འདི་ལོའི་ཕྱི་ཟླ་ ༩ པའི་ནང་ནས་བཟུང་ཐའེ་ཝན་གཞུང་གིས་དབྱིན་ཡིག་གཞུང་འབྲེལ་སྐད་ཡིག་ཏུ་བཟོ་བའི་ཤེས་ཡོན་སྲིད་བྱུས་མགོ་འཛུགས་བྱ་རྒྱུ་ཡིན་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ན་ནིང་ཕྱི་ཟླ་ ༡༠ པ་ནས་བཟུང་ཐའེ་ཝན་གྲོས་ཚོགས་ནང་གྲོས་མོལ་བྱུང་བ་བརྒྱུད། འདི་ལོ་ནས་དབྱིན་ཡིག་ཐའེ་ཝན་གྱི་གཞུང་འབྲེལ་སྐད་ཡིག་ཏུ་བཟོ་རྒྱུ་གཏན་འཁེལ་བྱུང་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་དེའི་དམིགས་ཡུལ་ནི། ཐའེ་ཝན་མི་མང་དབྱིན་སྐད་ལ་བྱང་ཆུབ་པ་དང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གོ་སྐབས་དམ་འཛིན་བྱེད་ཐུབ་ཆེད་སོགས་ཡིན་སྐོར་བརྗོད་འདུག
ཡང་ཐའེ་ཝན་སྲིད་བློན་ཝེ་ལིམ་ལི་ལགས་ཀྱིས། ང་ཚོས་དབྱིན་ཡིག་ཐའེ་ཝན་གྱི་གཞུང་འབྲེལ་སྐད་ཡིག་ཏུ་བཟོས་ཏེ། ཐའེ་ཝན་སྐད་གཉིས་སྨྲ་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་དང་། ལྷག་པར་དུ་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་ལོ་ཆུང་བྱིས་པ་ཚོ་ནས་བཟུང་སྐད་གཉིས་སློབ་ཚན་འཁྲིད་དུ་འཇུག་རྒྱུ་ཡིན་ལ། རིག་གཞུང་ནི་ང་ཚོའི་ལྟེ་བ་ཡིན། དབྱིན་སྐད་ནི་ང་ཚོའི་རྐང་པ་ལྟ་བུ་ཡིན། ཞེས་བརྗོད་ཡོད་པ་དང་། དབྱིན་ཡིག་ནི་ཐའེ་ཝན་གྱི་གཞུང་འབྲེལ་སྐད་ཡིག་གཉིས་པ་དེ་ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༠ ལོའི་ཐའེ་ཝན་གཞུང་གི་གྲངས་ཐོ་ལྟར་ན། ཐའེ་ཝན་ནང་རྒྱ་སྐད་བཤད་མཁན་མི་འབོར་བརྒྱ་ཆ་ ༨༣.༥ དང་། ཐའེ་ཝན་སྐད་བེད་སྤྱོད་གཏོང་མཁན་བརྒྱ་ཆ་ ༨༡.༩། དེ་བཞིན། ཧ་ག་ཞེས་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་བརྒྱ་ཆ་ ༦.༦ དང་། དབྱིན་སྐད་བེད་སྤྱོད་གཏོང་གི་མེད་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༨༠ ལས་ཐའེ་ཝན་དབྱིན་སྐད་བཤད་མི་ཤེས་པའི་རྒྱལ་ཁབ་ཨང་ ༤༠ པར་རྩི་ཡི་ཡོད་སྟབས། ཐའེ་ཝན་གྱི་དབྱིན་སྐད་བེད་སྤྱོད་གཏོང་བའི་ཚད་གཞི་དམའ་བོ་ཡིན་འདུག
སྤྱི་ཚོགས་དཔྱད་བརྗོད་པ་ཚོས་དབྱིན་སྐད་ཐའེ་ཝན་གྱི་གཞུང་འབྲེལ་སྐད་ཡིག་བཟོ་རྒྱུ་ནི་རྒྱལ་ཁབ་ཀྱི་ངོ་བོ་ལ་ཉེན་ཁ་ཞིག་ཆགས་ཡོད། ཅེས་བརྗོད་འདུག་ལ། ཐའེ་ཝན་གྱི་དབྱིན་ཡིག་དྲ་རྒྱ་ཐའེ་པའེ་དུས་བབ་(Taipei Times)ཞེས་པའི་རྩོམ་སྒྲིག་པའི་གཏམ་ནང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་འགྲན་རྩོད་གལ་ཆེན་པོ་ཡིན་ཡང་། རྒྱལ་ཁབ་རང་གི་ངོ་བོ་དང་རིག་གཞུང་། དེ་བཞིན་སྲོལ་རྒྱུན་བཅས་ནི་མི་སྒེར་དང་རྒྱལ་ཁབ་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེན་ཡིན། དམིགས་བསལ་ཉེ་བའི་ལོ་བཅུ་ཕྲག་འགའི་གོང་ཙམ་ལ་བཙན་རྒྱལ་རིང་ལུགས་དང་སྲིད་དབང་སྒེར་འཛིན་པའི་མངའ་འོག་ནས་རང་དབང་ཐོབ་པའི་རྒྱལ་ཁབ་ཞིག་ལ་དེ་བས་ཀྱང་གལ་ཆེན་པོ་ཡིན། ཞེས་བརྗོད་ཡོད་འདུག
བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཕྱི་ལོ་ ༡༩༤༩ ནས་ ༡༩༨༧ བར་ཐའེ་ཝན་གུང་མིན་ཏང་སྲིད་གཞུང་གིས་ཐའེ་ཝན་སྐད་ཡིག་ཁྱབ་སྤེལ་ཆེད། གདོང་མའི་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་བར་བཀག་འགོག་བྱས་པར་བརྟེན། ད་ལྟའི་ཆར་གདོད་མའི་སྐད་ཡིག་བེད་སྤྱོད་གཏོང་མཁན་སྤྱིའི་མི་འབོར་ལས་བརྒྱ་ཆ་ ༡.༤ ལས་མེད་པ་རེད། ན་ནིང་ཐའེ་ཝན་གྲོས་ཚོགས་ཀྱིས། ཐའེ་ཝན་གྱི་གདོད་མའི་སྐད་ཡིག་ལ་རྒྱལ་ཡོངས་ངོས་འཛིན་སྤྲད་དེ་གདོད་མའི་སྐད་ཡིག་གི་ལོ་རྒྱུས་རང་བཞིན་སྲུང་སྐྱོབ་དང་ཁྱབ་སྤེལ་བཏང་སྟེ། སྐད་ཡིག་སྲུང་སྐྱོབ་རྒྱུན་འཛིན་བྱེད་དགོས་པའི་སྐུལ་མ་གནང་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
བསམ་ཚུལ།
ཐའེ་ཝན་གུང་མིན་ཏང་སྲིད་གཞུང་གིས་རྒྱའི་སྐད་ཡིག་ཁྱབ་སྤེལ་གཏོང་ཆེད་ཐའེ་ཝན་སྐད་དང་།
གདོང་མའི་མི་རིགས་ཀྱི་སྐད་བེད་སྤྱོད་གཏོང་བར་བཀག་འགོག་བྱས་པ་རེད་བསམས་བྱུང་།