རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ཚོགས་ཐོག་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་ཡོད་འདུག
རྒྱ་ནག་གི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་དེ་ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནས་འགོ་འཛུགས་བྱས་ཡོད་པ་དང་། བོད་རིགས་ཨོ་རྩལ་བ་ཆོས་དབྱངས་སྐྱིད་ལགས་ཀྱིས་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་ཁྲོད་མགྱོགས་ཚད་ཆུ་ཚོད་ ༡།༢༧།༣༦ ལས་མ་འགོར་བར་ཨང་དང་པོ་བླངས་ཡོད་འདུག
རྒྱལ་སྤྱིའི་གཟེངས་རྟགས་དང་རྒྱ་ནག་གི་གཟེངས་རྟགས་ཐོབ་མྱོང་བའི་ཕུལ་བྱུངརྩེད་འགྲན་པ་མང་པོ་མཉམ་ཞུགས་བྱས་ཡོད་པའི་རྩེད་འགྲན་དེའི་ཁྲོད། དང་ཐོག་ཆོས་དབྱིངས་སྐྱིད་ལགས་འགྲན་ཞུགས་པ་ཡོངས་ཀྱི་རྗེས་སུ་ལུས་ཡོད་ཀྱང་། ཆེས་མཐའ་མའི་སྐར་ཆ་ཁ་ཤས་ནང་ཆོས་དབྱིངས་སྐྱིད་ལགས་རྒྱལ་སྤྱིའི་འདུར་རྒྱུག་ཁྲོད་ཨང་དང་པོ་ཐོབ་མྱོང་བའི་ལུས་རྩལ་པ་དབྱང་ཅ་ཡུས་ཀྱི་མདུན་དུ་བསླེབས་ཏེ་ཨང་དང་པོ་བླངས་ཡོད་འདུག
ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་འདུར་རྒྱུག་སྐབས་བུད་མེད་ཀྱི་སྤྱི་ལེ་ ༡༠ ཡི་འགྲན་བསྡུར་ཁྲོད་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྐར་མ་ ༤༢། ༤༦ གི་མགྱོགས་ཚད་གྲུབ་འབྲས་བླངས་ཏེ་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། དེ་བཞིན་འདུར་རྒྱུག་དེའི་ཁྲོད་བོད་རིགས་ལུས་རྩལ་པ་ཀླུ་མོ་མཚོ་ལགས་ཀྱིས་ཨང་བདུན་པ་བླངས་ཡོད་འདུག
ལོན་ཏོན་ཨོ་རྩལ་ཐོག་ཨང་གཉིས་པ་ཐོབ་པའི་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་བསྐྲུན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ལོའི་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག མཚོ་བྱང་ཁུལ་མདའ་བཞི་རྫོང་ནས་ཡིན་པའི་བོད་རིགས་ལུས་རྩལ་བ་མཚོ་མོ་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ། གཞན་ཡང་། ཕྱི་ལོ་ ༢༠༡༥ ལོར་ཁོ་ཊར(Qatar) གྱི་རྒྱལ་ས་ཌོ་ཧཱ་རུ་ཚོགས་པའི་ཨེ་ཤ་ཡའི་ན་གཞོན་མཆོང་རྒྱུག་འགྲན་ཚོགས་ཐོག རྨིད་ ༥༠༠༠ ཅན་གྱི་སྐྱེད་མའི་རྒྱུག་འགྲན་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ཡིན་པའི་བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མ་ལགས་ལ་ཨང་གཉིས་པའི་རྒྱལ་ཁ་ཐོབ་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྤྱིན་པ།
དགའ་བསུ་ཞུ།