱལ་ཁབ་ ༡༢༨ ཀྱིས་དགག་པ་བརྒྱབས་ཡོད་སྟབས། གྲོང་ཁྱེར་ཇེ་རོ་སཱ་ལམ་ཨེ་ཛི་རལ་གྱི་རྒྱལ་ས་ཡིན་སྐོར་གྱི་ཨ་རིའི་ཐག་གཅོད་ཕྱིར་འཐེན་བྱ་དགོས་པའི་མང་མོས་བྱུང་ཡོད་འདུག
ཨེ་ཛི་རལ་གྱི་སྲིད་འཛིན་བྷན་ཇ་མེན་འོས་བསྡུའི་ནང་མཉམ་ཞུགས་བྱས་མེད་ཀྱང་ཁོས། ང་ཚོས་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཙོས་པའི་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་པ་མ་ཟད། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐག་གཅོད་ལ་ཨེ་ཛི་རལ་གཞུང་གིས་ངོས་ལེན་མེད། ཅེས་བརྗོད་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་ལྕམ་ནི་ཁི་ཧ་ལེ་ལགས་ཀྱིས། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་བསྡུའི་ཐོག ཨ་རི་ཁེར་རྐྱང་དུ་བཞག་སྟེ་ངོ་རྒོལ་བྱས་པའི་ཉིན་མོ་འདི་ང་ཚོས་དྲན་པ་བརྗེད་མི་སྲིད་ལ། མ་འོངས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ང་ཚོ་སྐད་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་དང་འཐུས་མི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱ་དགོས་དུས། ང་ཚོས་དེ་རིང་གི་ཉིན་མོ་འདི་སེམས་ལ་འཛིན་ངེས་ཡིན་པ་མ་ཟད། ང་ཚོས་གྲོང་ཁྱེར་ཇེ་རོ་སཱ་ལམ་ནང་ཨ་རིའི་གཞུང་ཚབ་གནས་སྤོ་བྱ་ངེས་ཡིན། ཞེས་བརྗོད་ཡོད་པ་དང་། ཁ་སང་ཨ་རིའི་སྲིད་འཛིན་ཊོམ་ཕུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་བསྡུའི་ནང་། ཨ་རིའི་ཐག་གཅོད་ལ་ངོས་ལེན་མེད་པའི་རྒྱལ་ཁབ་ཚང་མར་ཨ་རིའི་རོགས་དངུལ་གཏོང་མཚམས་འཇོག་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཛ་དྲག་ཚོགས་འདུ་གྲོལ་རྗེས། ཨ་རིའི་གཞུང་ཚབ་ནས་རྒྱལ་ཚོགས་ནང་ཨ་རིར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ ༦༥ ལ་འདུ་འཛོམས་ཀྱི་མགྲོན་ཤོག་ཞིག་བཏང་སྟེ། ཁོང་ཚོས་ཨ་རི་དང་ཕྱོགས་སོ་སོའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་རྒྱུན་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་བསྡུའི་སྐབས་ཨ་རིའི་ཐག་གཅོད་ཕྱིར་འཐེན་བྱ་མི་དགོས་ཞེས་ཨ་རིར་རྒྱབ་སྐྱོར་བྱེད་མཁན་ནི་ཨི་ཛི་རལ་དང་། མེ་ཁེ་རོ་ནེ་ཤི་ཡ(Micronesia)། ན་ཡོ་རོ(Nauru)། ཊོ་གྷོ(Togo)། ཊོན་གྷ(Tonga)། པཱ་ལོ(Palau)། མར་ཤལ་(Marshall)གླིང་ཕྲན། གྷོ་ཊི་མ་ལ(Guatemala)། ཧོན་ཌོ་ར་སི་(Honduras)བཅས་ཡིན་འདུག དེ་བཞིན་འོས་མ་བླུག་པའི་རྒྱལ་ཁབ་ ༣༥ ལྷག་གི་ནང་ཁེ་ན་ཌ་དང་མེག་སེ་ཁའོ། ཨོ་སི་ཊོ་ལི་ཡ་སོགས་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
ཆབ་སྲིད་མི་སྣའི་ཆབ་སྲིད་ཟློས་གར་འཁྲབ་།
ཞི་བའི་མི་མང་འཚོ་བའི་མདུན་ལམ་བཀག་།
ཆབ་སྲིད་མི་སྣའི་ཆབ་སྲིད་ཟློས་གར་འཁྲབ་།
ཞི་བའི་མི་མང་ནང་མཐུན་གཏོར་ཤིག་བཏང་།