སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཛིན་སྐྱོང་སྦྱོང་བརྡར་ཁང་འདི་བརྒྱུད་སྦྱོང་བརྡར་ཡག་པོ་ཞིག་སྤྲོད་ཐུབ་པ་ཡིན་ན་ཏན་ཏན་སྒེར་དང་སྤྱི་ཕན་གཉིས་ཀྱི་ལས་དོན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འཁྲིས་སུ་ཡོད་པའི་དབུས་བོད་ཀྱི་སྣེ་ལེན་ཁང་དུ། གཞུང་འབྲེལ་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་(Administrative Training and Welfare Society)ཐོན་མི་ཚོགས་ཁང་ཞེས་པ་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་པའི་བཀའ་བློན་དང་། སྲི་ཞུའི་ལས་བྱེད་པ་ཁག་ཅིག དེ་བཞིན། བོད་ཀྱི་སྨན་རྩིས་ཁང་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་ཟློས་གར་ཚོགས་པ། སམ་བྷོ་ཊ། བོད་ཁྱིམ་སློབ་གྲྭ་སོགས་ཀྱི་འགན་འཛིན་རྣམ་པ་དང་སྣེ་ལེན་ཁང་གི་དབུ་ལས་བཅས་ཁྱོན་མི་གྲངས་ ༦༠ ལྷག་འཛོམས་འདུག
མཛད་སྒོའི་ཐོག་འཛིན་སྐྱོང་སྦྱོང་བརྡར་ཁང་དང་བདེ་དོན་ཚོགས་པའི་དྲུང་ཆེ་ཀརྨ་རིན་ཆེན་ལགས་ནས་ཚོགས་པ་ངོ་སྤྲོད་གནང་སྐབས། ད་ལྟའི་སྣེ་ལེན་ཁང་འདི་ཕྱི་ལོ་ ༢༠༡༠ ལོར་གསར་རྒྱག་བྱས་པ་ནས་བཟུང་། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཏེ། ད་ལྟའི་གནས་སྐབས་སུའང་བོད་ནང་ཆབ་སྲིད་ཀྱི་དམ་དྲག་ཤུགས་ཆེན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ད་ལྟའི་སྣེ་ལེན་ཁང་གི་ས་ཁང་གི་གཞི་རྒྱ་དེ་ཆེན་པོ་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་སྣེ་ལེན་ཁང་གི་ས་ཁང་འོས་འཚམ་ཞིིག་བེད་སྤྱོད་གཏོང་ཐུབ་ཀྱི་མེད་པ་རེད། དེར་བརྟེན། ཕྱི་ལོ་ ༢༠༡༤ ལོར་བཀའ་ཤག་གིས་སྣེ་ལེན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། གཞུང་འབྲེལ་ཚོགས་འདུ་སོགས་གོ་སྒྲིག་གནང་དགོས་པའི་བཀའ་བཏང་བ་གཞིར་བཟུང་། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ བར་སྣེ་ལེན་ཁང་ལ་ཅི་དགེའི་མཐུན་རྐྱེན་ཚང་བ་ཞིག་མེད་ནའང་། ཟབ་སྦྱོང་དང་ཚོགས་འདུ་ཁག་ཁ་ཤས་ཤིག་གོ་སྒྲིག་བྱེད་ཐུབ་པ་བྱུང་བ་རེད། དེ་ནས་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ རྩིས་ལོའི་ནང་བཀའ་ཤག་ནས་སྣེ་ལེན་ཁང་དུ་སྔར་ཡོད་མཐུན་རྐྱེན་གྱིས་འདང་གི་མེད་པར་གཟིགས་ཏེ། འཐུས་སྒོ་ཚང་བ་དང་ཚད་དང་ལྡན་པའི་འཛིན་ཁང་དང་ཉལ་ཁང་། ད་ལྟའི་ཚོགས་ཁང་འདི་ལ་སོགས་པ་མང་པོ་ཞིག་གསར་རྒྱག་མགོ་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ལ་ཨར་ལས་ཆ་ཚང་བ་མཇུག་སྒྲིལ་བ་རེད། ད་ལྟའི་གནས་བབ་ལ་ཐོག་ཁང་འདིའི་ནང་ཚོགས་ཁང་ཆེ་བ་གཅིག་དང་། འབྲིང་བ་གཅིག ཆུང་བ་གཉིས། དེ་བཞིན། ཟབ་སྦྱོང་སྤྲོད་མཁན་དང་མཉམ་ཞུགས་གནང་མཁན་བཅས་ལ་ཁྱོན་བཞུགས་ཁང་ ༣༡ གི་མཐུན་རྐྱེན་ཡོད་ཅེས་བརྗོད་སོང་།
ཡང་ཚོགས་པའི་སྐོར་ལ་ཁོང་གིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྦྱོང་བརྡར་ཁང་དེར་ཚོགས་པ་ཞིག་གསར་དུ་བཙུགས་ཏེ། རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱེད་དགོས་པའི་བཀའ་ཕེབས་པ་བཞིན། འབྲེལ་ཡོད་ཁག་ནས་ལམ་སྟོན་དང་ཡིག་ཆ་སོགས་གྲ་སྒྲིག་བྱས་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༦ ནང་དངོས་སུ་རྒྱ་གར་གཞུང་ལ་ཚོགས་པ་དེབ་སྐྱེལ་གྱི་སྙན་ཞུ་ཕུལ་བ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ ཉིན་ཚོགས་པ་དེབ་སྐྱེལ་ཞུ་ཐུབ་ཡོད་པ་དང་། མ་འོངས་པར་ཚོགས་པའི་དམིགས་ཡུལ་ཇི་བཞིན་འགྲོ་ཐུབ་པར་འབྲེལ་ཡོད་ཚང་མས་ལམ་སྟོན་དང་རྒྱབ་སྐྱོར་མུ་མཐུད་གནང་དགོས་སྐོར་སོགས་བརྗོད་སོང་།
བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། སྤྱིར་བཏང་སྐད་ཆ་མང་པོ་བཤད་མི་དགོས་པར་ཚོགས་གཞོན་མཆོག་ནས་འགྲེལ་བཤད་བསྐྱོན་པ་ནང་བཞིན་རེད། ང་ལ་རེ་བ་ཞིག་ཡོད་པ་ནི་མ་འོངས་པར་ལས་ཁུངས་ཁག་དང་ཚོགས་པ་ཁག་ཚང་མས་ཚོགས་པ་འདི་ཡར་རྒྱས་འགྲོ་བར་རོགས་རམ་མཐུན་སྦྱོར་གནང་བར་ང་རང་གིས་རེ་བ་ཞུས་པ་ཡིན། དེ་མིན་ལས་གཞིའི་མགོ་ནས་མཇུག་བར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཐུགས་འཁུར་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་འདིར་བདེ་སྲུང་ལས་ཁུངས་དང་སྣེ་ལེན་འབྲེལ་མཐུད་ཁང་ནས་བཀའ་ཕེབས་པ་གཞིར་བཟུང་གིས་འཁྱུག་ཙམ་ཞིག་ཡོང་རྒྱུ་བྱུང་། དེར་བརྟེན། གོང་དུ་བདེ་སྲུང་གི་འཛིན་སྐྱོང་དྲུང་ཆེ་དང་བདེ་སྲུང་བཀའ་བློན་མཆོག་གི་བཀའ་སློབ་ཐོག་ནས་ཚོགས་པའི་དམིགས་ཡུལ་དང་ལས་རིམ་རྣམ་གཞག་རོབ་ཙམ་ཞིག་མ་གཏོགས་ཞིབ་ཕྲ་ཅི་ཤེས་མ་བྱུང་བས། དེ་རིང་དམིགས་བསལ་ཐུགས་ཕན་གསོས་པའི་གཏམ་བཤད་གང་ཡང་ཞུ་ཤེས་ཀྱི་མི་འདུག རྩ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་རེད། ང་ཚོའི་སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན་ཟེར་བ་དེའི་ནང་གཙོ་བོ་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་བདེ་ཐབས། དེ་བཞིན། བོད་ཀྱི་ཁོར་ཡུག་ཐོག་ཚང་མས་དོ་སྣང་དང་འགན་འཁུར་དགོས་པ་སོགས་དབུས་དང་ས་གནས་གང་ཡིན་ཡང་གལ་ཆེན་པོར་བརྩི་དགོས་པ་ཞིག་ཏུ་མཐོང་གི་ཡོད། དེ་རིང་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁང་འདི་ལྟ་བུ་ཡིན་ནའང་། ཐོག་མའི་དམིགས་ཡུལ་གཞིར་བཟུང་ཚོགས་མི་རྣམས་དང་། ཚོགས་པ་དེབ་སྐྱེལ་བྱེད་སྟངས་སོགས་ལ་བལྟས་ཡོང་དུས། མ་འོངས་པར་ཕུགས་ལ་ཕན་ཐོགས་དང་ནུས་པ་ཡོད་པ་ཞིག་ཏུ་མཐོང་སོང་བས། ཕྱག་ལས་གནང་མཁན་དང་འགན་འཁུར་མཁན་ཚང་མས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། རྩ་བའི་འཛིན་སྐྱོང་སྦྱོང་བརྡར་ཁང་འདི་སྣེ་ལེན་ཁང་གི་ནང་ཆགས་བསྡད་ཡོད་པ་རེད། ད་ལྟ་སྣེ་ལེན་ཁང་ལྟ་བུ་ཡིན་ན་བོད་ནས་གསར་དུ་ཕེབས་མཁན་ཡོད་པ་མ་རེད་དེ། མ་འོངས་པར་ཕེབས་མཁན་ཡོད་སྲིད་པ་ཞིག་རེད། དེ་ཡིན་དུས། སྣེ་ལེན་ཁང་གི་ས་ཁང་སོགས་རྒྱ་ཆེ་ཐག་ཆོད་ཡོད་པ་སོགས་བེད་སྤྱོད་གཏོང་ཐུབ་པ་ཡིན་ན། ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཆགས་འདུག་བསམས་སོང་། དེ་ནས་འཛིན་སྐྱོང་སྦྱོང་བརྡར་ཁང་འདི་བརྒྱུད་གཙོ་བོ། ང་ཚོའི་འཛིན་སྐྱོང་གི་ལས་ཀའི་རྣམ་གཞག་སྟེ་ཞིབ་ཕྲ་ཞུས་པ་ཡིན་ན། ཆོས་དང་རིག་གཞུང་། དཔལ་འབྱོར། འཕྲོད་བསྟེན། བོད་དོན་ཁྱབ་བསྒྲཊ བཙན་བྱོལ་བོད་མིའི་ཤེས་ཡོན་སོགས་ཀྱི་ཐོག་སྦྱོང་བརྡར་ཡག་པོ་ཞིག་སྤྲད་གནང་སྟེ། དེ་བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་པ་ཙམ་མ་ཟད། འཛམ་གླིང་ནང་ལོགས་ཀྱི་དོ་སྣང་ཅན་ཚང་མར་ཁྱབ་ཐུབ་པ་ཡིན་ན། ཏན་ཏན་སྒེར་དང་སྤྱི་ཕན་གཉིས་ཀྱི་ལས་དོན་ཞིག་ཆགས་ཀྱི་ཡོད། ཅེས་གསུངས་སོང་།
མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཁང་པ་གསར་རྒྱག་ལེགས་པར་གྲུབ་སྟེ་ཚོགས་ཁང་གསར་པ་དང་འཛིན་ཁང་གསར་པ། ཉལ་ཁང་བཅས་ཚང་མ་ཡག་ཐག་ཆོད་ཡོད་པས། མ་འོངས་པར་ལས་ཁུངས་ཁག་དང་སྨན་རྩིས་ཁང་གཙོས་ནོར་བུ་གླིང་ག བོད་ཁྱིམ་དང་སམ་བྷོ་ཊ་སོགས་ནས་ཟབ་སྦྱོང་རིགས་ག་འདྲ་ཞིག་གནང་དགོས་བྱུང་ཚེ། དང་པོ་དེ་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་ལ་ཕེབས་རོགས་ཞེས་ཞུ་རྒྱུ་གཙོ་བོ་དེ་ཡིན། ཞེས་དང་། གཞི་རྩའི་ཁོང་གིས་སྲིད་སྐྱོང་བྱས་ཏེ་སྲིད་བསྐྱངས་ནས་འགྲོ་ཡི་ཡོད་ཀྱང་། གངས་སྐྱིད་ཀྱི་བོད་ཁང་ཆེན་མོ་གཙོས་ལས་ཤག་དང་། ལས་ཁུངས་ཁག དེ་བཞིན། སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་སོགས་མང་པོར་ལྟ་དགོས་ཡོད་དུས། མཚསམས་མཚམས་ཨར་པོ་ཡང་སྐྱོང་དགོས་པ་ཆགས་ཀྱི་ཡོད་སྐོར་དང་། ཉམས་མྱོང་ཐོག་ནས་བལྟས་ཡོང་དུས་དྷ་རམ་ས་ལའི་ཆར་བ་ནི་ལྕགས་ཡིན་ཡང་འགོག་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་ནའང་། ད་རེས་ཚོགས་ཁང་དེའི་ཐོག་ཏུ་ཆར་བ་འགོག་ཐབས་སུ་དམིགས་བསལ་ཤིང་ལེབ་བརྟིངས་ཡོད་པ་མ་ཟད། ཟབ་སྦྱོང་སྤྲོད་མཁན་དང་མཉམ་ཞུགས་གནང་མཁན་བཅས་ལ་ཉལ་ཁང་སོགས་ཀྱི་མཐུན་རྐྱེན་ཡགཐག་ཆོད་ཡོད་པ་དང་། དེ་སྔ་དང་མི་འདྲ་བར་ཚོགས་པ་དེབ་སྐྱེལ་བྱས་ཏེ་དངུལ་ཡང་ལེན་ཆོག་པ་བཟོས་ཡོད་སྐོར་སོགས་གསུངས་སོང་།
གསར་འགོད་པས་འཛིན་སྐྱོང་སྦྱོང་བརྡར་ཁང་གི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་ཚོགས་ཁང་ཉམས་གསོ་དང་གསར་རྒྱག་ཆེད་འགྲོ་གྲོན་ག་ཚོད་ཅིག་ཕྱིན་ཡོད་པ་དང་། འཛིན་སྐྱོང་སྦྱོང་བརྡར་ཁང་དེར་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་ཟབ་སྦྱོང་སྤྲོད་ཆོག་གི་ཡོད་མེད་དྲིས་པར་ཁོང་གིས། ཚོགས་ཁང་གསར་པ་དང་སྡོད་ཁང་ ༡༨ བཟོ་བཅོས་ཆེད་ཧིན་སྒོར་འབུམ་ ༡༢༠ ལྷག་ཅིག་ཕྱིན་ཡོད་པ་དང་། ད་ལྟའི་ཆར་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་གཞུང་འབྲེལ་རང་གི་ཟབ་སྦྱོང་སྤྲོད་ཀྱི་ཡོད། འོན་ཀྱང་། མ་འོངས་པར་རིག་གནས་ཀྱི་ཁྱབ་ཁོངས་དང་འབྲེལ་ཏེ་བོད་ཀྱི་སྨན་རྩིས་ཁང་གཙོས་ཟློས་གར་ཚོགས་པ་དང་། དཔེ་མཛོད་ཁང་། ནོར་གླིང་། བོད་ཁྱིམ་སོགས་ཀྱིས་བཀའ་ཤག་གི་སར་ནས་བཀའ་འཁྲོལ་ཞུས་རྗེས་ཟབ་སྦྱོང་སྤྲོད་ཆོག་གི་ཡོད་སྐོར་བརྗོད་བྱུང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
ཁང་སྟོངས་མང་གི་ཡ།