རྩོམ་པ་པོ་ལྷ་བཟང་ཚེ་རིང་ལགས་ཀྱིས་རྡོ་སྣུམ་མེད་པ་ཡིན་ན་མི་ཤི་ཡི་མེད་ཀྱང་ཆུ་མེད་པ་ཡིན་ན་འཚོ་ཐབས་མེད་སྟབས། བོད་ཀྱི་ཆུ་ནི་བོད་དོན་རྒྱལ་སྤྱིའི་གནད་དོན་དུ་བཟོ་ཐབས་ཀྱི་ལམ་ཀ་ཡག་པོ་ཞིག་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། བཞུགས་སྒར་ཉེ་འདབས་དྷ་ཤོད་རྒྱ་གར་ཡུལ་མིའི་བདེ་དོན་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ ༥ པ་མགོ་བཙུགས་གནང་སོང་བ་དང་། ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཤི་རི་ཨ་ཇེ་སི་སིན(Shri Ajay Singh)ལགས་དང་། དམིགས་བསལ་སྐུ་མགྲོན་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་དང་ལྷ་བཟང་ཚེ་རིང་ལགས། སྤྱི་ཟུར་དམ་པ་ཀརྨ་ཆོས་འཕེལ་ལགས་ཀྱི་བཟའ་ཟླ་བསྟན་འཛིན་བདེ་སྐྱིད་ལགས། དེ་བཞིན་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། ཨ་རི་དང་ཡུ་རོབ། ཨ་ཧྥེ་རི་ཁ། ཨོ་སི་ཊོ་ལི་ཡ་བཅས་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་དང་། རྒྱ་བལ་གཉིས་བཅས་ནས་ཁྱོན་ཚོགས་བཅར་བ་ ༡༦༠ ལྷག་འཛོམས་འདུག
མཛད་སྒོའི་ཐོག་མར་བོད་དང་རྒྱ་གར་གྱི་རྒྱལ་གླུ་གྱེར་བ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད་སྐར་མ་གཅིག་གནང་གྲུབ་རྗེས། སྐུ་མགྲོན་གཙོ་བོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཡི་སྐུ་མདུན་དུ་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་སོང་། མཛད་སྒོའི་ཐོག་སྤྱི་ཟུར་དམ་པ་ཀརྨ་ཆོས་འཕེལ་ལགས་སུ་དཔའ་བོའི་གཟེངས་རྟགས་ཤིག་ཕུལ་སོང་བ་དང་། ཁོང་གི་བཟའ་ཟླ་བསྟན་འཛིན་བདེ་སྐྱིད་ལགས་ནས་ཚབ་ཞུས་ཏེ་བླངས། དེ་བཞིན་བོད་རང་བཙན་སྐོར་གྱི་རྩོམ་ཡིག་ཁག་ཅིག་ཚུད་པའི་དཔེ་དེབ་ཅིག་དབུ་འབྱེད་བཅས་གནང་སོོོོང་།
དེ་ནས་བོད་མིས་རང་བཙན་ག་རེ་བྱས་ནས་རྩོད་དགོས་སྐོར་ལ་རྩོམ་པ་པོ་ལྷ་བཟང་ཚེ་རིང་ལགས་ཀྱིས། བོད་མི་ཚོས་ཤེས་དགོས་པ་ཞིག་ལ་རང་བཙན་འཐབ་རྩོད་དང་ཚོང་གཉིས་ནོར་རྒྱུ་མི་འདུག རང་བཙན་ནི་བདེན་པ་རྩོད་ཀྱི་ཡོད་པ་བཞིན་བདེན་པ་དང་ཚོང་གི་དམིགས་ཡུལ་ཁེ་བཟང་རེད། ཁེ་བཟང་ཡོད་ན་ཚོང་དེ་གཉེར་རྒྱུ་དང་མེད་ན་ཚོང་གཞན་རྒྱག་པའམ་དེ་མིན་བཞག་ནའང་འགྲིག་གི་ཡོད་པ་རེད། ཡིན་ཡང་རང་བཙན་གྱི་འཐབ་རྩོད་དེ་བདེན་པ་ཡིན་སྟབས་ཐོབ་ཤོར་ལ་འབྲེལ་བ་ཡོད་པ་རེད། ཐོབ་ཤོར་གལ་ཆེན་རེད་དེ་དེ་ལས་གལ་ཆེ་བ་ནི་བདེན་པ་དེ་བདེན་པ་ཡིན་པ་རྩོད་དགོས་རེད། དེང་སང་མི་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་སྐོར་བཀའ་མོལ་གནང་སྐབས། དགྲ་བོ་རྒྱ་དམར་གྱི་དྲག་པོའི་སྟོབས་ཤུགས་དང་དཔལ་འབྱོར་ཡར་རྒྱས། སྲིད་དོན་གྱི་ནུས་ཤུགས་བཅས་ཀྱི་བཀའ་མོལ་གནང་སྟེ་ང་ཚོའི་འཐབ་རྩོད་ལ་འགྱུར་བ་གཏོང་དགོས་སྐོར་གསུང་གི་ཡོད་ནའང་། བོད་ཀྱི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཡིན་པར་བརྟེན་དེ་ལ་འགྱུར་བཏང་ན་རྩ་བ་ཉིད་ནས་འགྲིག་གི་མི་འདུག དེ་བཞིན་བོད་གཞུང་གིས་རང་སྐྱོང་ཟེར་བ་ཞིག་རྩོད་བཞིན་ཡོད་པ་རེད། རང་བཙན་དེ་རྒྱལ་སྤྱིའི་གནས་ཚུལ་རེད། དེར་བརྟེན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གླེང་སློང་བྱས་ཆོག་པ་ཞིག་རེད། རང་སྐྱོང་ལབ་ནས་དགྲ་བོ་རྒྱ་དམར་གྱིས་ལབ་པ་བཞིན་རྒྱ་ནག་གི་ནང་ཁུལ་གནད་དོན་ཞིག་ཆགས་ཀྱི་ཡོད་པ་རེད། བོད་དེ་རྒྱ་ནག་གི་གནས་ཚུལ་ཞིག་མ་རེད། དེ་མ་ཡིན་པར་བརྟེན་ང་ཚོས་ངེས་པར་དུ་བོད་རང་བཙན་རྩོད་དགོས་པའི་རྒྱུ་མཚན་གཅིག་དེ་རེད། ཅེས་བརྗོད་སོང་།
ཡང་རང་ལུས་མེར་བསྲེགས་དང་འབྲེལ་ནས་བོད་ནང་གི་བོད་མིའི་མངོན་འདོད་སྐོར་ལ་ཁོང་གིས། བོད་ནང་རང་ལུས་མེར་བསྲེགས་མང་པོ་བྱུང་བཞིན་པའི་སྐབས་ཤིག་ལ། གཞུང་འབྲེལ་མིན་པའི་ཚོགས་པ་གཞོན་ནུ་སོགས་ཀྱིས་དེའི་སྒང་བགྲོ་གླེང་མང་པོ་བྱས་ཡོད་པ་དང་། སྐབས་དེར་བོད་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་གྱི་དགོས་འདུན་ག་རེ་ཡིན་མིན་ཐད་འོས་བསྡུ་ཞིག་བྱས་སོོང་། སྤྱིར་བོད་ནང་གི་བོད་མི་ས་ཡ་དྲུག་གི་མངོན་འདོད་དེ་རང་བཙན་རེད། བོད་མི་རང་ལུས་མེར་བསྲེགས་གནང་མཁན་བརྒྱ་དང་བཞི་བཅུ་ལྔ་བཅུ་ཙམ་ལབ་ཀྱི་ཡོད་པ་དེ་ར་འཕྲོད་པ་ཚོ་རེད། ད་དུང་ར་མ་འཕྲོད་པ་ག་ཚོད་ཅིག་ཡོད་པ་རེད། རང་བཙན་ཆེད་རང་ལུས་མེར་བསྲེགས་གནང་ནས་དེར་འོས་འཕངས་པ་ཡིན་ན་དེ་ལས་ཡག་པའི་འོས་ཤིག་བསྡུ་རྒྱུ་ཡོད་པ་རེད་དམ། ད་རུང་བོད་གཞུང་གིས་གཞིས་ལུས་མི་མང་ལ་ག་རེ་དགོས་མིན་དེ་མཁྱེན་གྱི་མེད་པ་རེད་དམ། འདི་ང་ཚོས་རང་བཙན་རྩོད་དགོས་པའི་རྒྱུ་མཚན་རེད་ལ་གཞིས་ལུས་མི་མང་གི་རེ་བ་དང་འདོད་པ་ཡང་རེད། ཅེས་དང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཐབས་སུ། བོད་དོན་དེ་རྒྱལ་སྤྱིའི་གནད་དོན་དུ་བསྒྱུར་བར་དང་པོ་བོད་ནི་འཛམ་གླིག་གི་ཡང་ཐོག་ཡིན་པ་དང་གཉིས་པ་དེ་དཔལ་འབྱོར་ཡིན་སྐོར་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་སྟེ། དེ་ལ་རྒྱ་དཀར་ནག་གཉིས་ནས་འགྲོ་སོང་འབོར་ཆེན་ཞིག་གཏོང་དགོས་ཀྱི་ཡོད་པ་དེས་རྒྱལ་སྤྱིའི་དཔལ་འབྱོར་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཐོག་ནས་རྡོ་སྣུམ་ཡོད་པའི་རྒྱལ་ཁབ་ཚོས་སྣུམ་བེད་སྤྱོད་བྱས་ཏེ་རྒྱལ་སྤྱིའི་ནང་ནུས་ཤུགས་ཆེན་པོ་ཐོན་གྱི་ཡོད་ཀྱང་བོད་ལ་རྡོ་སྣུམ་ལས་གལ་ཆེ་བ་ཞིག་ཡོད་པ་ནི་ཆུ་རེད། གལ་སྲིད་རྡོ་སྣུམ་མེད་པ་ཡིན་ན་མི་ཤི་ཡི་ཡོད་པ་མ་རེད། འོན་ཀྱང་ཆུ་མེད་པ་ཡིན་ན་ཉིན་ག་ཚོད་ཅིག་ལ་འཚོ་ཐུབ་ཀྱི་ཡོད་པ་རེད། བོད་ཀྱི་ཆུ་ནི་བོད་དོན་རྒྱལ་སྤྱིའི་གནད་དོན་དུ་བཟོ་ཐབས་ཀྱི་གོ་སྐབས་ཡག་པོ་ཞིག་ཡིན་སྐོར་བཅས་སོགས་བརྗོད་སོང་།
དེའི་རྗེས་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས། དེ་རིང་རང་བཙན་འཐབ་རྩོད་པ་ཚོ་མཇལ་རྒྱུ་བྱུང་བར་དཔེ་མི་སྲིད་པའི་དགའ་པོ་བྱུང་། ད་རེས་ང་འདིར་ཡོང་དགོས་དོན་ནི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གཙོ་འཛིན་འཇིགས་མེད་ཨོ་རྒྱན་ལགས་ནས་འགྲོ་རོགས་ལབ་པ་ལྟར་སྐུ་ཚབ་ཞུས་ནས་ཡོང་བ་ཡིན། ང་རང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ངོ་ཚབ་ཐོག་ནས་ཡོང་གི་ཡོད་དུས་དེའི་ལོ་རྒྱུས་དང་མང་པོ་ཞིག་ཞུ་རྒྱུ་མིན། གནད་འགག་ག་རེ་ཡོད་པ་རེད་ཞུས་ན། ང་ཚོས་སྒྲུབ་དགོས་པའི་ལས་འགན་དེ། དེང་སང་ང་ཚོར་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་སེམས་ཤུགས་ག་ཚོད་ཅིག་ཡོད་ནའང་། རྒྱ་ནག་གི་ཆེ་ཆུང་དང་ནུས་པ། དཔལ་འབྱོར་དང་དམག་གི་ནུས་པ། གདུག་རྩུབ་ཀྱི་ནུས་པ་སོགས་ལ་མི་མང་པོ་སྦོམ་ཤོར་གྱི་འདུག འོན་ཀྱང་། ངས་འདི་འདྲ་ཞིག་བྱེད་དགོས་རེད་ལབ་ནས་ལྟ་གྲུབ་ཞུ་ཡི་མེད་དེ་བྱེད་རྒྱུ་ཡོད་ཡོད་པ་རེད། རྣམ་པ་ཚོས་དོ་སྣང་བྱུང་ཡོད་མེད་མི་ཤེས་ཏེ། ལོ་ཁ་ཤས་སྔོན་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ལྷོ་ཨ་ཧྥེ་རི་ཁའི་ནང་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྐྱང་པའི་ཚོགས་ཆེན་ཞིག་ལ་ཕེབས་རྩིས་བྱས་པ་རེད། འོན་ཀྱང་། རྒྱ་མི་ལྷོ་ཨ་ཧྥེ་རི་ཁ་མཉམ་དུ་འབྲེལ་བ་དཔེ་ཡག་པོ་ཡོད་སྟབས། ༧གོང་ས་མཆོག་ལྷོ་ཨ་ཧྥེ་རི་ཁར་ཕེབས་རྒྱུ་མེད་པ་བཟོས་པ་རེད། དེ་ནས་ང་ཚོས་ག་རེ་བྱེད་དགོས་རེད་བསམ་ནས་བསམ་བློ་མང་པོ་བཏང་རྗེས་ཚོགས་པ་ཞིག་བཙུགས་པ་དང་། ད་ལྟའི་ཆར་ཚོགས་པ་དེ་ཧ་ཅང་ཆུང་ཆུང་རེད་ལ། ང་ཚོ་ཁ་འཐོར་གྱིས་གནས་ཡོད་པ་མ་ཟད་འབྲེལ་བ་བྱེད་དུས་སྤྱི་ཚོགས་བརྒྱུད་ལམ་ཁག་བརྒྱུད་ཕན་ཚུན་སྐད་ཆ་བཤད་ཀྱི་ཡོད། འོན་ཀྱང་ང་ཚོའི་ཚོགས་པའི་ནང་སྒྱུ་རྩལ་བ་དང་། འབྲེལ་མཐུད་པ། རྩོམ་པ་པོ་སོགས་མི་སྣ་མང་པོ་ཞིག་ཡོད་པར་བརྟེན། འཇིགས་མེད་ལགས་ནས་ལས་འགུལ་ཞིག་མགོ་འཛུགས་བྱས་ཏེ་འཛམ་གླིང་གི་མི་སྣ་གྲགས་ཅན་ཁག་དང་། སྲིད་དོན་པ། གནད་ཡོད་མི་སྣ་གང་མང་ཞིག་བརྒྱུད་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོར་ཚོགས་ཆེན་དེ་ལྷོ་ཨ་ཧྥེ་རི་ཁར་ཚོགས་མི་ཉན་པའི་སྐོར་དང་། རྒྱ་ནག་གི་གནོན་ཤུགས་འོག་༧གོང་ས་མཆོག་ཚོོགས་ཆེན་དེར་ཞུགས་ཐུབ་ཀྱི་མེད་པ་སོགས་ཀྱི་རྒྱུ་མཚན་དང་ཤུགས་རྐྱེན་སྤྲད་པར་བརྟེན། མཐར་དུས་ཡུན་གང་འཚམ་ཞིག་ཕྱིན་པར་མ་ལྟོས་པར་ཚོགས་ཆེན་དེ་ཨི་ཊ་ལི་རུ་ཚོགས་ཐུབ་པ་བྱུང་ཡོད། དེ་ནི་ང་ཚོས་འབྲེལ་ལམ་བེད་སྤྱོད་བྱས་པའི་རྒྱལ་ཁ་ཞིག་ཆགས་ཡོད་ལ། དེང་སང་རྒྱ་ནག་གིས་བེད་སྤྱོད་གཏོང་བཞིན་པ་གཅིག་ནི་འབྲེལ་ལམ་སྲིད་ཇུས་ཆགས་ཡོད། རྒྱ་ནག་གིས་འཛམ་གླིང་གི་འབྲེལ་ལམ་ལ་ཇུས་གཏོགས་བྱས་པའི་གནས་སྟངས་སྡུག་པོ་ཞེ་དྲགས་ཆགས་ཡོད། ཅེས་བརྗོད་སོང་།
མ་འོངས་པར་རང་བཙན་འཐབ་རྩོད་པ་ཚོས་ག་རེ་བྱེད་དགོས་པའི་སྐོར་ལ་ཁོང་གིས། བོད་རང་བཙན་འཐབ་རྩོད་པ་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ལག་པ་བརྐྱང་དགོས་ཀྱི་ཡོད་པ་དང་། བོད་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁ་བླངས་བ་ནི།ཕྱི་ལོ་ ༡༩༦༦ ལོར་གྲོས་ཆོད་མཐའ་མ་དེ་བཞག་རྗེས་བོད་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཐེབས་ཡོད་སྐོར་དང་། དེའི་ཆེད་ཨ་རིའི་ནེའུ་ཡོག་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་འཆར་གཞི་ཆེན་པོ་ཞིག་ཡོད་ཀྱང་དེ་གསང་བ་ཡིན་པས་ད་ལྟ་ནས་ཞུས་ན་འགྲིག་གི་མེད་པར་བརྟེན་རྗེས་ཕྱོགས་ཞུ་རྒྱུ་ཡིན་སྐོར། དེ་བཞིན། ལས་ཀ་ཟེར་བ་ནི་བྱ་རྒྱུ་ཡོད་པ་ཞིག་དང་དེ་ལ་གཙོ་བོ་ལོ་གཉིས་གསུམ་རེའི་ནང་རང་བཙན་འཐབ་རྩོད་པ་ཚོ་འཛོམས་དགོས་པའི་ཐོག་ལས་ཁུངས་ཤིག་དང་། མགོ་འཁྲིད། ལས་ཀ་བྱེད་མཁན་བཅས་གཏན་འཇགས་ཚོགས་པ་ཞིག་མེད་པ་ཡིན་ན། རང་བཙན་འཐབ་རྩོད་པའི་ལས་གཞི་ཁག་ལག་བསྟར་བྱེད་རྒྱུར་དཀའ་ལས་ཁག་པོ་ཡོད་པར་བརྟེན་དེ་ལ་དགོངས་པ་བཞེས་དགོས་སྐོར་སོགས་བརྗོད་སོང་།
སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེད་སིན་(Shri Ajay Singh)ལགས་ཀྱིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ང་དེ་རིང་འདིར་ཡོང་བའི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ། ངའི་སྨོན་ལམ་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཁྱེད་ཚོའི་ལས་འགུལ་ལེགས་འགྲུབ་ཡོང་གི་རེད། ཁྱེད་རང་ཚོའི་འཐབ་རྩོད་དེ་ཡུན་རིང་རྩོད་དགོས་པ་ཞིག་རེད་ལ་ཧ་ཅང་ཤུགས་ཆེན་ཞིག་ཀྱང་རེད། ངའི་རེ་བར་ཁྱེད་ཚོ་ཚོར་བའི་དབང་དུ་མ་སོང་བར་ལས་གཞི་དང་སྲིད་བྱུས་གཏན་འབེབས་བྱེད་སྐབས་མཁས་དབང་འཇམ་དབྱངས་ནོར་བུ་དང་ལྷག་བཟང་ཚེ་རིང་ལགས་སོགས་ལྟ་བུ་ལ་བཀའ་འདྲི་ཞུ་རོགས། ཞེས་དང་། རྒྱ་གར་ནི་ནམ་ཡང་བོད་དོན་འཐབ་རྩོད་ལ་དཔུང་བ་མཉམ་གཤིབ་ཀྱིས་ཡོད་པ་དང་རྒྱ་གར་སྟོབས་ཆེན་བཟོ་བར་དང་པོ་བོད་སྟོབས་ཆེན་བཟོ་དགོས་སྟབས། བོད་དོན་ལ་བདེན་པའི་མཐའ་སེལ་སྐབས་ཤིག་ཡོད་ཚུལ་བཅས་སོགས་བརྗོད་སོང་།
གསར་འགོད་པ། ཀླུ་མགོན་ཐར་དང་སྐལ་བཟང་སྦྱིན་པ།
༄༅། མི་ལ་ལས་རང་བཙན་ཟེར་ནས་འབོད། མི་ལ་ལས་དབུ་ལམ་ཟེར་ནས་འབོད།
དབུ་རང་བཙན་གཉིས་ཀ་བོད་དོན་རེད། འདི་ཡག་རེད་འདི་སྡུག་རེད་མ་ཟེར་ཨང།
ལས་བྱེད་པོ་གཉིས་ཀར་བསྔགས་བརྗོད་ཡོད།
ཁ་བཤད་བཤད་མ་མང་དོན་ལ་བརྩོན། དོན་དེ་ཡང་གཏུགས་ས་རྒྱ་དམར་རེད།
བོད་བཙན་བྱོལ་གཞུང་གི་དབུས་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་ཚར་ནའང་། ཟུར་དུ་དབུས་མའི་ལམ་གྱི་ཚོགས་པ་འཛུགས་དགོས་དོན་ཅང་ཨེ་ཡོད་ན། རིག་པ་འགོ་མཚུངས་རེད།
ཕོ་འགའ་རེའི་རང་བཙན་རྩོད་ཀྱི་འདའ་།
ཕོ་འགའ་རེའི་དབུ་ལམ་ཚོལ་གྱི་འདའ་།
ཕོ་འགའ་རེའི་རང་སྐྱོངས་རྩོད་ཀྱི་འདའ་།
དོན་ངོ་མ་ཁ་དམག་ཆབ་སྲིད་ཙམ་།
དྲི་བ་ཁ་ཤས་ཡོད།
༡། བོད་རྒྱ་མིས་བཙན་བཟུང་བྱས་པ་རེད། ཡིན་ནའང་མི་འདི་ཚོས་ག་དུས་ཡིན་ཡང་རང་བཙན་ཁ་ལ་འཁྱེར་ནས་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་མ་འགྲིགས་པའི་རྣམ་འགྱུར་ཁོ་ན་སྟོན་གྱི་འདུག འདིའི་དམིགས་ཡུལ་གང་རེད་དམ།
༢། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡོད་བཞིན་དུ་རང་བཙན་ལྷན་ཚོགས་ཟེར་བ་ཞིག་ཟུར་དུ་འཛུགས་དགོས་དོན་གང་རེད་དམ། དེས་བོད་ཀྱི་འཐབ་རྩོད་ལ་ཕན་གྱི་རེད་དམ་གནོད་ཀྱི་རེད།
༣། འདིའི་ནང་ཡོད་པའི་སྤྱི་འཐུས་འདི་ཚོས་ཕྱོགས་བསྐྱོད་སྐབས་མི་མང་ལ་དབུ་མའི་ལམ་འགྲེལ་བཤད་རྒྱག་གི་འདུག ཡང་ཚོགས་འདུ་འདི་རིགས་ལ་བཅར་ནས་རང་བཙན་ཤོད་ཀྱི་འདུག དོན་ངོ་མ་ཆབ་སྲིད་ཀྱི་ལངས་ཕྱོགས་ཟེར་བ་ཞིག་ཡོད་རེད་དམ་མ་རེད།
༤། རང་བཙན་ལྷན་ཚོགས་ཀྱི་འགྲོ་གྲོན་སུས་གཏོང་གི་ཡོད་རེད་དམ། དེའི་ནང་འཐབ་ཕྱོགས་གཅིག་འགྱུར་གྱི་དངུལ་ཡོད་མ་རེད་ཅེས་ཤོད་ཐུབ་པ་འདུག་གམ།
༥། དབུ་མའི་ལམ་གྱི་ཚོགས་འདུར་ཡོང་མཁན་མཐོ་སློབ་སློབ་ཕྲུག་མང་དག་ཅིག་ལ། “དབུ་མའི་ལམ་གྱི་ཚོགས་འདུར་མ་བཅར་གོང་ང་ཚོའི་ཚོགས་འདུར་ཡོང་རོགས། ལམ་གྲོན་དང་ལྟོ་དོད། རྔན་པ་བཅས་སྤྲད་ཆོག” ལབ་པ་རེད་ཟེར། དེ་ལ་བརྟེན་ནས་རང་བཙན་ཚོགས་འདུར་མཐོ་སློབ་ཀྱི་སློབ་ཕྲུག་རེ་བཟུང་མཉམ་ཞུགས་བྱས་པ་རེད་ཟེར། དེ་བདེན་པ་རེད་དམ།
གནས་ཚུལ་འདི་ཚོ་ཤེས་ན་གཞི་ནས་ཚོགས་འདུའི་དགོས་དམིགས་ཤེས་ས་རེད།
ངས་ནི་གཅིག་གིས་གཅིག་ལ་ཟུར་ཟ་དང་ཚིག་ངན་འཕང་རེས་ཀྱི་ཐབས་ཇུས་ལ་ཡིད་ཆེས་བྱེད་མཁན་ཞིག་མིན་ལ། བདེན་པ་མིན་པའི་གནས་ཚུལ་ཞིག་ངོ་ཚ་ཁྲེལ་གཞུང་མེད་པར་གསུང་མཁན་རིགས་ལའང་ཡིད་ཐག་པ་ནས་ཞེན་པ་ལོག་མཁན་ཞིག་ཡིན། དཔེར་ན། གོང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་ཟེར་བའི་གནས་ཚུལ་དུ། སྤྱི་ཟུར་ཚེ་འདས་ཀརྨ་ཆོས་འཕེལ་ལགས་སུ་དཔའ་བོའི་གཟེངས་རྟགས་ཤིག་ཕུལ་སྐོར་འཁོད་འདུག་པས། བློས་གཏོང་གཅིག་ཀྱང་མེད་པར་དཔའ་བོའི་མཚན་གནས་ཐོབ་སླ་པོ་ཞིག་ཡོད་ན་བོད་སྤྱི་པའི་ལས་དོན་སྒྲུབ་མཁན་ཚང་མར་དེ་འདྲའི་མཚན་གནས་ཀྱིས་ལོས་བརྒྱན་ཆོག་ཨང་། དེ་མིན་ཁོང་འཚོ་བཞུགས་སྐབས་སྤྱི་འཐུས་མཚན་གནས་འཁྱེར་ཏེ་ཕྱི་རྒྱལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་སྐབས་གནམ་ཐང་ནས་ཡར་མ་བཏང་བར་བཀའ་སྐྱིལ་ཕྱིར་སློག་བྱས་པའི་གནས་ཚུལ་སྐོར་སུས་ཀྱང་དྲན་གསོ་གི་ཡོད་ཤག་རེད། དེས་ན་སྤྱི་པའི་མིང་ཐོག་ནས་ཚོགས་པ་བཙུགས་པ་རྣམས་གཟེངས་བསྟོད་དང་ཆེ་བསྟོད་ལྟ་བུའི་གལ་ཆེའི་མཚན་གནས་རྣམས་གང་འདོད་དུ་མ་སྤྲད་ན་ལེགས་པར་མངོན། འདི་ནི་དོན་དམ་པའི་དཔའ་བོ་རྣམས་ཀྱི་མཚན་ཤད་ལས་གཞན་མ་མཐོང་། ཚོགས་པ་དེའི་བྱེད་སྟངས་ལ་བལྟ་ན་མ་འོངས་པར་ལྷ་བཟང་ཚེ་རིང་དང་། འཇམ་དབྱངས་ནོར་བུ། དེ་བཞིན་བསྟན་འཛིན་བརྩོན་འགྲུས་སོགས་སུ་གོང་གི་དཔའ་བོའི་གཟེངས་རྟགས་དེ་འབུལ་ངེས། ལྷག་པར་དུ་ལྷ་བཟང་ཚེ་རིང་ལགས་ཀྱི་གཏམ་བཤད་ནང་། ” དེང་སང་མི་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་སྐོར་བཀའ་མོལ་གནང་སྐབས། དགྲ་བོ་རྒྱ་དམར་གྱི་དྲག་པོའི་སྟོབས་ཤུགས་དང་དཔལ་འབྱོར་ཡར་རྒྱས། སྲིད་དོན་གྱི་ནུས་ཤུགས་བཅས་ཀྱི་བཀའ་མོལ་གནང་སྟེ་ང་ཚོའི་འཐབ་རྩོད་ལ་འགྱུར་བ་གཏོང་དགོས་སྐོར་གསུང་གི་ཡོད་ནའང་།’ ཞེས་པའི་རྗོད་ཚིག་དེ་མང་ཤོས་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་ཀྱི་ཡོད་པས། ལྷ་བཟང་ཚེ་རིང་ལགས་ཀྱིས་ཆེད་མངགས་༸གོང་ས་མཆོག་གི་དགོངས་གཞི་ལ་ཁ་གཏད་གཅོག་རྩི་ཡིན་ནམ། ཡང་ན་སྐྱོན་བརྗོད་ཟུར་ཟ་བྱས་པ་ཞིག་ཡིན་ན། ང་ཚོ་བཙན་བྱོལ་ནང་གྱར་བའི་བོད་པ་རྣམས་ཇི་ཙམ་རྒོད་པོ་འཇོན་པོ་ཡིན་བསམ་གྱི་ཡོད་ནའང་། ༸གོང་ས་མཆོག་ལྟ་བུ་མེད་ན་གནས་སྟངས་ཇི་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ང་ཚོས་ཚོད་དཔག་ཅིག་ཀྱང་བྱས་མྱོང་ཡོད་དམ། ༸གོང་ས་མཆོག་གི་དབུ་ཁྲིད་དང་གཟི་བརྗིད་ལ་བརྟེན་ནས་རྒྱ་གར་ནང་དུ་སྡོད་ས་དང་རྐྱོང་ས་རག་པ་ང་ཚོས་དུས་རྟག་ཏུ་སེམས་བཅངས་བྱ་དགོས་འདུག་སྙམ། དེ་བཞིན་དྲ་ཐོག་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱིས་གཅིག་གིས་གཅིག་ལ་དགག་སྒྲུབ་དང་ཟུར་ཟ་བྱས་པའི་རིགས་མང་པོ་མཐོང་གི་འདུག་པས། དེ་ཐད་ང་ཚོ་ཚང་མས་ཡིད་གཟབ་བྱ་དགོས། ༸གང་ས་མཆོག་གིས་དུས་རྟག་ཏུ་གསུངས་པ་ལྟར། ང་ཚོ་ཚང་མ་སྤྱི་ཚོགས་འདིའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་སྤྱི་ཚོགས་འདི་འཁྲུག་ཚ་དོད་པོ་ཞིག་ཆགས་པ་ཡིན་ན། ཤུགས་ལ་ང་ཚོ་ཚང་མར་གྱོང་རག་རྒྱུ་དང་། སྤྱི་ཚོགས་འདི་བཞིན་ལྷིང་འཇགས་ཡག་པོ་ཞིག་བྱུང་ན། ང་ཚོར་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པ་ཁས་ལེན་འདོད་མེད་ནའང་། དོན་དུ་དེ་འདྲ་ཞིག་ཆགས་ཡོད་པས་ཚང་མས་འཐེན་འཁྱེར་གྱི་བློ་དེ་སྤངས་ཏེ། དོན་དམ་གྱི་གནས་ཚུལ་རང་ལ་དགག་སྒྲུབ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་སྙམ། ཐུགས་རྗེ་ཆེ།
སྐད་ཆ་དྲང་མོ་བཤད་ན་ཁྱེད་ཚོའི་མི་ཁ་ཤས་ཤིག་གིས་སྒྲུབ་བཞིན་པའི་བོད་རང་བཙན་ཟེར་བའི་མིང་ཚིག་དེ་ད་ལྟ་ཕལ་ཆེར་རྒྱབ་སྐྱོར་བྱེད་མཁན་ཁག་པོ་རེད། དེང་སྐབས་དཔལ་འབྱོར་གྱི་དམག་འཁྲུག་རྒྱག་རྒྱུ་མ་གཏོགས་དྲང་བདེན་དང་གནས་ལུགས་ཀྱིས་དོན་འཁྱོལ་རྒྱུུ་དཀའ་མོ་རེད། མ་གཞི་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་ཁྱེད་གཉིས་ནི་གང་ཅི་ཡང་མ་རེད། ཁྱེད་གཉིས་རྒྱ་གར་དང་ཨ་རི་བས་གསོ་བཞིན་པའི་ཁྱི་ཕྲུག་གཉིས་མ་གཏོགས་ཅི་ཡང་མ་རེད། སྣ་ཁ་ནང་འཐེན་ན་མི་ཡོང་ཟེར་པའི་དཔེ་ལྟར་ད་ནི་འཁྲབ་སྟོན་མ་བྱེད་རོགས། ཁྱེད་ཚོ་དེ་འདྲའི་སེམས་ཤུགས་ཡོད་ན་ཐབས་ཤེས་འཐེན་ཡ། རྒྱ་ནག་གིས་བཟོད་མི་ཐུབ་པའི་ལས་ཀ་དེ་འདྲ་ལས་ཐུབ་བམ། མི་ཐུབ་མོ།
ལྷ་བཟང་ཚེ་རིང་ལགས་ཀྱིས། བོད་མི་ཚོས་ཤེས་དགོས་པ་ཞིག་ལ་རང་བཙན་འཐབ་རྩོད་དང་ཚོང་གཉིས་ནོར་རྒྱུ་མི་འདུག ངས་ལྟས ན ཁོང་གིས་གསུངས་པ་བདེན་པ་རེད་སྙམ། གང་ལ་ཞུས་ན་ ང་ཚོ་བོད་པའི་སྤྱི་ཚོགས་ནང་ཚོགས་པ་མང་པོ་ཡོད། ཚོགས་པ་འདི་གས་ཚོང་པ་རེད་སྙམ། གང་ལ་ཞུས་ན་་་ སྔ་མོ་རྒྱ་གར་ནང་ Bhagat Singh ཟེར་བ་ཞིག་གིས་ ལས་འགུལ་ཚོགས་པ་ཞིག་གཙུག ཁ་ནས་བཤད་པ་ནང་བཞིན་ ཁོ་རང་སྔོན་ལ་མདུན་མཆོང་གནང་ཡོད། ང་ཚོ་འདི་ག་ཚོགས་པའི་ནང་ ཁ་ནས་བཤད་པ་ནང་བཞིན་ མདུན་མཆོང་རྒྱག་མཁན་སུ་བྱུང་ཡོད་པ་རེད། དཔའ་བོ་ཐུབ་བསྟན་དངོས་སྒྲུབ་ནི་ མི་དམངས་སྐྱུད་མ་རེད། འཇམ་དབྱངས་ནོར་བུ་ལགས། ཁྱེད་རང་གིས་ ལྷག་བསམ་ཚེ་རིང་ལགས་ཀྱི་གསུངས་པ་དེ་ བདེན་པ་མཐོང་བྱུང་ངས་ ?
ཧ ཧ ཧ བོད་རང་བཙན་ ཚོགས་འདུ་སྣང་བ་སྐྱིད་པོ་ཞིག་ཚོགས་འདུག་ག བོད་ལྷུན་རྩེ་རྫོང་ནས་ འཇག་པ་ལ་ གཏེར་ཁ་ ཨ་སྒོར་ དུང་ཕྱུར་ ༦༠ རྙེད་པ་ ཧ་གོ་མ་བྱུང་ངས། རྡ་རམ་ས་ལ་ ཆུའི་དཀའ་བསྔལ་ཡོད་ཙང་་་ ལྷག་བསམ་ཚེ་རིང་ལགས་ ཆུའི་ཚན་རིག་པ་རེད་འདུག་ག སྐུ་གཤེགས་དམ་པ་ སྐར་མ་ཆོས་འཕེལ་སུ་རེད། Bhagat Singh རེད་པས་ ? རྒྱ་གར་སྟོབ་ཆེན་རྒྱལ་ཁབ་རེད་པ་ལ་ རྒྱ་གར་གྱི་ བོད་རྒྱཡི་ཆ་ཤས་རེད་ ཟེར་ཡ་དེ་ ག་དུས་མཚམས་ཞག་གི་རེད།