༄༅།། འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་སྐད་ཡིག་གཞན་པའི་ནང་གི་རྩོམ་ཡིག་དང་གནས་ཚུལ་གལ་ཆེན་སྤྱི་ལ་ཕན་པའི་རིགས་བོད་སྒྱུར་གནང་བར་སྒྱུར་ཡོན་འབུལ་བཞིན་ཡོད། དེ་སྔོན་སྒྱུར་བྱའི་མ་ཚིག་གཅིག་ལ་ཧིན་སྒོར་ ༡ རེ་འབུལ་བཞིན་ཡོད་པ་ད་ལོ་ནས་སྤར་ཆ་བྱས་ཏེ་ཚིག་འབྲུ་གཅིག་ལ་ཧིན་སྒོར་ ༢ རེ་འབུལ་རྒྱུ་བྱས་ཡོད།
- བརྗོད་བྱ། སྒྱུར་གཞི་བརྡ་འཕྲིན་བརྒྱུད་ལམ་ཁག་ནས་སོ་སོས་འཚོལ་དགོས་པ་དང་། ནང་དོན་བོད་དང་རྒྱ་ནག རྒྱལ་སྤྱི་སོགས་ཀྱི་སྐབས་དོན་གལ་ཆེན་རིགས་ཡིན་དགོས།
- རྩོམ་ལུས། དུས་ཚོད་འགོར་འགྱངས་ཕྱིན་མེད་པའི་དཔྱད་བརྗོད་དང་། དབྱེ་ཞིབ་རང་བཞིན་གྱི་གསར་འགྱུར་དང་བཅར་འདྲི། གཏམ་བཤད་གལ་ཆེན་སོགས་ཡིན་དགོས་ལ། མ་ཡིག་གི་ཚིག་འབྲུ་ ༢༠༠༠ ལས་མ་བརྒལ་བ་འདེམ་པར་འབད་དགོས།
- སྒྱུར་སྟངས། དོན་སྒྱུར་གཙོ་བོར་བཟུང་སྟེ་ཁ་གསལ་གོ་བདེ། ནང་དོན་འགལ་འཁྲུག་མེད་པ། དག་ཆ་སྡེབ་སྦྱོར་གང་ཐད་ནས་ཚད་ལྡན་ཡིན་དགོས།
- འདེམས་སྒྲུག འདི་གར་འབྱོར་བའི་སྒྱུར་ཡིག་དག་གི་ནང་དོན་དང་སྒྱུར་གྱི་སྤུས་ཚད་ལ་གཞིགས་ཏེ་འདེམ་ཐུབ་མིན་ཉིན་གཅིག་ནང་ལན་འབྱོར་ངེས་ཡིན་ལ། བདམས་ཟིན་རིགས་ཀྱི་བདག་དབང་དུས་བབ་ལ་ཡོད།
- གཟེངས་བསྟོད། ལོ་ཙཱ་བ་གཅིག་གི་སྒྱུར་གྱི་མ་ཚིག་ ༥༠༠༠༠ ཟིན་མཚམས་དུས་བབ་ཀྱི་རྐང་འཛིན་ཡིག་སྒྱུར་བར་ངོས་འཛིན་ཐོག་སྒྱུར་ཡོན་སྤར་ཆ་དང་། མ་ཚིག་ ༡༠༠༠༠༠ ཟིན་མཚམས་ལོ་ཙཱ་བའི་ཕྱག་འཁྱེར་འབུལ་རྒྱུ་ཡིན།
ལས་གཞི་འདི་ཐོག་མ་བོད་པའི་མཐོ་རིམ་སློབ་ཕྲུག་ཚོར་ཡིག་སྒྱུར་སྦྱོང་བརྡར་དང་སྒྱུར་ཡོན་གྱིས་སློབ་སྦྱོང་གི་མཐུན་རྐྱེན་ལ་ཕན་པ། དེ་བཞིན། བོད་པའི་སྤྱི་ཚོགས་ནང་གི་བོད་ཡིག་ལས་མི་ཤེས་མཁན་ཚོར་ཕྱི་སྐད་ནང་གི་བསམ་ཚུལ་དང་གནས་ཚུལ་ལྟ་ཀློག་ཐུབ་ཐབས་བཅས་ལ་དམིགས་ཏེ་ ༢༠༡༡ ལོ་ནས་མགོ་འཛུགས་བྱས་ཤིང་། ༢༠༡༦ ལོར་ལས་གཞིའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལོ་ཙཱ་བ་དག་ལ་གོ་སྐབས་གཅིག་མཚུངས་བསྐྲུན་ཡོད།།
ཁ་པར་ཨང་། ༩༨༨༢༣༤༧༠༧༥ ། ༩༢༡༨༩༣༨༠༤༡
གློག་འཕྲིན། editor@tibettimes.net
ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡ ཉིན་སྤེལ།