དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་བཞུགས་སྒར་དྷ་རམ་ས་ལའི་སེར་སྐྱ་མི་མང་གི་ཕེབས་སྐྱེལ་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡུ་རོབ་རྒྱལ་ཁབ་སི་ཝེ་ཌན་དང་ནེའུ་ཌིར་ལན་ཌི། འཇར་མན། སུད་སི་བཅས་ཀྱི་ནང་གི་མཛད་འཆར་ཆེད་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གནང་སོང་།སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སི་ཝེ་ཌན་མལ་མའོ་གྲོང་ཁྱེར་གྱི་ཨ་ཡེ་ཨེམ་(Individuell Människohjälp (IM))ཞེས་པའི་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མལ་མའོ་ལེ་ཧྥུ་(Malmö Live)ཞེས་པའི་ཚོགས་ཁང་དུ་ཞི་བདེ་དང་བདེ་སྐྱིད་སྒྲུབ་ཐབས་(Happiness and Peace)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག
དེ་ནས་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་ས་གནས་དེའི་(Stichting Bezoek Zijne Heiligheid Dalai Lama) ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)གྱི་ཨ་ཧོ་རོ་ཊིར་ཌམ་(Ahoy Rotterdam) ཚོགས་ཁང་དུ། དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་(Why Compassion is Essential in our Troubled World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་གནང་རྒྱུ་དང་། ཚེས་ ༡༧ ཉིན་ཨ་ཧོ་རོ་ཊིར་ཌམ་( Ahoy Rotterdam) ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
ཚེས་ ༡༩ ཉིན་གྱི་སྔ་དྲོར་འཇར་མན་གྱི་ཌར་མ་སུ་ཊ་ཊྲི་གྲོང་ཁྱེར་དུ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ཚོགས་འདུར་དབུ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༢༡ དང་ ༢༢ ཉིན་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར་སུད་སི་ཛི་རིག་གྲོང་ཁྱེར་དུ་རི་ཀོན་ཆོས་འཁོར་དགོན་དང་། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཛི་རིག་ཧ་ལེན་སཊ་ཌིཨོན་(Zurich Hallenstadion) ཚོགས་ཁང་དུ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
Hello
ཤ་ཀྱའི་རྒྱལ་པོའི་རིང་ལུགས་འཛིན་པའི་དཔལ་།
ཤ་ཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ་མཆོག་།
ཤ་ཀྱའི་བསྟན་པ་ལུང་རྟོགས་འཆད་ཉན་སྤེལ་།
ཤ་ཀྱ་མུ་ནི་གཉིས་པ་ཁྱེད་ཕྱག་འཚལ་།
གངས་རིའི་ལྗོངས་སུ་སྐུ་ཡིས་ངོ་མཚར་བལྟམས་།
གངས་སེང་དཀར་པོའི་གཡུ་རལ་འཛམ་གླིང་ཁྱབ་།
གངས་རིའི་རྩེ་ནས་ཞི་བདེའི་ཉི་འོད་ཤར་།
གངས་སེང་དཀར་པོའི་འཛམ་གླིང་ཞི་བདེར་རྒྱུར་།