དེ་རིང་གདན་ས་ཆེན་པོ་དགའ་ལྡན་བྱང་རྩེའི་བླ་སྤྲུལ་ལྷན་ཚོགས་ནས་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་ཚེ་དཔག་མེད་ཀྱི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག
དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ། དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་ས་གནས་སེར་སྐྱ་མི་མང་ལ་ཚེ་དཔག་མེད་ཀྱི་ཚེ་དབང་བསྩལ་གནང་ཡོད་པ་དང་འབྲེལ། དགའ་ལྡན་བྱང་རྩེའི་བླ་སྤྲུལ་ལྷན་ཚོགས་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཁྲི་རིན་པོ་ཆེ་མཆོག་ནས་ཚེ་རིང་པོ་ཡོང་བ་ལ་ཚེ་དབང་ཙམ་མ་ཟད་རྒྱུན་དུ་འཕྲོད་བསྟེན་ལེགས་པོ་བྱེད་དགོས་ཤིང་ཚེ་བསྲིངས་བ་དེ་ཡང་མི་ཚེ་དོན་དང་ལྡན་པ་ཞིག་གནང་དགོས་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་གནང་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༤ བར་ཉིན་གྲངས་ ༦ རིང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་གནང་ཡོད་པ་དང་། ཐེངས་འདིའི་གསུང་ཆོས་ལ་བལ་ཡུལ་དང་དྷ་རམ་ས་ལ། ལྷོ་ཕྱོགས་གདན་ས་ཁག་གསུམ་གཙོ་བོར་གྱུར་བའི་བཀྲིས་ལྷུན་པོ། རྭ་སྟོད་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད་སོགས་ཕྱོགས་མཐའ་ཁག་གི་དགོན་སྡེ་གྲྭ་ཚང་ཁག་མང་པོ་ཞིག་ནས་ཁྱོན་དགེ་འདུན་པ་ ༡༠༠༠༠ བརྒལ་བ་འཛོམས་ཡོད་འདུག
བླ་སྤྲུལ་ལྷན་ཚོགས་ཀྱི་རྒྱུན་ལས་དང་མགྲིན་ཚབ་པ་སྤྲུལ་སྐུ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་གསར་འགོད་པར། བཤད་ལུང་ཆོས་འབྲེལ་དེ་དག་གོ་སྒྲིག་གནང་དགོས་དོན་ནི་ལོ་ངོ་ ༢༢ གོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཤད་ལུང་དེ་དག་ཐེངས་གཅིག་བསྩལ་གནང་ཡོད་པ་དང་། དེའི་རྗེས་ལོ་ངོ་ ༢༠ ལྷག་ཙམ་རིང་ཆོས་འབྲེལ་དེ་དག་རྒྱུན་ཆད་ཡོད་སྟབས། ཐེངས་འདིར་གོ་སྒྲིག་གནང་བ་ཞིག་ཡིན་པ་མ་ཟད་དགའ་ལྡན་བྱང་རྩེ་བླ་སྤྲུལ་ལྷན་ཚོགས་ཀྱི་ངོས་ནས་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཡིག་ཆ་ཁག་བདག་ཉར་དང་བཤད་ལུང་ཁག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་ཆེད། བྱང་རྩེ་མཁན་པོ་དམ་པ་གོ་བོ་མཁན་ཟུར་རྒན་ཨ་རྡོ་ལགས་ཀྱིས་ལོ་མང་སྔོན་ནས་ལས་གཞི་དབུ་འཛུགས་གནང་སྟེ། བླ་སྤྲུལ་ལྷན་ཚོགས་ཀྱི་ངོས་ནས་མུ་མཐུད་གསུང་ཆོས་དང་བཤད་ལུང་ཁག་གོ་སྒྲིག་གནང་གི་ཡོད་སྐོར་གསུངས་བྱུང་།
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།