བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཉེ་ཆར་བྱུང་བའི་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་གི་གཏོར་རྒོལ་དང་འབྲེལ་བའི་གསལ་འགོད་གསལ་བསྒྲགས་ཞིག་སྤེལ་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཉེ་ཆར་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་དུ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོམ་བྱུང་བར་སེམས་འཚབ་དང་བཅས། གནད་དོན་དེ་ཉིད་དུས་ཐོག་ཏུ་སེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་དང་། ལྷོ་ཨ་ཧྥི་རི་ཁའི་གཞུང་དང་འབྲེལ་ཡོད་ལས་ཁུངས་ནས་དོ་སྣང་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
གསར་འགོད་གསལ་བསྒྲགས་དེའི་ནང་། ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༦ སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བྱུང་ཡོད་ཀྱང་། སྐབས་དེར་གནོད་འཚེ་དེ་ཙམ་ཆེན་པོ་བྱུང་མེད་པའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག ཉེ་ཆར་ལྷོ་ཨ་ཕ་རི་ཀའི་སྐུ་ཚབ་དོན་གཅོད་ཁང་དུ་བྱུང་བའི་མཁར་དངོས་མེར་སྲེག་གི་དོན་རྐྱེན་ཁྲོད་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམས་ལ་གནོད་འཚེ་ཕོག་མེད་ཀྱང་། དོན་རྐྱེན་དེས་ལས་བྱེད་རྣམས་ཀྱི་བདེ་འཇགས་དང་། སྐུ་ཚབ་དོན་ཁང་དང་དེའི་ས་ཁང་ཁོར་ཡུག་གི་སྲུང་སྐྱོབ་ཐད་སེམས་འཚབ་སྐྱེ་དགོས་པ་ཞིག་ཆགས་ཡོད། ཅེས་བཀོད་འདུག
གནད་དོན་དེ་སེལ་ཐུབ་པའི་རེ་སྐུལ་གྱི་ཐད་ནས། སྐབས་དེར་ལྷོ་ཨ་ཕི་རི་ཀའི་ཛ་དྲག་ཞབས་ཞུ་དང་ཉེན་རྟོག་པའི་དུས་ཐོག་ཡ་ལན་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་ཆབས་ཅིག འབྲེལ་ཡོད་དབང་འཛིན་པ་ཚོས་གནས་ཚུལ་དེའི་ཐོག་ཞིབ་ཚགས་དང་། ཕྱོགས་རིས་མེད་པ། དུས་ཐོག་བཅས་ཁྲིམས་ལུགས་ལྟར་བཅད་གནང་དགོས་པ་དང་། མ་འོངས་པར་འདི་ལྟ་བུའི་གནས་ཚུལ་མི་ཡོང་བའི་ཐབས་ལམ་འཚོལ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་དང་།
དོན་གཅོད་ཁང་གི་ལས་དོན་མུ་མཐུད་སྒྲུབ་ཐུབ་པའི་ཐད་ནས། ང་ཚོས་ཞི་བདེ་དང་། བྱམས་བརྩེ། གྲོས་མོལ། འཚེ་མེད་ཞི་བའི་གཞི་རྩའི་རྩ་དོན་གྱིས་ལམ་སྟོན་འོག་ལྷོ་ཨ་ཕི་རི་ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དང་ཁྲིམས་ལུགས་ལ་བརྩི་བཀུར་ཞུ་ཡི་ཡོད། ང་ཚོས་གནད་དོན་འདི་ཁྲིམས་མཐུན་གྱི་བརྒྱུད་རིམ་བརྒྱུད་ནས་ཐག་གཅོད་ཐུབ་པ་དང་། ལས་བྱེད་རྣམས་ཀྱི་བདེ་འཇགས་དང་བདེ་ཐང་། ལས་ཁུངས་ཀྱི་བྱེད་སྒོ་བཅས་མུ་མཐུད་སྒྲུབ་ཐུབ་པའི་ཆེད་དུ་དགོས་ངེས་ཀྱི་བྱེད་ཐབས་ལག་བསྟར་གནང་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བཀོད་འདུག
ཟླ་འདིའི་ཚེས་ ༡༤ ཉིན་གནས་ཚུལ་དེ་བྱུང་བའི་རྗེས་ནས་བཟུང་ད་བར་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཌེ་སི་མོན་ཌི་དང་ལའེ་ཊུ་ཊུ་ཡི་མཛད་རྗེས་ཐེབས་རྩ་ (Desmond & Leah Tutu Legacy Foundation)། དབྱིན་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Free Tibet། དེ་བཞིན་ལྷོ་ཨ་ཧྥི་རི་ཁའི་ནང་གི་ཁ་ན་ཌའི་གཞུང་ཚབ་ཁང་ (High Commission of Canada in South Africa) སོགས་ཀྱིས་དྲག་རྒོལ་དེར་སྐྱོན་བརྗོད་དང་བོད་ཀྱི་དོན་གཅོད་ཁང་ལ་གདུང་སེམས་མཉམ་བསྐྱེད་བྱས་ཡོད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
