རྩོམ་པ་པོ། Cris Buckley ཁེརིསེ་བྷག་ལེ།
རྫ་ཆུའི་ཉི་འོད་ཀྱིས་བསྒྱུར།
ཟླ་དང་པོའི་ནང་དམར་ཤོག་ཚོགས་པའི་འགོ་ཁྲིད་རྒན་གྲས་ཉིས་བརྒྱ་ཙམ་གྱིས་གསང་རྒྱ་ཆེན་པོའི་ལམ་ནས་ཆབ་སྲིད་ཀྱི་ཐག་གཅོད་གལ་འགངས་ཅན་ཞིག་གི་ཆེད་དུ་ཚོགས་འདུ་འཚོགས་པ་ནི་སྲིད་འཛིན་གྱི་ལས་ཡུན་ཚད་བཀག་མེད་པར་བཏང་ནས་ཞི་ཅིན་ཕིན་ལ་མི་རབས་ཤིག་གི་རིང་རྒྱ་ནག་གི་སྣེ་ཁྲིད་དུ་འཇུག་མིན་ཐད་ཀྱི་གནད་དོན་ཡིན་པ་རེད། པེ་ཅིང་དུ་ཚོགས་པའི་ཉིན་གཉིས་ཀྱི་ཚོགས་འདུ་དེའི་ནང་ཁོང་ཚོས་(ཚོགས་ཞུགས་པ)སྐུ་ཞབས་ཞི་ཡི་དབང་ཆ་ཚད་ངེས་མེད་དུ་འཛིན་རྒྱུའི་ཐུགས་འདོད་ལ་གུས་བཏུད་བྱས་ཡོད་མོད། འོན་ཀྱང་ཚོགས་འདུའི་རྗེས་ཀྱི་ཆེས་སྤྱིར་བཏང་གི་གཞུང་འབྲེལ་གསལ་བསྒྲགས་དེའི་ནང་ཐག་གཅོད་ལྕི་མོའི་རིགས་གཅིག་ཀྱང་བཀོད་མེད་པར་གཞུང་འཛིན་པས་གནད་དོན་དེ་བདུན་ཕྲག་ལྔ་ལ་སྦས་སྐོང་བྱས་ཡོད་པ་རེད།
དམར་ཤོག་ཚོགས་པའི་རྒྱུན་ལས་རྣམས་ཀྱི་ཚོགས་འདུ་དེའི་མཇུག་འབྲས་ནི་ཟླ་ཤས་ཙམ་དུ་སྦས་གསང་བྱས་ཤིང་ད་ལྟ་དངོས་སུ་ལྷང་ལ་འབུད་ཀྱིན་པའི་གྲོས་ཆོད་དེ་ཡིན། དེས་སྐུ་ཞབས་ཞི་ཡིས་གསང་ཐབས་དང་མགྱོགས་མྱུར། གཡོ་སྒྱུ་ཡི་ལམ་ནས་ཇི་ལྟར་རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་བྱ་ངེས་ཡིན་པར་བསྟན་ཡོད།
གྲོས་ཆོད་དེ་ནི་བདུན་ཕྲག་སྔོན་མ་སྟེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ལོ་འཁོར་ཚོགས་ཆེན་མ་འཚོག་པའི་ཉིན་འགའི་སྔོན་ལ་གཞི་ནས་གློ་བུར་དུ་གསལ་བསྒྲགས་བྱས་ཡོད། འདི་ལྟར་ཕྱིར་འགྱང་བྱས་པ་ནི་འཐུས་མི་སུམ་སྟོང་མ་ཟིན་ཙམ་ལས་གྲུབ་པའི་ཚོགས་ཆེན་དེས་རྒྱབ་སྐྱོར་མ་ཐོབ་གོང་ཁ་གཏད་པ་རྣམས་ཀྱིས་ཤོག་སྒྲིལ་བྱ་བར་སྔོན་འགོག་གི་ཕྱིར་དུ་ཡིན་པ་མངོན་གསལ་དོད་པོ་རེད།མི་དམངས་འཐུས་མི་ཚོགས་ཆེན་གྱི་དབུ་འཛུགས་ཉིན་མོར་འགོ་ཁྲིད་དང་འཐུས་མི་རྣམས་ཀྱིས་ཁེངས་བའི་མི་དམངས་ཚོགས་ཁང་ཆེན་མོ།
སྤྱི་ལོ་ ༢༠༠༤ ནས་བཟུང་སྟེ་རྩ་ཁྲིམས་བསྐྱར་བཅོས་བྱ་བའི་དབང་ཚད་ནི་འཐུས་མི་ཚོགས་ཆེན་ཁོ་ནར་ཡོད་ལ་འཐུས་མི་སྤྱིའི་གྲངས་འབོར་ནས་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་ཡིན་མོད། འོན་ཀྱང་དམར་ཤོག་ཚོགས་པས་བདམས་པའི་ཚོགས་ཆེན་གྱི་འཐུས་མི་རྣམས་ཀྱིས་དུས་རྒྱུན་ནས་རང་གི་མདུན་སར་ཕུལ་བའི་ཁྲིམས་ཡིག་འཆར་ཟིན་དག་ལ་ངོས་ལེན་བྱེད་ཀྱིན་ཡོད་པ་བཞིན་གཟའ་ཉི་མའི་ཉིན་འོས་ཤོག་གི་ལམ་ནས་མི་ལོ་སུམ་ཅུ་སོ་ལྔའི་རིང་རྩ་ཁྲིམས་སུ་མངའ་བའི་སྲིད་འཛིན་གྱི་ལས་ཡུན་ལོ་ལྔ་དང་དུས་ཡུན་ཚར་གཉིས་ཀྱི་ཚད་བཀག་གཙང་བཟོ་བྱས་ཡོད་པ་རེད།
སྐུ་ཞབས་ཞི་ཡི་མྱུར་མགྱོགས་དེས་ནམ་རྒྱུན་ཁོང་གི་བསམ་བློ་ལ་ཚོད་བགམ་ཡོངས་སུ་ཐུབ་པར་རློམ་མཁན་གྱི་མི་རྣམས་ཀྱང་ཧ་ལས་དགོས་པ་བྱུང་ཡོད། “ངས་བསམ་པར་ཞི་ཅིན་ཕིན་གྱིས་ལས་ཡུན་ཚར་གསུམ་བཞི་ཞིག་ལ་བསྟུན་མར་འདུག་རྒྱུར་འབད་ངེས་ཡིན་པ་དང་དུས་ཡུན་རྫོགས་རྗེས་སྲིད་འཛིན་གྱི་ལམ་ལུགས་ལའང་འགྱུར་བ་ཞིག་གཏང་ཤས་ཆེ་བར་འདོད། འོན་ཀྱང་མྱུར་མགྱོགས་ཀྱི་ལམ་ནས་འདི་ལྟར་རྩ་ཁྲིམས་ལ་འགྱུར་བ་གཏོང་ངེས་ཡིན་པ་ཞིག་ཡིད་ལ་མ་ཤར།”ཞེས་གཞུང་ཞབས་བགྲེས་ཡོལ་ཟིན་པ་སྐུ་ཞབས་ཝུ་ཝེ་ Wu Wei (༡༩༨༩ལོའི་གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་གི་ངོ་རྒོལ་སྐབས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཊའོ་ཊི་ཡང་གི་སློབ་སྟོན་པ།)་ལགས་ཀྱིས་གསུངས། ཁོང་གིས་མུ་མཐུད་དུ་བརྗོད་རྒྱུར་ “འདི་ལྟ་བུའི་རྩ་ཁྲིམས་ཀྱི་དོན་ཚན་གལ་ཆེན་ཞིག་བསྐྱར་བཅོས་བྱ་བར་ཁྱོན་ཡོངས་ནས་སྤྱི་དམངས་ཀྱི་བསམ་ཚུལ་ལ་བསྟུན་དགོས་ངེས་རེད།” ཅེས་ཚོར་ཞུགས་དང་སྦྲགས་ཏེ་གསུངས།
སྐུ་ཞབས་ཞི་ཡིས་མགྱོགས་མྱུར་དང་གསང་ཐབས། བཙན་ཤུགས་སྤྱད་དེ་དམར་ཤོག་ཚོགས་པའི་ཕྱི་ནང་གི་ཁ་གཏད་པ་རྣམས་ཀྱི་མགོ་བོ་མནན་ཡོད་། ཁོས་འགོ་ཁྲིད་སྔ་མ་རྣམས་ཀྱིས་རྩ་ཁྲིམས་བསྒྱུར་བཅོས་བྱ་བར་མང་མོས་གཙང་བཤེར་བྱེད་པའི་ལམ་སྲོལ་དོར་ནས་འཆར་འགོད་དང་བསྒྱུར་བཅོས་གཏོང་བར་རང་ལ་བློ་དཀར་བའི་སྲི་ཞུ་བ་འདེམ་སྒྲུག་བྱས་ཡོད་པ་རེད། མ་ཟད་རྩ་ཁྲིམས་བསྐྱར་བཅོས་བྱ་བའི་བརྒྱུད་རིམ་ཡོངས་རྫོགས་ཚགས་དམ་པོའི་ལམ་ནས་དམར་ཤོག་ཚོགས་པའི་ནང་ཁུལ་རང་དུ་བརྩམས་ཤིང་གྲོས་སྡུར་ལ་ཚོད་འཛིན་བྱས་ཡོད།
དེ་ཡང་ཟླ་བ་ལྔ་ཙམ་གྱི་ཡར་སྔོན་སྤྱི་ཟླ་དགུ་པའི་ཚེས་ཉེར་དགུའི་ཉིན་ཨུ་ཡོན་ལྷན་ཁང་ལས་ཀྱང་དབང་ཚད་མཐོ་བ་མཐོ་རིམ་འགོ་ཁྲིད་ཉེར་ལྔ་ཡིས་གྲུབ་པའི་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཚོགས་པའི་ཁར་སྐུ་ཞབས་ཞི་ཡིས་རྩ་ཁྲིམས་བསྐྱར་བཅོས་ཐད་ཀྱི་དགོས་འདུན་ཐོག་མར་བཏོན།
“ཡིན་ན་ཡང་། ཁོས་སྲིད་འཛིན་གྱི་ཚད་བཀག་དུས་ཡུན་མེད་པར་གཏོང་སྲིད་པའི་སྐོར་ལ་གླེང་སློང་གང་ཡང་བྱས་མེད།”ཅེས་རྒས་ཡོལ་ཞུས་ཟིན་པའི་མཐོ་རིམ་གཞུང་ཞབས་པ་ཞིག་གིས་བརྗོད། ཉེས་ཆད་འཕོག་པར་དོགས་ཏེ་མིང་བརྗོད་འདོད་མེད་པ་ཁོང་གིས་མུ་མཐུད་དུ་བརྗོད་རྒྱུར། “སྒེར་གཅོད་པའི་བསྒྱུར་བཅོས་ཀྱི་རྣམ་པ་མི་མངོན་པའི་ཕྱིར་དུ་སྐུ་ཞབས་ཞི་ཡིས་རང་ལ་བློ་དཀར་བའི་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་བརྒྱུད་དེ་རང་གི་བསམ་འཆར་དེ་རིམ་པས་ཁྱབ་སྤེལ་བྱ་བར་སྐུལ་ཡོད་པ་རེད།”ཟེར།
ཆབ་སྲིད་ལྷན་ཁང་གི་ཚོགས་འདུ་དེའི་ཁར་ཞི་ཅིན་ཕིན་གྱི་རྗེས་འཛིན་བྱ་བར་ནུས་པ་ལྡན་པའི་ལྷན་ཁང་གི་ཚོགས་མི་སོན་ཀྲང་ཚེ་Sun Zhengcai ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ནས་གནས་དབྱུང་བཏང་བ་དེ་ནི་ཚོགས་མི་གཞན་རྣམས་ལ་ཉེན་བརྡ་ཞིག་ཏུ་གྱུར་ཡོད་པ་རེད།
རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་སྔ་མ་རྣམས་ལ་དུས་ཚོད་མང་པོ་འགོར་ཡོད་ཅིང་སྤྱི་དམངས་ཀྱི་གྲོས་སྡུར་ཡང་ཚུད་ཡོད་པ་ཡིན། སྲིད་འཛིན་སྔ་མ་ཧུའུ་ཅིན་ཐའོ་ཡི་སྐབས་སུ་གནད་འགག་ཆུང་བའི་རྩ་ཁྲིམས་བསྐྱར་བཅོས་འགའ་བྱུང་བ་རྣམས་ལ་དགོས་འདུན་ཞུ་ཡིག་ཟླ་བ་བཅོ་ལྔའི་གོང་དུ་བཏོན་ཡོང་ཅིང་གུ་ཡངས་ཞིབ་དཔྱོད་པའི་ཚོགས་ཆུང་བཙུགས་ཏེ་ཡོངས་ཁྱབ་བགྲོ་གླེང་ཡང་བྱས་ཡོད་པ་ཡིན། ཕྱི་ལོ་ ༢༠༠༤ ་ལོའི་ཟླ་༣་ནང་སྐུ་ཞབས་ཧུའུ་ཅིན་ཐའོ་ཡི་རྩ་ཁྲིམས་བསྐྱར་བཅོས་ཀྱི་དགོས་འདུན་ལ་འཐུས་མི་ཚོགས་ཆེན་ནས་ངོས་ལེན་མ་བྱས་པའི་ཟླ་བ་གསུམ་ཙམ་གྱི་སྔོན་ཚུད་དུ་ཁོང་གི་འཆར་ཟིན་རྣམས་སྤྱི་དམངས་ལ་ཡོངས་སུ་ཁྱབ་བསྒྲགས་བྱས་ཟིན་ཡོད།
དེ་ལས་ལྡོག་ཏེ་སྐུ་ཞབས་ཞི་ཡིས་སྔ་ལོའི་ཟླ་བ་བཅུ་གཉིས་པའི་ནང་དོན་ཚན་གང་ཡིན་གསལ་ཁ་ཅི་ཡང་མེད་པར་རྩ་ཁྲིམས་ལ་བསྐྱར་བཅོས་གཏོང་འདོད་པའི་གསལ་བསྒྲགས་བྱས། སྲིད་འཛིན་གྱི་དུས་ཡུན་ཚད་བཀག་མེད་པར་གཏོང་བ་སོགས་རྩ་ཁྲིམས་བསྐྱར་བཅོས་ཀྱི་འཆར་ཟིན་མཐའ་དག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འགོ་འཛུགས་མ་བྱས་པའི་ཉི་མ་བརྒྱད་ཀྱི་སྔོན་དུ་གཞི་ནས་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཁོས་ཟླ་དགུ་པའི་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་རྗེས་ནས་རྩ་ཁྲིམས་བསྐྱར་ཞིབ་ཀྱི་ལས་འགན་མི་གསུམ་ཁོ་ན་ལ་སྤྲད་ཡོད། དེ་དག་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཀྲེང་དེ་ཇན་དང་ཞི་ཡི་མཐུན་གྲོགས་ལི་ཀྲེན་ཧྲུས། ཝང་ཇུ་ནིང་བཅས་ཡིན། ཁོང་གཉིས་ཀ་ན་ནིང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་གནས་རིམ་སྤར་ཡོད་པ་ཡིན།
སྐུ་ཞབས་ཝང་ཇུ་ནིང་གིས་སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་སྐྱོབ་དང་བཟོ་གྲྭ་ནུས་མེད་རྣམས་སྒོ་བརྒྱག་རྒྱུ་ལྟ་བུའི་སྲིད་ཇུས་རྩུབ་པ་དག་ལག་བསྟར་བྱ་བར་རྒྱ་ནག་ལ་འགོ་ཁྲིད་སྟོབས་ལྡན་ཞིག་དགོས་པའི་ཡིད་ཆེས་བྱེད་ཀྱིན་ཡོད། སྤྱི་ལོ་༡༩༩༥་ལོའི་བཅར་འདྲི་ཞིག་ཏུ་ཁོ་བོས་བཤད་རྒྱུར་“གང་དུ་དབུས་སྲིད་གཞུང་ནུས་པ་ཞན་པའམ་ཉམས་རྒུད་ཐེབས་པ་དེ་གར་ཁ་བྲལ་དང་ཟིང་འཁྲུག་འབྱུང་།” ཞེས་ལན་བཏབ་ཡོད་པ་རེད།
བརྗོད་སྙིང་དེ་ནི་སྐུ་ཞབས་ཞི་ཡིས་ཉེ་དུས་ཀྱི་གཏམ་བཤད་འགའི་ནང་དུ་བསྐྱར་ཟློས་བྱས་ཡོད་པ་སྟེ་རྒྱ་ནག་གིས་ཚོད་བགམ་མི་ནུས་པའི་ཉེན་ཁ་དང་གོ་སྐབས་བརྒྱུད་བཞིན་ཡོད་ཚུལ་བཤད་ཡོད་ཅིང་ཟླ་བཅུ་གཉིས་པའི་ནང་མཐོ་རིམ་ལས་བྱེད་ཀྱི་ཚོགས་འདུ་ཞིག་ཏུ་ཁོང་གིས་ “ང་ཚོའི་ཆབ་སྲིད་ཚོགས་པ་འདི་ནི་ཡ་ཡུད་ཀྱི་ངང་ནས་སྐྱེས་ཤིང་ཡ་ཡུད་ཀྱི་ངང་ནས་འཚར་ལོངས་བྱུང་ནས་ཡ་ཡུད་ཀྱི་ངང་ནས་ཆ་ལག་རྫོགས་ཡོད།” ཅེས་བཤད་ཡོད།
མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐོག་ཕུལ་བའི་གཞུང་འབྲེལ་ཡིག་ཆར་གཞིགས་ན། སྲིད་འཛིན་གྱི་དུས་ཡུན་ཚད་བཀག་མེད་པར་བཟོ་རྒྱུའི་ནུས་ཤུགས་ནི་ཟླ་བཅུ་གཅིག་པའི་ནང་རྩ་ཁྲིམས་ལ་འགྱུར་བ་ཐེབས་སྲིད་པའི་ཐད་དམར་ཤོག་ཚོགས་པའི་ནང་ཁུལ་དུ་གསང་བའི་བསམ་འཆར་བསྡུས་སྐབས་བཏོན་ཡོད་པ་རེད།
གཞུང་འབྲེལ་ཡིག་ཆ་དེ་གར་“སྲིད་འཛིན་གྱི་དུས་ཡུན་ལ་སྒྲིག་གཞི་གསར་བཟོ་བྱ་རྒྱུའི་ཐད་ལ་བསྟུན་མར་རྒྱབ་སྐྱོར་བྱུང་ཡོད་”ཅེས་འཁོད་པར་གཞིགས་ན་ཞི་ཅིན་ཕིན་གྱི་མཐུན་གྲོགས་ཚོས་རྩ་ཁྲིམས་བསྐྱར་བཅོས་བྱ་བར་རྒྱབ་སྐྱོར་ཡོང་ཐབས་ཀྱི་འབད་བརྩོན་བྱས་ཡོད་པ་ར་སྤྲོད་ཐུབ།
སྐུ་ཞབས་ཞི་ཡི་འཆར་གཞི་ལེགས་འགྲུབ་ཡོང་བར་ཟླ་དང་པོའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ནས་རྒྱབ་སྐྱོར་ཐོབ་དགོས་པ་ཡིན་མོད། ཁོས་སྐབས་གང་འདྲ་ཞིག་ཏུ་ཐབས་ཇི་འདྲ་ཞིག་སྤྱད་ཡོད་པ་ནི་རྙོག་འཛིང་ཅན་གྱི་གླེང་གཞི་ཞིག་ཏུ་གྱུར་ཡོད། རུ་ཊར་གསར་ཁང་གིས་མིང་མ་འཁོད་པའི་གནས་ཚུལ་འབྱུང་ཁུངས་གཉིས་བརྒྱུད་དེ་བརྗོད་གསལ་ལྟར་ན། ཨུ་ཡོན་ལྷན་ཁང་གི་ཟླ་དང་པོའི་ཚོགས་འདུའི་ཐོག་མོས་མཐུན་ཡོད་པའི་གྲོས་ཐག་གང་ཡང་མ་ཆོད་པར་བརྟེན་ཚོགས་དུས་རྗེས་མ་སྔ་ནུར་བྱས་ཡོད་པར་བརྗོད།
འོན་ཀྱང་། དམར་ཤོག་ཚོགས་པའི་ནང་གི་རྒས་ཡོལ་ཞུས་ཟིན་པའི་ལས་བྱེད་གཉིས་དང་། ཚོགས་པའི་གསར་ཤོག་རྩོམ་སྒྲིག་པ། མཐོ་རིམ་འགོ་ཁྲིད་དང་ཁྱིམ་ཚང་གི་འབྲེལ་བ་ཡོད་པའི་ཚོང་པ་ཞིག་བཅས་ནས་ནིའུ་ཡོག་གསར་ཁང་དུ་ཟླ་དང་པོའི་ཚོགས་འདུའི་ཐོག་སྲིད་འཛིན་གྱི་དུས་ཡུན་ཚད་བཀག་མེད་པ་གཏོང་བར་ཞི་ལ་རྒྱལ་ཁ་ཐོབ་ཚུལ་བཤད་ཡོད།
ཁོང་ཚོས་བཤད་རྒྱུར། “སོམ་ཉིར་ཚུད་པའི་ལྷན་ཁང་གི་རྒྱུན་ལས་སུ་ཡིན་རུང་ཉེས་ཆད་འཕོག་ཉེན་ལ་དོགས་ནས་ཁ་གྲགས་མ་ནུས་པ་ཡིན་ཤས་ཆེ་ལ། སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་དང་ཅང་ཙི་མེན་སོགས་དམར་ཤོག་ཚོགས་པའི་འགོ་ཁྲིད་རྒན་པ་རྣམས་ཧ་ཅང་རྒས་ཤིང་འཁོགས་པའམ་སྐུ་ཞབས་ཞི་ཡི་རུལ་སུངས་ཞིབ་བཤེར་གྱི་འགུལ་སྐྱོད་ལ་སྐྲག་ནས་འགོག་རྒོལ་བྱ་མ་ཐུབ་པ་རེད།”ཅེས་བཤད།
རྒྱས་བཞིན་པའི་སྟོབས་ལྡན་གྱི་སྐྱེ་བོ།གཟའ་ཟླ་བར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཉིན་དང་པོའི་སྐབས་ཀྱི་ཞི་ཅིན་ཕིན།
སྐུ་ཞབས་ཞི་ཡིས་སྲིད་འཛིན་གྱི་དུས་ཡུན་མེད་པར་བཏང་སྟེ་ཚེ་གང་བོར་རང་ཉིད་ནུས་ཤུགས་ལྡན་པའི་འགོ་ཁྲིད་ཅིག་ཏུ་སྒྱུར་བཞིན་ཡོད་པ་དེར་དམངས་ཚོགས་ཀྱིས་དགའ་བསུ་དང་སྐྱོན་བརྗོད་སྣ་ཚོགས་བྱས་ཡོད། སྐུ་ཞབས་ཞི་ཡིས་དབང་ཆ་གཅིག་སྡུད་རྒྱ་ཆེར་བྱས་ཡོད་པས་ཁོ་བོར་“ཐམས་ཅད་ཀྱི་གཙོ་འཛིན་”ཞེས་པའི་མིང་ཞིག་ཀྱང་ཐོགས་ཡོད།
དེ་ཡང་འདི་ལྟར་ཏེ་ཁོང་ཉིད་ཆབ་སྲིད་ཚོགས་པའི་དྲུང་ཆེ་རུ་བསྐྱར་འདེམ་བྱུང་ནས་ཟླ་བ་གསུམ་ཙམ་ལས་མ་སོང་ཞིང་སྲིད་འཛིན་གྱི་ལས་ཡུན་གཉིས་པ་འགོ་མ་བཙུགས་པའི་གོང་ནས་དུས་ཡུན་ཚད་བཀག་མེད་པར་གཏང་རྒྱུའི་གྲོས་འཆར་ལ་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
“དེས་སྐུ་ཞབས་ཞི་ཡི་སྒྲིག་ལམ་གཏོར་གཤིག་གཏོང་འདོད་ཀྱི་འདུན་པ་གསལ་འདོན་བྱས་ཡོད།”ཅེས་ཝ་ཤིན་ཊོན་རྒྱལ་སྤྱིའི་རིག་པ་དང་ཐབས་ཇུས་ལྟེ་གནས་ཁང་གི་རྒྱ་ནག་གི་མཐོ་རིམ་ཆབ་སྲིད་ཆེད་མཁས་པ་ཁིརིསི་ཊོ་ཧྥིར་ཇོན་སན་Christopher K. Johnson གྱིས་གསུངས། ཁོང་གིས་མུ་མཐུད་དུ་གསུང་རྒྱུར་“དལ་དལ་ལྷོད་ལྷོད་ཀྱི་ངང་ནས་ནམ་ཞིག་སུས་ཀྱང་ཉམས་མ་བཞག་པའི་སྐབས་སུ་ཁོས་བྱ་བ་ཆེན་པོ་ཞིག་སྒྲུབ་ཀྱི་འདུག ངས་བསམ་པར་འདི་ནི་(དུས་ཡུན་ཚད་བཀག་མེད་པར་བཏང་བ)ཁོ་རང་ཐོག་མར་(སྲིད་འཛིན་དུ་)སླེབས་སྐབས་ཀྱི་སྲིད་དོན་གཡོ་འཁྲུག་དང་ཡ་མཚན་ཆེ་བའི་གནས་སྐབས་དེར་ཕྱིར་ལོག་བྱས་པ་རེད།”ཟེར།
སྐུ་ཞབས་ཞི་དང་དངོས་སུ་ཐུག་འཕྲད་བྱས་པའི་ཆེད་མཁས་པ་དང་ཆབ་སྲིད་ཚོགས་མི་ཟུར་པ་ཁག་ཅིག་གིས་སྲིད་འཛིན་གྱི་དུས་ཡུན་ཚད་བཀག་དེ་ཉིད་ཁོང་གིས་གདེང་ཚོད་དང་དངངས་འཚབ་འདྲེས་མའི་ལམ་ནས་མེད་པར་བཏང་འདུག་ཟེར། ནུས་པ་ལྡན་པའི་མཐོ་རིམ་ཁ་གཏད་པ་རྣམས་གཙང་སེལ་བཟོས་ཟིན་ཞིང་ལྐོག་ཟ་རུལ་སུངས་དང་འཐབ་པར་མང་ཚོགས་ནས་རྒྱབ་སྐྱོར་ཚད་མཐོ་ཐོབ་ཡོད་པར་བརྟེན། ཁོང་ལ་གདེང་ཚོད་ཡོད་ཀྱང་དཔལ་འབྱོར་གྱི་གོད་ཆགས་འབྱུང་བའམ་བྱང་ཀོ་རི་ཡར་དམག་འཁྲུག་ལངས་བ་ལྟ་བུའི་ཆག་འཇིག་ཅིག་གིས་ཁོ་བོའི་སྲིད་དབང་ཉམས་རྒུད་དུ་གཏང་སྲིད་པས་དེའི་ཕྱོགས་སུ་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད་ཟེར།
མིག་མདུན་དུ་རྒྱལ་ཁ་ཐོབ་ཡོད་ཀྱང་སྐུ་ཞབས་ཞི་ཡིས་སྤྱི་དམངས་ཀྱི་འགོག་རྒོལ་ཡོང་བར་དོགས་ནས་དུས་ཡུན་ཚད་བཀག་གི་གནས་ཚཱུལ་ཐད་ནས་བརྒྱུད་ལམ་ཁག་ལ་སྟངས་འཛིན་ནན་པོ་བྱེད་ཀྱིན་ཡོད་པ་རེད། གཞུང་འབྲེལ་ཤིན་ཧ་གསར་ཁང་གིས་རྩ་ཁྲིམས་བསྐྱར་བཅོས་ཀྱི་དགོས་འདུན་རེ་ཞུ་ཐོག་མར་རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཀྲུ་ཀྲར་སྤྱི་ཚོགས་བརྒྱུད་ལམ་དུ་གསལ་བསྒྲགས་བྱས་པས་འབྲེལ་ཡོད་གསར་འགོད་པ་དེར་ཉེས་ཆད་ཕོག་ཡོད་པ་རེད། མིང་བརྗོད་མི་འདོད་པའི་ལས་རོགས་ཤིག་གིས་བཤད་པ་ལྟར་ན་གཞུང་འཛིན་པས་གསར་འགྱུར་དེར་ཚིག་སྦྱོར་ཧ་ཅང་ངར་དྲགས་པ་མཐོང་ཡོད་ཚོད་རེད་ཅེས་ལན་བཏབ།
དག་ཐེར་དཔྱད་ཞིབ་པ་དག་གིས་སྐུ་ཞབས་ཞི་ཡིས་དབང་ཤེད་ཀྱི་ལམ་ནས་རྒྱལ་ཁ་བླངས་བ་དེ་ནི་འབྱུང་འགྱུར་ཁོང་གི་སྟོབས་ཤུགས་ཁེངས་དྲེགས་ཅན་འཇིགས་སུ་རུང་བ་ཞིག་ཏུ་འགྱུར་རྒྱུའི་སྔ་ལྟས་ཡིན་ཚུལ་བཤད། ལོ་རབས་དུ་མའི་རིང་རྒྱ་ནག་སྲིད་དབང་འཐབ་རྩོད་ལས་སྐྱོབ་བྱེད་ཀྱི་སྲིད་ཀྱི་ལམ་ལུགས་དེ་ཉིད་ཁོ་བོས་རྩ་གཏོར་བཏང་ཡོད་ཟེར། “ངས་བསམ་པར་རྒྱ་ནག་གི་རྨི་ལམ་མངོན་འགྱུར་ཡོང་བར་ང་ཚོས་ཞི་ཅིན་ཕིན་ལ་ལོ་ཉི་ཤུའི་དུས་ཚོད་སྤྲོད་དགོས་ངེས། ལོ་བཅུའི་ཚད་བཀག་ནི་རྒྱ་ནག་གི་ཕུགས་རྒྱང་རིང་པོའི་འཕེལ་རྒྱས་དང་འགྲིག་མཐུན་མི་འདུག”ཅེས་རྒྱ་ནག་བྱང་ཤར་ནས་ཡོང་བའི་འཐུས་མི་རྡོ་སོལ་བཟོ་ལས་ཀྱི་མགོ་དཔོན་ཇིའོ་ཡུན་ Jiao Yun གྱིས་བཤད།
༄༅། གཞུང་པ་ལགས །
ཞལ་རོགས་བཞུགས། རྒྱ་ནག་དམར་པོ་ཆོས་མེད་རིང་ལུགས་ཀྱི་སྲིད་འཛིན་ལས་ཡུན་ལོ་ཚད་མེད་པ་བཟོས་
པ་དེ་་་་ང་ཚོའི་སྲིད་སྐྱོང་གི་ལས་རྒྱུན་ཡང་ལོ་ཚད་མེད་པ་དགོས་སྐོར་བརྗོད་པར་་འབྲེལ་བ་གང་ཡང་མེད།
ང་ཚོ་ནི་མང་གཙོ་རེད། རྒྱ་དམར་པོ་ནི་མི་གཅིག་གི་དབང་ཆ་འཛིན་མཁན་དམར་ཤོག་པ་རེད།
རྒྱ་ནག་གི་རྩ་ཁྲིམས་ལ་བསྐྱར་བཅོས་གནང་ནས་སྲིད་འཛིན་ལས་ཡུན་ལོ་ཚད་མེད་པ་བཟོས་པ་དང་བསྟུན་ནས་ང་ཚོའི་ཀྱང་སྲིད་སྐྱོང་ལས་ཡུན་དེ་རྒྱ་ནག་ལྟར་ལོ་ཚད་མེད་པ་བཟོ་དགོས་པ་དེ་དབུ་མའི་ལམ་གྱི་དགོས་འདུན་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བསྡད་ནས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་དགོས་ཟེར་ལ་ང་ཚོའི་འགན་འཁུར་དགོས་པ་ནི་ང་ཚོའི་བཅའ་ཁྲིམས་ནང་མང་གཙོ་ཡང་དག་པའི་ལམ་ལུགས་ཡུལ་མི་རྒྱལ་ཁབ་ཟེར་བའི་རིན་ཐང་ཅན་གྱི་ཐ་སྙད་དེ་ཡུལ་མིའི་སྲིད་སྐྱོངས་ལ་ཁ་ཕྱོགས་པ་ལ་འགན་འཁུར་ནས་སྲིད་སྐྱོངས་ལས་ཡུན་དེ་ལོ་ཚད་མེད་པ་བཟོ་དགོས་པ་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་བློ་ཁོག་དང་ནུས་པ་ལ་རག་ལས་པ་མ་རེད་དམ་།
ེ