༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་ན་གཞོན་སློབ་མ་ཚོར་སྤྱོད་འཇུག་བཀའ་ཆོས་དབུ་འཛུགས་སྐབས་ང་ཚོ་བོད་པ་ཚོར་མིའི་རྣམ་དཔྱོད་ཀྱིས་བསམ་བློ་གཏོང་ཐུབ་པའི་ཤེས་ཡོན་ཞིག་ཡོད་པ་དེ་མུ་མཐུད་ཡར་རྒྱས་གཏང་སྟེ་གཞན་ལ་ཞབས་འདེགས་ཞུ་ཐུབ་པ་བྱ་དགོས་རེད་ཅེས་གསུང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཡས་མས་སུ་དྷ་ས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་གོ་སྒྲིག་འོག ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉིན་གྲངས་གསུམ་རིང་གི་བོད་པའི་ན་གཞོན་ཚོར་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་བཀའ་ཆོས་ཞུ་བར་ཕེབས་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ནང་ཆོས་དོན་གཉེར་ཅན་དང་། དྷ་ས་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་༥༦༦༥ དང་སློབ་ཕྲུག་ ༣༥༠༠ བཅས་ཁྱོན་མི་གྲངས་༩༡༦༥ འཛོམས་འདུག་པ་དང་། སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་གར་དང་དབྱིན་ཇི། ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ། རྒྱ་ནག་སོགས་རྒྱལ་ཁབ་མི་འདྲ་བ་བདུན་གྱི་སྐད་ཐོག་གསུང་སྒྱུར་ཐད་གཏོང་གནང་གི་འདུག
སྔོན་འགྲོའི་གསུང་ཆོས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་ངོ་ཁ་ཤས་ནས་གཙོ་བོ་བོད་པའི་སློབ་ཕྲུག་ན་གཞོན་ཚོར་དམིགས་ཏེ། གུང་གསེང་གི་དུས་ཚོད་འདི་དང་བསྟུན་ནས་སློབ་གྲྭ་གཞན་ལ་འགྲོ་བསྡད་པའི་བོད་པའི་སློབ་ཕྲུག་ཕོ་མོ་ཚོ་གདུལ་བྱ་གཙོ་བོ་ཆགས་ཡོད་པ་རེད། དེ་བཞིན་དེ་རིང་འདིར་ཐའེ་ལན་ཌི་ནས་དགེ་འདུན་པ་ཁག་ཅིག་ཕེབས་འདུག ང་རང་ཚོ་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཡོད་བསྡད་པ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ནས་ཆོས་འཁོར་དང་པོ་དེ་བདེན་བཞིའི་ཆོས་འཁོར་ཡུལ་ཝ་ར་ཎ་སིར་གསུངས་པ་རེད། པཱ་ལའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཚང་མའི་རྨང་གཞི་དེ་བདེན་བཞི་མི་རྟག་པ་བཅུ་དྲུག་གི་ཐོག་ནས་ཡོང་བསྡད་ཡོད་པ་རེད། དེ་ནས་ཆོས་འཁོར་གཉིས་པ་ཤེར་ཕྱིན་གྱི་མདོ་དེ་བྱ་རྒོད་ཕུང་པོའི་རི་ནས་གསུངས་པ་རེད། དེ་ལེགས་སྦྱར་གྱི་གཞུང་གི་ཐོག་ལ་ཡོད་བསྡད་པ་ཞིག་རེད། ལོ་རྒྱུས་ཀྱི་ཐོག་ནས་འཕགས་པ་གནས་བརྟན་པའི་སྡེ་ཞེས་པཱ་ལིའི་ཆོས་བརྒྱུད་འཛིན་པ་ཁྱེད་རང་ཚོ་བཅོམ་ལྡན་འདས་ཀྱི་སློབ་མ་རྒན་པ་ཆགས་བསྡད་ཡོད་དུས་ཁྱེད་རང་ཚོ་ཚང་མར་གུས་འདུད་ཞུ་ཡི་ཡོད། ཅེས་གསུངས་སོང་།
ཡང་མུ་མཐུད་ཁོང་གིས། བོད་གངས་ཅན་གྱི་ལྗོངས་ལ་མདོའི་རྩ་བ་དེ་ལེགས་སྦྱར་ནང་ཡོད་པ་དང་། དེའི་འགྲེལ་བ་གཙོ་བོ་སློབ་དཔོན་ཡོན་ཏན་འོད་གྱིས་མཛད་ཡོད་པ་དེ་དག་རེད། འདུལ་བའི་ཉམས་ལེན་སྡེ་པ་ཐ་དད་ཡིན་དུས་ཁོ་རང་ཚོ་འཕགས་པ་གནས་བརྟན་སྡེས་སོ་སོར་ཐར་པའི་མདོའམ་པྲ་ཏི་མོཀྵ་དེ་པ་ལིའི་སྐད་ཐོག་གསུང་གི་ཡོད་པ་རེད། བོད་གངས་ཅན་གྱི་ལྗོངས་ལ་པྲ་ཏི་མོཀྵའི་རྩ་བ་དེ་ལེགས་སྦྱར་དང་། དེའི་འགྲེལ་པ་གཙོ་བོ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་ཡོད་པ་རེད། སྡེ་པ་ཐ་དད་བྱས་ནས་ལྟུང་བའི་གྲངས་མང་ཉུང་ལ་ཕྲན་བུ་ཁྱད་པར་ཡོད་པ་རེད། གང་ལྟར་གཙོ་ཆེ་ཤོས་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་བཅུ། ལྟུང་བྱེད་དགུ་བཅུ། པཱ་ལིའི་གཞུང་ནང་ལྟུང་བྱེད་དགུ་བཅུ་གོ་གཉིས་ཡིན་པ་ཡོད། སོར་བཤགས་བཞི། ཉེས་བྱས་ལ་ལེགས་སྦྱར་གྱི་གཞུང་ནང་ཉེས་བྱས་བརྒྱ་དང་བཅུ་གཉིས་བཤད་ཀྱི་ཡོད་པ་རེད། པཱ་ལིའི་གཞུང་ནང་ཕལ་ཆེར་བདུན་ཅུ་དོན་ལྔ་ཙམ་ཡིན་པ་ཡོད། ཆུང་ཚགས་ཐོག་ནས་སོང་ན་ཞིབ་ཚགས་ཀྱི་ཁྱད་པར་དེ་འདྲ་རེད་འདུག དཔེར་ན་པཱ་ལིའི་གཞུང་ནང་ལ་ཤམ་ཐབ་ཟླུམ་པོ་བགོ་བར་བྱའོ་ཞེས་ཕལ་ཆེར་ཚིག་གཅིག་རེད། ཤམ་ཐབ་ལ་བརྟེན་པའི་ཉེས་བྱས་གཅིག་རེད། ལེགས་སྦྱར་གྱི་གཞུང་ནང་། ཤམ་ཐབ་ལ་ནི་རྣམ་བདུན་དང་།། སྟོད་གཡོག་ལ་ཡང་རྣམ་གསུམ་དང་།། ཞེས་གསུངས་ནས་ཤམ་ཐབ་ལ་ཉེས་བྱས་བདུན་གསུངས་ཡོད་རེད། འདུལ་བའི་ཉམས་ལེན་དེ་སངས་རྒྱས་པའི་ཡུལ་གྲུ་ཚང་མར་ཁྱབ་ཡོད་པ་དང་། ཤེར་ཕྱིན་གྱི་གཞུང་རྣམས་ཡོངས་གྲགས་སུ་ཐེག་ཆེན་ཞེས་བཤད་བཞིན་པའི་ཡུལ་གྲུ་ཁག་ལ་ཁྱབ་ཡོད་པ་རེད། དེ་རིང་ཁྱེད་རང་ཚོ་དོན་གཉེར་ཆེན་པོ་བྱས་ནས་འདིར་ཕེབས་པར་དམིགས་བསལ་དགའ་བསུ་ཡོད་ལ་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡིན། ངོས་ཀྱི་གོང་དུ་ཞུས་པ་ནང་བཞིན་ཁྱེད་རྣམས་ཆོས་གྲོགས་རྒན་པ་ཆགས་ཡོད་པ་དང་། པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་ཆོས་བརྒྱུད་བར་སྐབས་ནས་འབྲེལ་བ་ཉུང་ཉུང་ཆགས་པ་རེད། ཕན་ཚུན་འབྲེལ་བ་འདང་གི་མེད་དུས་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཚོ་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཚོའི་བར་འབྲེལ་བ་ཤུགས་ཆེ་རུ་འགྲོ་དགོས་རྒྱུ་ཞིག་རེད་འདུག ང་ཚོས་ཀྱང་པཱ་ལིའི་སྐད་བསླབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཅེས་གསུངས་སོང་།
ཐའེ་ལན་ཌི་དང་བོད་པའི་ཆོས་པ་ཚོའི་བར་ལ་འབྲེལ་བ་འཛིན་ཐབས་དགོས་པའི་སྐོར་ལ་ཁོང་གིས། སྔ་མོ་ཕྱི་ལོ་ ༡༩༦༠ ནང་འདི་ནས་བོད་པའི་དགེ་འདུན་པ་ཁ་ཤས་ཐའེ་ལན་ཌིའི་ནང་ཕྱིན་ནས་དགོན་པ་ཞིག་གི་ནང་སྒྲིག་ཞུགས་བྱས་ཏེ། འཕགས་པ་གནས་བརྟན་སྡེ་པའི་སྡོམ་རྒྱུན་གསར་པ་བཞེས་པ་རེད། དེ་ཕལ་ཆེར་མི་བཞི་ལྔ་ཙམ་ཡོད་པ་ཡོད། དེའི་རྗེས་མུ་མཐུད་རྒྱུ་བྱུང་མེད། ཁ་སྔོན་ཐའེ་ལན་ཌིའི་མི་སྣ་ཁ་ཤས་དང་ཐུག་ནས་སྔོན་ལ་ཐའེ་ལན་ཌིའི་དགེ་འདུན་པ་གསུམ་ཙམ་ཚུར་ཡོང་རྒྱུ་དང་། འདི་ནས་ཕར་དགེ་འདུན་པ་གསུམ་ཙམ་འགྲོ་རྒྱུ་བྱས་ནས་དེ་ལྟར་སྔོན་ལ་ཕན་ཚུན་དཔེ་ཆ་བསླབ་པའི་ཐོག་ནས་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགུལ་བསྐྱར་གསོ་བྱེད་པའི་སྐད་ཆ་བྱུང་བ་དེ་དག་ཧ་ཅང་གལ་ཆེན་པོ་རེད་འདུག དེ་མིན་ཡུལ་གྲུ་ཁག་མི་འདྲ་བ་མང་པོ་ཞིག་ནས་མི་སྣ་བསླེབས་ཡོད། ནང་པའི་ཡུལ་གྲུ་རྒྱ་ནག་ལ་ཆ་བཞག་ན། ཕ་མེས་ནས་ནང་པའི་རྗེས་སུ་འགྲོ་མཁན་ཞིག་རེད། དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། རྒྱ་ནག་དང་འབྲེལ་ནས་ཝི་ཏི་ནམ་དང་། ཀོ་རི་ཡ། ཉི་ཧོང་དེ་དག་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཆགས་ཡོད། དེ་བཞིན་སོག་པོ་ཕལ་ཆེར་ཡོད་རེད། གང་ལྟར་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་བརྒྱུད་འདི་དང་གཅིག་པ་ཆགས་ཀྱི་འདུག སོག་པོ་རང་བཙན་རྒྱལ་ཁབ་དང་ཨུ་རུ་སུའི་ཁོངས་སུ་སོག་རིགས་གང་འཚམ་ཡོད་པ་མ་ཟད། རྒྱ་ནག་ཁོངས་ལ་སོག་རིགས་གང་འཚམ་ཡོད་པ་དེ་དག་ཚང་མ་ང་ཚོ་ཆོས་བརྒྱུད་གཅིག་པ་རེད། དེ་དག་ལོ་རྒྱུས་ཐོག་ནས་ཕ་མེས་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འབྲང་མཁན་ཆགས་ཡོད། བར་སྐབས་འཛམ་གླིང་འདིའི་སྟེང་འབྲེལ་ལམ་ཤུགས་ཆེ་རུ་ཕྱིན་ནས་དེ་སྔ་ནང་ཆོས་དང་འབྲེལ་བ་མེད་པའི་ཡུལ་གྲུ་ཁག་གི་ནང་སངས་རྒྱས་པའི་ཆོས་སྐོར་ལ་དོ་སྣང་གསར་པ་ཡོང་གི་འདུག དེ་རིང་འདིར་དེ་སྔ་ཕ་མེས་ཐོག་ནས་ནང་པའི་ལུང་པ་དང་འབྲེལ་བ་མེད་མཁན་མང་པོ་ཞིག་བསླེབས་འདུག གང་ལྟར་ཁྱེད་རང་ཚོ་ཕ་མེས་ནས་ནང་པ་དང་འབྲེལ་བ་གང་ཡང་མེད་ནའང་སོ་སོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་དོ་སྣང་བྱེད་ཡོང་དུས་སངས་རྒྱས་པའི་ཆོས་དང་། དེའི་ནང་ནས་སངས་རྒྱས་པའི་ལྟ་གྲུབ་ཟེར་བ་འདི་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། དེར་དོ་སྣང་བྱེད་མཁན་ཇེ་མང་འགྲོ་བཞིན་འདུག སྤྱིར་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་མང་པོ་ཡོད་པ་རེད། རྒྱ་གར་ནས་བྱུང་བའི་ཆོས་བརྒྱུད་གྲངས་ཅན་པ་དང་། གཅེར་བུ་བ་སོགས་མུ་སྟེགས་པ་ཁག་མང་པོ་ཡོད། སངས་རྒྱས་པའི་ཆོས་དེ་ཡང་རྒྱ་གར་ནས་བྱུང་བ་རེད། དེ་བཞིན་འཛམ་གླིང་དཀྱིལ་ཤར་ནས་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཡི་ཤུ་དང་། ཇིའུ། ཁ་ཆེ་དེ་ཚོའི་གྲས་ཕལ་ཆེར་འཛམ་གླིང་དཀྱིལ་ཤར་ནས་ཡོང་བ་རེད་འདུག ཆོས་བརྒྱུད་དེ་དག་ཚང་མ་མི་ལ་ཕན་རླབས་ཡོད་པ་ཤ་སྟག་རེད། ཆོས་བརྒྱུད་རང་གི་ཐོག་ནས་རྩིས་པ་ཡིན་ན། བྱམས་བརྩེ་དགོས་རེད་ཅེས་ཆོས་ལུགས་ཚང་མས་གསུང་གི་འདུག འོན་ཀྱང་ཆོས་བྱེད་མཁན་རང་ཉིད་ཆགས་སྡང་གི་གཞན་དབང་དུ་ཕྱིན་ནས་ང་ཚོའི་ཆོས་དང་ཁོ་པ་ཚོའི་ཆོས་ཞེས་ཆགས་སྡང་གི་སྟེང་འགྲོ་བ་ཞིག་ཆགས་ཀྱི་འདུག རྩ་བའི་ཆོས་ལུགས་རང་གི་ཐོག་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་གསུང་མཁན་གཅིག་པ་ཆགས་ཀྱི་ཡོད། ཆོས་ལུགས་ཆུང་ངུ་ལྷ་གསོལ་བྱེད་པ་བཟོ་འདྲ་བོ་དེ་ཚོ་གནས་ཚུལ་ཐ་དད་རེད། གཞན་ལྟ་གྲུབ་ཡོད་པའི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་གཙོ་བོ་གསུང་གི་འདུག དེ་དང་འབྲེལ་ནས་བཟོད་པ། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་དེ་དག་ཆོས་ལུགས་གཙོ་ཆེ་བ་ཚང་མའི་ནང་གཅིག་པ་ཆགས་ཀྱི་འདུག ཅེས་གསུངས་སོང་།
དེའི་རྗེས་འཛམ་གླིང་ཆོས་ལུགས་དང་ཆོས་བརྒྱུད་གྲུབ་མཐའ་ཁག་གི་མཐུན་སྒྲིལ་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་ཁག་དེ་དག་གིས་འདས་པའི་ལོ་སྟོང་ཕྲག་གཉིས་ལྷག་རིང་མི་ལ་ཕན་ཐོགས་ཡོད། ད་ལྟ་ཡིན་ནའང་ཆོས་བརྒྱུད་ཁག་དེ་དག་གི་རྗེས་སུ་འབྲང་མཁན་མི་ས་ཡ་མང་པོ་ཡོད་པ་རེད། འབྱུང་འགྱུར་ཡིན་ནའང་ཆོས་བརྒྱུད་ཁག་དེ་དག་གིས་མུ་མཐུད་མི་ལ་ཕན་ཐོགས་ཡོང་ངེས་རེད། དེར་བརྟེན་ང་ཚོའི་ཆོས་ལུགས་དང་ཁོ་པ་ཚོའི་ཆོས་ལུགས་ཟེར་ནས་འཐེན་འཁྱེར་བྱེད་པའི་གཞི་རྩ་ཁྱོན་ནས་མི་འདུག ཆོས་ལུགས་ཚང་མ་དངོས་གནས་མཐུན་པོ་བྱེད་དགོས། མཐུན་པོ་ཡོང་རྒྱུའི་རྩ་བ་གཅིག་གིས་གཅིག་ལ་གུས་ཞབས་དགོས། དད་པ་དང་གུས་པ་དབྱེ་བ་འབྱེད་དགོས། དད་པ་བྱེད་ས་ནི་སོ་སོའི་ཆོས་ལུགས་དང་གུས་པ་ནི་ཆོས་ལུགས་ཚང་མར་བྱེད་དགོས་པ་ཞིག་ཆགས་ཡོད། དེ་ལྟར་འཛམ་གླིང་འདིའི་སྟེང་ཆོས་ལུགས་མཐུན་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་མཐུན་སྒྲིལ་ཡོང་གི་རེད་དམ་ཞེ་ན། ཡོང་ཐུབ་ཀྱི་རེད། རྒྱ་གར་དཔེ་མཚོན་ཡག་ཤོས་རེད། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་རྒྱ་གར་ནང་ཡོད། རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་ཡག་པོ་རེད་འདུག རྒྱ་གར་ལུང་པ་ཆེན་པོ་འདི་འདྲའི་ནང་ཆོས་ལུགས་འདྲ་མིན་དེ་དག་འཆམ་མཐུན་ངང་གནས་ཐུབ་ཀྱི་ཡོད་སྟབས། འཛམ་གླིང་སྤྱི་ལ་ཡིན་ནའང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཞིག་ཏན་ཏན་རེད་འདུག དེར་བརྟེན་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མ་མི་ལ་ཕན་ཐོགས་བྱེད་མཁན་ཞིག་དང་། བྱམས་བརྩེའི་བསླབ་བྱ་སྟོན་མཁན་གཅིག་གྱུར་ཡིན་པའི་ཆ་ནས་ཆོས་ལུགས་ཚང་མར་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། ཅེས་གསུངས་སོང་།
ཡང་ཁོང་གིས། དེང་སང་འཛམ་གླིང་ནང་མིས་མི་ལ་ཐུབ་ཚོད་དང་གསོད་རེས་བྱེད་པ་སོགས་ཤུགས་ཆེར་བྱུང་གི་ཡོད་པ་དང་། འཛམ་གླིང་གི་ག་ས་གང་དུ་ཤེས་ཡོན་སློབ་སྦྱོང་ཧ་ཅང་གལ་ཆེན་པོར་མཐོང་སྟེ་འགྲོ་སོང་ཤུགས་ཆེན་བཏང་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་སློབ་སྦྱོང་དེ་ཕྱི་དངོས་པོའི་ཡར་རྒྱས་ལ་དམིགས་པ་མ་གཏོགས་ནང་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་ཞིག་རེད་མི་འདུག དེ་ཡིན་དུས་འཛམ་གླིང་འདིར་མིས་མི་ལ་སྡུག་བསྔལ་དང་དཀའ་ངལ་མང་པོ་ཞིག་བཟོས་བསྡད་པ་དེ། ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཕྱི་དངོས་པོ་རྐྱང་རྐྱང་གི་སྒང་ལ་འགྲོ་བསྡད་པ་མ་གཏོགས་ནང་སེམས་ཀྱི་ཞི་བདེའི་ཐོག་བསམ་བློ་མ་བཏང་བའི་རྐྱེན་གྱིས་ཡིན་པ་རེད། མིའི་ལྷན་སྐྱེས་བྱམས་བརྩེའི་རང་བཞིན་ཞིག་ཡོད་བསྡད་པ་དེ་ཡར་རྒྱས་འགྲོ་མ་ཐུབ་པར་ཆགས་སྡང་གིས་དངོས་པོའི་ཡར་རྒྱས་རྐྱང་རྐྱང་ལ་བསམ་བློ་བཏང་བསྡད་ཡོད་པ་རེད། ད་ལྟ་ང་ཚོར་ཡོད་བསྡད་པའི་དེང་རབས་ཤེས་ཡོན་གྱིས་ཕྱི་དངོས་པོའི་ཡར་རྒྱས་ཙམ་ལ་མ་གཏོགས་འདང་གི་མི་འདུག་ཅེས་ཤེས་ཡོན་པ་མང་པོས་བཤད་ཡོང་གི་འདུག ང་ཚོ་བོད་པ་ཚོར་མིའི་རྣམ་དཔྱོད་ཀྱི་བསམ་བློ་གཏོང་ཐུབ་པའི་ཤེས་ཡོན་ཞིག་ཡོད་དུས། དེ་ད་དུང་མུ་མཐུད་ཡར་རྒྱས་གཏང་སྟེ་གཞན་ལ་ཞབས་འདེགས་ཞུ་ཐུབ་པ་བྱ་དགོས་པ་དང་། དེ་སྒྲུབ་ཐུབ་པའི་ཆ་རྐྱེན་ང་ཚོར་ཡོད་བསྡད་པ་ཞིག་རེད། ཅེས་གསུངས་སོང་།
ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་བཅར་བ་ ༣༠༠༠ བརྒལ་བར་མཇལ་ཁ་སྩལ་གནང་རྒྱུ་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
༄༅། ན་གཞོན་གཙོས་མི་མང་སྟོང་ཕྲག་ཁ་ཤས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱོད་འཇུག་
ཆེན་མོའི་གསུང་ཆོས་གནང་རྒྱུར་རྡ་ས་ནང་ཆོས་གོ་སྒྲི་ཚོགས་ཆུང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་
ལ་བཀྲིས་བདེ་ལེགས་དང་བསྔགས་བརྗོད་ཞུ་གི་ཡོད།